གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

[ཟླ་ཚེས། 2020-09-11 11:06:04][རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་དང་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་མཚོ་ལྷོ་དུང་དཀར་དགོན་དུ་འཚོགས་པ།

སྤྱི་ལོ་༢༠༢༠ལོའི་ཟླ་བ་༩ཚེས་༧ཉིན་ནས་ཟླ་བ་༩ཚེས་༡༡ཉིན་བར།

  རབ་བྱུང་བཅུ་བདུན་པའི་ནང་ཚན་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་འབྲས་ལྡན་དུས་ཀྱི་ཆ་སྟེ་སྤྱི་ཟླ་དགུ་བའི་ནང་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་མཚོ་སྔོན་ཞིང་ཆེན་ཆབ་ཆ་གྲོང་རྡལ་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་འཚོགས་པ།



  ཟླ་9ཚེས་8ཉིན་གྱི་ཞོགས་པའི་ཆུ་ཚོད་8:30སྟེང་ཚོགས་ཞུགས་པ་ཡོངས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ལུང་ཧའོ་མགྲོན་བྲང་ཆེན་མོ་ནས་ཆས་ཏེ་དུང་དཀར་སྨིན་གྲོལ་གཤེན་བསྟན་དར་རྒྱས་གླིང་གི་ཕྱོགས་སུ་ཕེབས། དུང་དཀར་དགོན་པའི་བླ་གྲྭ་རྣམས་སེར་ཕྲེང་བསྒྲིགས་པ་དང་ལྷ་སྡེའི་མང་ཚོགས་ཀྱིས་ལྷ་བསང་བཏང་ནས་ཕེབས་བསུ་བྱས་པ། ཚོགས་མི་ལྷན་རྒྱས་དགོན་པའི་ཚོགས་ཆེན་འདུ་ཁང་ཐང་ཆེན་དུ་ཕེབས་པ་དང་གཤེན་རབ་མཆོད་ལྔའི་རོལ་མོ་དཀྲོལ་ནས་བསུས་པ།

  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་ཐེངས་འདིའི་ཚོགས་འདུའི་གཙོ་འགན་པ་བྱ་འཕུར་བླ་མ་གཡུང་དྲུང་ཉི་མ་རྒྱལ་མཚན་རྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་མཁའ་ལ་བསྒྲེང་ནས་ཚོགས་མང་བྱིངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།

  ཆུ་ཚོད་10:40སྟེང་དུང་དཀར་སྨིན་གྲོལ་གཤེན་བསྟན་དར་རྒྱས་གླིང་ཕྱག་བཏབ་ནས་མི་ལོ་༡༡༣འཁོར་བའི་མཛད་སྒོ་དངོས་སུ་སྤེལ། དགེ་བཤེས་ཚུལ་ཁྲིམས་ཡེ་ཤེས་ཀྱིས་མདོ་འཛིན་གནང་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་མཛད་སྒོའི་སྟེང་དུ་དོན་བཟང་ཚིག་གསུམ་ཞེས། ༡ དགའ་འོས་པའི་དོན་བཟང་། ༢ རྟེན་འབྲེལ་ཞུ་འོས་པའི་དོན་བཟང་། ༣ ངེས་པར་དུ་བསྒྲུབ་དགོས་པའི་དོན་བཟང་སྟེ་དོན་ཚན་གསུམ་གྱི་སྒོ་ནས་གསུང་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་གནང་བས། རྟེན་འབྲེལ་ཞུ་འོས་པའི་དོན་བཟང་ནི། དངོས་སུ་ཕྱག་བཏབ་ནས་ལོ་ངོ་༡༡༣འཁོར་བའི་དུང་དཀར་དགོན་པའི་མཚན་དངོས་ལ་སྨིན་གྲོལ་དུང་དཀར་གཤེན་བསྟན་དར་རྒྱས་གླིང་ཞེས་འབོད། ༡༩༠༧ལོར་ཚ་ཁོའི་དགེ་སློང་རྣམ་གཉིས་སོགས་ཀྱིས་གནས་འདིར་སྒྲུབ་གནས་ཀྱི་གཞི་བཏིང་། ༡༩༣༤ལོར་རྩེ་ཞིག་སྟོང་ཆུང་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་གྱིས་དགོན་སྡེ་འདི་ཉིད་ཕྱག་བཏབ་མཛད། ༡༩༤༣ལོར་རྩེ་ཞིག་སྟོང་ཆུང་ཞབས་དྲུང་གི་གདུང་སྲས་ཨ་ལགས་བསྟན་འཛིན་རིན་པོ་ཆེ་དགོན་འདིའི་བསྟན་བདག་ཏུ་མངའ་གསོལ། ༡༩༤༥ལོར་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་ཕེབས་ཏེ་དབང་ལུང་ཁྲིད་གསུམ་གྱིས་བསྐྱངས། ༡༩༨༢ལོར་དགོན་པའི་ཆོས་སྒོ་གསར་དུ་ཕྱེས་ནས་བོན་སྤྱོད་རང་དབང་གི་སྐལ་བ་ལྡན་པར་གྱུར།



  སྔགས་འཆང་ཨ་བརྟན་ཚེ་རིང་གིས་གཏམ་བཤད། དགེ་བཤེས་ཚུལ་ཁྲིམས་ཡེ་ཤེས་ཀྱིས་དུང་དཀར་དགོན་པའི་ལོ་རྒྱུས་སྙན་གསན་ཕུལ་བ་དང་གྲྭ་བཙུན་གཡུང་དྲུང་བསམ་གཏན་གྱིས་དུང་དཀར་དགོན་པ་ཕྱག་བཏབ་ནས་མི་ལོ་བརྒྱ་དང་བཅུ་གསུམ་འཁོར་བའི་མཛད་སྒོའི་སྟེང་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ། དེ་ནས་ཚོགས་ཞུགས་པ་ཡོངས་ཚོགས་ཆེན་འདུ་ཁང་གི་མདུན་ནས་དྲན་རྟེན་འདྲ་པར་བསྐྱོན།

  ཆུ་ཚོད་13:00སྟེང་ཚོགས་གཙོའི་ཚོགས་འདུ་འཚོགས། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་ཚོགས་འདུའི་མདོ་འཛིན་གནང་། དྲུང་ཡིག་ཚན་ཁག་གིས་ཚོགས་ཞུགས་པ་ཡོངས་འབྱོར་ཐོ་བཀོད།



  ཆུ་ཚོད་14:30 སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་དངོས་སུ་འཚོག་པའི་འགོ་བརྩམས། རྒྱུན་ལས་ཚོགས་གཙོ་གཞོན་པ་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་ཚོགས་འདུའི་མདོ་འཛིན་གནང་། ༡༽ ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་གསུང་བཤད་གལ་ཆེན་ཏེ། ༼ལྷག་བསམ་རླབས་ཀྱིས་འཕྱོ་བའི་མཛད་བཟང་མུ་ཏིག་ཕྲེང་བ།༽ ཞེས་པ་སྔོན་འགྲོ་ཀླད་ཀྱི་དོན། དངོས་གཞི་གཞུང་གི་དོན། རྗེས་བྱ་མཇུག་གི་དོན་ཏེ་དོན་ཚན་གསུམ་གྱི་སྒོ་ནས་གསུང་བཤད་གྱ་ནོམ་པ་བསྩལ། ༢༽ དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་ལས་དོན་སྐོར་གྱི་སྙན་ཞུ་ཕུལ། ༣༽ དྲུང་ཡིག་ཆེན་མོ་གཞོན་པ་གཉེར་པ་རིན་སྤུངས་ཚུལ་བསྟན་གྱིས་ལྷན་ཚོགས་ཀྱི་ཡོང་སྒོ་དང་འགྲོ་སོང་གི་ལོ་འཁོར་རྩིས་ཁྲའི་སྐོར་གྱི་སྙན་ཞུ་ཕུལ།



  ཆུ་ཚོད་16:20སྟེང་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་གིས་ཚོགས་འདུའི་མདོ་འཛིན་བྱས། ༡༽ མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེས་ཚོགས་འདུའི་གྲོས་གཞི་ལྟར་མཉམ་འབྲེལ་ལྷན་ཚོགས་ཀྱི་ད་ལྟའི་བྱ་བར་གཟེངས་བསྟོད་དང་མ་འོངས་པའི་བྱ་བཞག་ཐད་ནས་བསླབ་བྱ་དང་མཛུབ་སྟོན་གལ་ཆེའི་གསུང་བཤད་གནང་། ༢ ༽ བློ་འདྲི་མི་སྣ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་ནས་གཡུང་དྲུང་བོན་གྱི་བསྟན་པའི་གནས་བབ་ལ་གཟིགས་རྒྱང་རིང་བའི་གསུང་བཤད་གལ་ཆེན་གནང་།



  ཆུ་ཚོད་18:30སྟེང་དྲུང་ཡིག་པ་ཨ་ཀུན་གསལ་ཟླ་བས་མདོ་འཛིན་གནང་ནས་ཞང་ཞུང་རིག་མཛོད་ཁང་གིས་བཟོས་པའི་ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་མཉེན་ཆས་རིན་མེད་ངང་ནས་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ། ༡༽ ཚོགས་གཙོ་རྩེ་ཞིག་ཚང་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རྣམ་གཉིས་ནས་ཞང་ཞུང་རིག་མཛོད་ཁང་གི་ཡིག་སྣོད་དབུ་འབྱེད་གནང་། ༢༽ ཨ་དཔལ་བཟང་ནས་ཞང་ཞུང་རིག་མཛོད་ཁང་གི་འཐུས་ཚབ་བྱས་ཏེ་སྨར་ཆེན་ཡིག་གཟུགས་ངོ་སྤྲོད་གནང་།





  ཟླ་9ཚེས་9ཉིན་གྱི་ཞོགས་པའི་ཆུ་ཚོད་9:30སྟེང་མཆོད་རྫས་བཤམས་བཀོད་ལེགས་པར་གྲུབ་ནས་གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ལྔ་པ་འཚོགས། དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་མདོ་འཛིན་གནང་། ཚོགས་གཞོན་སྤྲུལ་པདྨ་རིན་ཆེན་མཆོག་གིས་ཞི་བདེའི་སྨོན་ལམ་ཆེན་མོ་ལ་མདོ་དབུས་ཁམས་གསུམ་གྱི་བོན་སྡེ་སོ་སོ་ནས་འབྲེལ་བཞག་རྩིས་ཐོ་གསལ་བསྒྲགས་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་། ཚོགས་ཞུགས་པ་ཡོངས་དང་འདིར་འདུས་ཀྱི་བླ་གྲྭ་སྔགས་འཆང་། དད་ལྡན་མང་ཚོགས་བཅས་གཡུང་དྲུང་བོན་གྱི་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ལྔ་པར་ཞུགས། དུང་དཀར་དགོན་པའི་དབུ་མཛད་བསྟན་པ་དར་རྒྱས་ཀྱིས་འདོན་པའི་བྱིངས་འདྲེན་ནས་གསོལ་འདེབས་དང་སྐྱབས་འགྲོ། མཛད་བཅུ། ལྷ་ཡི་བོན་ཡན་ལག་བརྒྱད་པ། ངན་སོང་སྐྱེ་སྒོ་གཅོད་པའི་མདོ་སོགས་ཞི་བདེའི་སྨོན་ལམ་ཆེན་མོའི་འདོན་པ་ཆ་ཚང་གསུངས།

  ཆུ་ཚོད་1:30 སྟེང་དགོན་པའི་འདུ་ཁང་གི་མདུན་ནས་འདིར་ཕེབས་བླ་སྤྲུལ་རྣམས་ཀྱིས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་།

  ཆུ་ཚོད་14:00སྟེང་མཚན་འཛིན་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེས་དགོན་པའི་འདབས་ཀྱི་ཐང་དཀྱིལ་ནས་དད་ལྡན་མང་ཚོགས་ཀྱི་ཡིད་ཚིམ་པའི་བཀའ་སློབ་ཟབ་མོ་གནང་། དྲུང་ཡིག་པ་མཁན་པོ་བསྟན་པའི་ཉི་མས་དགེ་བསྐུལ་སློབ་གསོའི་མདོ་འཛིན་གནང་བ།



  ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས། དྲུང་ཡིག་པ་ལི་ཐང་ཚེ་རིང་འགྱུར་མེད་ཀྱིས་མདོ་འཛིན་གནང་། ཚོགས་ཞུགས་པ་རྣམས་ཀྱིས་རིམ་བཞིན་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་གནང་། ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གིས་བཀའ་རིན་པོ་ཆེའི་དཀར་ཆག་བསྒྲིགས་པའི་བྱ་བའི་བརྒྱུད་རིམ་མཚམས་སྦྱོར་དང་འབྲེལ་ནས་༼ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་༽ཡི་དཀར་ཆག་ཡིད་བཞིན་ནོར་བུའི་དོ་ཤལ་སྡེ་ཚན་བཅོ་ལྔ་ཅན་དེ་ངོ་སྤྲོད་གསལ་བཤད་གནང་། དེ་བཞིན་དུ་ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། གཙང་བཀྲ་ཤིས་སྨན་རིའི་བླ་མ་རིན་ཆེན་བློ་གྲོས། གཡུང་དྲུང་གླིང་གི་མཁན་ཆེན་བསྟན་འཛིན་དབང་རྒྱལ། ཚོགས་གཞོན་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ། ཚོགས་གཞོན་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཚོགས་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས། བློ་འདྲི་མི་སྣ་རྟོགས་ལྡན་སྐལ་ཁོ་སོགས་ཀྱིས། ལྷན་ཚོགས་ཀྱི་འདས་པའི་ལོ་ཟླ་ལ་ཕྱི་མིག་བལྟས་ཏེ་ད་ལྟའི་གནས་བབ་དང་མ་འོངས་པའི་བྱ་བཞག་ཐད་ནས་གསུང་བཤད་གནད་དུ་སྨིན་པ་གནང་།



  དྲུང་ཡིག་པ་མཁན་པོ་བསྟན་པའི་ཉི་མས་མདོ་འཛིན་གནང་ནས་བླ་མ་དང་གྲྭ་བའི་འཐུས་ཚབ་པ་སྤྲུལ་འཆི་མེད་གཡུང་དྲུང་དང་། བཙུན་མའི་འཐུས་ཚབ་པ་གཡུང་དྲུང་བཟང་མོ། མི་སྐྱའི་འཐུས་ཚབ་པ་རྩེ་རྒྱལ། གཡང་གི་ཕྱུག་མོའི་སྦྱིན་བདག་ཀུན་ཐར་འཚོ། སྔགས་པའི་འཐུས་ཚབ་པ་སྙན་བཟང་བསོད་ནམས་གཡུང་དྲུང་། རྒྱུན་ལས་ལས་འཛིན་པ་བླ་མ་ཤེས་རབ་མཐར་ཕྱིན། རྒྱུན་ལས་ལས་འཛིན་པ་སྤྲུལ་རིག་སྔགས་རྒྱ་མཚོ། རྒྱུན་ལས་ལས་འཛིན་པ་ཁྲོ་སྤྲུལ་འཕྲིན་ལས་འགྲོ་མགོན། རྒྱུན་ལས་ལས་འཛིན་པ་སྤྲུལ་དབང་རྒྱལ་ཚེ་རིང་། རྒྱུན་ལས་ལས་འཛིན་པ་གྱེར་མཚོ་བདེ་གསལ་གསང་ཕུག་གི་བླ་མ་གཙུག་གཤེན་རྣམ་རྒྱལ་སོགས་ནས་ཚོགས་འདུའི་གྲོས་ཆོད་ནང་བཞིན་གསུང་བཤད་ རབ་དང་རིམ་པར་གནང་།

  མཚན་མོའི་ཆུ་ཚོད་9:30སྟེང་ཆབ་ཆ་གྲོང་རྡལ་ལུང་ཧའོ་མགྲོན་བྲང་ཆེན་མོ་ནས་ཉིན་གཉིས་རིང་ལ་རྒྱུན་ལས་ལས་འཛིན་པ་རྣམས་ཀྱིས་བཏོན་པའི་བསམ་ཚུལ་དག་བསྡུ་ལེན་བྱས་ཏེ་གྲོས་ཆོད་ཚོགས་འདུ་འཚོགས།

  ཟླ་9ཚེས་10ཆུ་ཚོད་9:30སྟེང་དམུ་རིགས་གཤེན་གྱི་གདུང་འཛིན་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་སྤེལ། ༡༽ ཚོགས་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་ལགས་ནས་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འབུལ་དོན་དང་སྐུ་ཡི་མཛད་རྣམ་རགས་བསྡུས་ངོ་སྤྲོད་གནང་། ༢༽ ཚོགས་མང་ཡོངས་ནས་༼༧སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་རྒྱས་འབུལ་གྱི་ཆོ་ག༽གསུངས།

  ཆུ་ཚོད་11:11སྟེང་ནས་གཡུང་དྲུང་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པའི་མཇུག་སྡོམ་ཚོགས་འདུ་འཚོགས། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་། ཐོག་མར་དུང་དཀར་དགོན་པ་བཏབ་ནས་མི་ལོ་༡༡༣འཁོར་བའི་མཛད་སྒོ་སྤེལ་པ་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་ལ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་དང་། སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ། སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གསུམ་གྱི་ཤིས་ཚིག་གསུང་འཕྲིན་གསུམ་འབྱོར་བ་དུང་དཀར་དགོན་པའི་གྲྭ་བཙུན་ཤེས་རབ་བསམ་གཏན་ནས་སྒྲོག་སྦྱང་བྱས།

  དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེས་ཚོགས་འདུའི་གྲོས་ཆོད་ཁག་བཞི་གསལ་བསྒྲགས་གནང་། གྲོས་ཚོགས་འདིའི་འགན་ཁུར་བ་གཙོ་བོ་བྱ་འཕུར་བླ་མ་གཡུང་དྲུང་ཉི་མ་རྒྱལ་མཚན་མཆོག་ནས་ཚོགས་འདུའི་གྲ་སྒྲིག་གི་ལས་ཀའི་བརྒྱུད་རིམ་སོགས་ཡར་ཞུ་མཛད་པ་དང་ཆབས་ཅིག རྒྱལ་བའི་བཀའ་རིན་པོ་ཆེ་པར་བསྐྲུན་བྱ་བའི་མ་དངུལ་ཐད་ལ་ཚང་མས་དཔུང་བ་མཉམ་གཤིབ་ཀྱིས་ཤུགས་རྒྱག་དགོས་པའི་རེ་བ་བཏོན་པ་དང་། ཁོང་རང་ངོས་ནས་ནུས་ཤུགས་ཅི་ཡོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན་པ་ཡར་ཞུ་བྱས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་དུང་དཀར་དགོན་པ་ལ་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེའི་གསུང་འབུམ་ཚར་གཉིས། སྲིད་པའི་མཛོད་ཕུག་སྒམ་གཉིས་སོགས་ཀྱི་དྲན་རྟེན་ལེགས་སྐྱེས་གནང་།

  ཐེངས་འདིའི་གྲོས་ཚོགས་ཀྱི་འགན་ཁུར་བ་གཙོ་བོ་བྱ་འཕུར་བླ་མ་གཡུང་དྲུང་ཉི་མ་རྒྱལ་མཚན་དང་མཚོ་སྔོན་དུང་དཀར་དགོན་པའི་འགན་འཛིན་མི་སྣས། ཐེངས་རྗེས་མའི་འགན་ཁུར་བ་གཙོ་བོ་སྤྲུལ་པདྨ་རིན་ཆེན་དང་རྒྱལ་རོང་དགེ་བཤེས་ཙ་ལྷུན་འགྲུབ་དཔག་བསམ་ལྗོན་པའི་གླིང་གི་འགན་ཁུར་མི་སྣ་ལ་གཡུང་དྲུང་བོན་གྱི་བརྡ་རྟགས་སོགས་བརྒྱུད་སྤྲོད་བྱས།

  ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་དོན་ཚན་བདུན་གྱི་སྒོ་ནས་གྲོས་ཚོགས་མཇུག་སྡོམ་གྱི་གསུང་བཤད་གལ་ཆེན་གནང་། མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས། ཚོགས་གཙོ་རྩེ་ཞིག་ཚང་དང་། རྒྱུན་ལས་ཚོགས་གཙོ་མཁན་རིག་འཛིན་དབང་རྒྱལ། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་རྣམ་པ་བཞི་ལ་ཁོང་གི་ལྷག་བསམ་མཚོན་བྱེད་ཀྱི་ཁ་བཏགས་སྒྲོན་ནས་བཀའ་སློབ་གནང་། ཆུ་ཚོད་12:30སྟེང་ཚོགས་མི་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།