དཔལ་གཤེན་བསྟན་ཀླུ་ཕུག་དགོན་ཆེན་གཡུང་དྲུང་བདེ་ཆེན་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་འཚོགས་པའི་གནས་ཚུལ།

[ཟླ་ཚེས། 2020-09-01 20:28:51][རྩོམ་པ་པོ། ཀླུ་དགོན་བཤད་སྒྲུབ་འདུས་སྡེའི་རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  
   ཉེ་ལམ་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༨པའི་ཚེས་༡༢ཉིན་ནས་སྤྱི་ཟླ་༨པའི་ཚེས་༣༠བར་དུ། ཁམས་སྟོད་བོན་གྱི་གྲྭ་ས་ཆེན་མོ་དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་དུ་སྔར་སྲོལ་བཞིན་གཡས་རུའི་འཆད་རྩོད་ཆེན་མོ་ཚད་མའི་རིག་སྒྲ་ཐེངས་བདུན་པ་”བདུན་ཕྲག་གསུམ་གྱི་རིང་འཚོགས་ཤིང་། བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་སློབ་གཉེར་བ་ཟླ་བ་རྒྱལ་མཚན་དང་སྦྲ་ཆེན་རྫོང་ཁོངས་ཀྱི་དྲུག་ཅུའི་དགོན་རི་གཉིས་ཀྱི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་རྣམ་པ། དེ་བཞིན་རང་དགོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་བརྒྱ་ཕྲག་གྲངས་མཉམ་འཛོམས་ཐོག 
   ཀྲུང་གོའི་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ། དཔལ་གཤེན་བསྟན་ཀླུ་ཕུག་དགོན་ཆེན་གཡུང་དྲུང་བདེ་ཆེན་གླིང་གི་དཔོན་སློབ། རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ། གཙང་ཚ་དགེ་བཤེས་ཤེས་རབ་གཡུང་དྲུང་གཙུག་ཕུད་རིན་པོ་ཆེ་མཆོག་ནས། བསྡུས་གྲྭ་གསར་ཞུགས་ཡན་དང་དགེ་བཤེས་རྣམ་པ་མན་ཆད། ཞོགས་པ་ཆུ་ཚོད་བརྒྱད་པ་ནས་དགུ་པའི་བར་འཆད་ར་འཚོགས་རྗེས། ཆུ་ཚོད་དགུ་པ་ནས་བཅུ་པ་ཕྱེད་ཀའི་བར་རྗེ་བདག་ཆེན་མོ་ས་གསུམ་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱིས་མཛད་པའི་«ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་»ཟབ་ཁྲིད་གནང་ཞིང་། ཆུ་ཚོད་བཅུ་དང་ཕྱེད་ཀ་ནས་བཅུ་གཅིག་བར་དོགས་གནད་ཀྱི་སྐོར་ནས་དྲི་བ་དྲི་ལན་མཛད།
   དེ་རྗེས་ངལ་གསོ་ཅུང་ཟད་བགྱིས་ཏེ་ཆུ་ཚོད་བཅུ་གཅིག་ནས་བཅུ་གཉིས་བར་དུ། དགེ་བཤེས་རྣམ་པ་དང་ཐེག་རིམ་ཡན་ཆད་འཛིན་གྲྭ་ཡོངས་ལ་བདག་ཅག་གི་སྟོན་པ་བླ་ན་མེད་པ། བརྒྱ་པའི་མགོན་པོ་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་ཀྱིས་མཛད་པའི་«ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་»ལས། རྒྱུ་ཐེག་བཞི་ཡི་ནང་ཚན་ལྷ་མི་གཞན་རྟེན་གྱི་ཐེག་པ་དང་རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ་གསུམ་ཟབ་ཁྲིད་ཀྱི་གདམས་པ་བསྩལ་བ་མ་ཟད།
   བདུན་ཕྲག་རེའི་ནང་དུ་སྔར་བོན་གྱི་གྲྭ་ས་ཆེན་མོ་གཡས་རུ་དབེན་ས་ཁའི་ལམ་སྲོལ་ལྟར། གླིང་བཞིར་ཕྱེས་ཏེ་གླིང་སོ་སོ་ནང་ཕན་ཚུན་ཐུག་ཆུང་ཐེངས་གཉིས་རེ་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུས་པའི་དགོན་རི་ཁྲོད་གཉིས་ཀྱི་དགེ་རྒན་ཆེན་མོ་རྣམ་པ་གཉིས་དང་རང་དགོན་གྱི་མཚན་ཉིད་དགེ་རྒན་ཆེན་མོ། སྒྲུབ་གྲྭའི་དགེ་རྒན་ཆེན་མོ་བཅས་དཔོན་བཞུགས་ཀྱི་སྟེང་། གླིང་གཉིས་རེ་མཉམ་དུ་བྱས་ཏེ་ཐུག་ཆེན་ཐེངས་རེ། དེ་བཞིན་བདུན་ཕྲག་དམ་བཅའ་ཆེ་ཆུང་གཉིས་འཚོགས་ཤིང་། བདུན་ཕྲག་གསུམ་གྱི་མཇུག་ཏུ་རྩོད་རྒྱུགས་དམ་བཅའ་ཆེན་མོ་རིག་ལུང་བ་རྣམ་པ་རྟགས་གསལ་ཤོག་དྲིལ་འཐེན་པ་དང་དམ་བཅའ་བ་རྣམས་རང་མོས་ངང་དང་ལེན་མཛད་དེ། སྤྱི་ལོ་༢༠༢༠ལོའི་ཟླ་བ་༨པའི་ཚེས་༣༠ཉིན་ཞལ་ལེགས་པར་རྒྱས་པར་མཛད་དོ།།
ཞེས་ཀླུ་དགོན་བཤད་སྒྲུབ་འདུས་སྡེའི་རྩོམ་སྒྲིག་ཁང་ནས།
༢༠༢༠ཉིན་ཟླ་བ་༨པའི་ཚེས་༣༠ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།