ཁྱུང་དབུས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་གྱི་ཚད་མའི་རིག་སྒྲ་དང་རིག་གཞུང་བགྲོ་གླེང་སྐོར་གྱི་གནས་ཚུལ།

[ཟླ་ཚེས། 2020-08-17 12:03:55][རྩོམ་པ་པོ། རྩོམ་སྒྲིག་ཚོགས་པས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་དབུས་བོན་གྱི་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་གྱི་ཚད་མའི་རིག་སྒྲ་དང་རིག་གཞུང་བགྲོ་གླེང་སྐོར་གྱི་གནས་ཚུལ།

ཁྱུང་དབུས་བོན་གྱི་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་དུ་ཚད་མའི་རིག་སྒྲ་སྐབས་ལྔ་པ་ལེགས་གྲུབ་བྱུང་བ།
   སྙིགས་དུས་ཀྱི་དཀའ་ཐུབ་པ་ཆེན་མོ་མེ་སྟོན་གྲུབ་ཆེན་གོང་འོག་གི་གདན་ས་འདུ་གནས་སུམ་ཅུ་རྩ་བདུན་དུ་གྲགས་པའི་ཡོད་ཁམས་སྟེང་པོ་ཆེའི་འདུ་གནས་ཆུ་གཡུང་དྲུང་ལུ་གུ་རྒྱུད་དང་རི་གཡུང་དྲུང་ཆུད་མོ་འཁོར་བའི་ལྟེ་བ་གཡུང་དྲུང་རྣམ་པར་བཀོད་པའི་སྒྲུབ་གནས་འདིར་རྒྱལ་བ་སྨན་རི་ཚང་གི་དྲི་མ་མེད་པའི་ལུགས་སྲོལ་དམ་པ་གོང་མའི་ཐུགས་འདུན་ལྟར་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་བཅུ་གསུམ་འཁོར་བ་དང་དེར་འབྲེལ་ཚད་མའི་རིག་སྒྲ་སྐབས་ལྔ་པའི་སྐལ་བཟང་ལྷན་དུ་ཚེས་ཡོད། མདོ་གཟེར་མིག་ལས།«རྣམ་གསུམ་དག་པའི་བློ་དང་ལྡན་ན་རིགས་ཀྱི་བུ་ཡིན་ནོ།།»ཞེས་འཁོར་བ་སྡུག་བསྔལ་རྒྱ་མཚོ་རིང་དུ་དོར་ནས་ཐར་པ་དོན་གཉེར་གྱི་བུ་དང་བུ་མོ་གང་ཡིན་རུང་དང་ཐོག་དགོས་ངེས་རྨང་གཞི་ལྟར། དང་པོ་འཛིན་པའི་བློ། བར་དུ་བརྟག་པའི་བློ། ཐ་མ་རྟོགས་བློ་རྣམ་པ་གསུམ་ལྡན་དགོས་པར་གསུངས་པ་དང་།

རྗེ་རིན་པོ་ཆེའི་ཞལ་ནས།
ལོག་རྟོག་སྒྲོ་འདོགས་བཟློག་པ་དང་།།
བསྔགས་པ་ཁོང་དུ་ཚུད་པ་དང་།།
ཚར་གཅོད་པ་དང་རྗེས་འཛིན་འཇུག།
རྩོད་པའི་དགོས་པ་དེ་ཉིད་ཡིན།།

   ཞེས་སོགས་གདམས་པ་ལྟར་སྦྱངས་བརྩོན་ཚད་མཐོ་སྔོན་སོང་གི་རྣལ་འབྱོར་པ་དམིགས་བསལ་རེ་ཟུང་འདྲ་ཡིན་ན་མ་གཏོགས་མི་ཕལ་མོ་ཆེ་རྣམས་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པར་གོ་རྟོགས་རྣལ་མ་ཞིག་ཐོབ་དགོས་ན་ཐོག་མར་འཆད་རྩོད་རྩོམ་པའི་ཐབས་ལམ་ལ་ངེས་པར་ཞུགས་དགོས།
   དེ་ཡང་ཞུགས་ལུགས་ལ་ཐབས་མ་འགག་པ་སྣ་ཚོགས་ལྡན་པའི་ནང་ནས་ཆེས་རྨད་དུ་བྱུང་བ་ནི་མཁས་གྲུབ་གོང་མའི་སྲོལ་བཟང་ལྟར་ཚད་མའི་རིག་ལམ་ལ་བརྒྱུད་པ་ཧ་ཅང་རྨད་པ་ལ་ཀླད་པ་ཐང་པོ་ཅན་སུ་ཡིས་བསྙོན། དེ་ཡང་དགག་སྒྲུབ་གཉིས་ལ་བརྟེན་དགོས་པས་དོན་ལ་རྨོངས་ཤིང་ཐར་པ་དོན་གཉེར་གྱི་སྐྱེས་བུའི་སྤང་བྱར་གྱུར་པའི་ཆགས་སྡང་རྨོངས་སོགས་ཀྱིས་དབང་བསྒྱུར་བའི་རྒོལ་ངན་དང་དེའི་ངན་བློ་མ་ཞི་བ་དག་ཚར་གཅོད་ཅིང་ཕར་དགག་པ་དང་།
   ཚང་ལ་མ་ནོར་བའི་གཞི་ལམ་འབྲས་གསུམ་མ་ལག་དང་བཅས་པའི་གོ་བ་ཟབ་མོ་རྣམས་ཚུར་བསྒྲུབ་ནས་སྟོབས་ལྡན་བློ་གསལ་དད་ཆེ་བའི་རིགས་རྣམས་རྗེས་སུ་འཛིན་ཏེ་གཡུང་དྲུང་གི་བོན་རིན་པོ་ཆེ་དུས་རྟག་ཏུ་དར་བའི་ཆེད་སོགས་དགོས་དགོངས་དུ་མ་ལ་དམིགས་ཏེ་མདོར་ན་རང་ལ་ཆ་རྒྱུས་ཟབ་སའི་ཁོར་ཡུག་ལ་རྒྱུས་ལོན་དང་གོ་རྟོགས་གཏིང་ཟབ་ཡོད་པ་ལྟར་མདོ་སྔགས་སེམས་གསུམ་གྱི་དཔེ་གཞུང་ལ་གོམས་འདྲིས་ཆེར་བསྐྱེད་ཕྱིར་ད་ལན་སྔར་སྲོལ་ལྟར་ཕྱི་ལོ་༢༠༢༠/༨/༢ནས་༡༤བར་འདི་གའི་སློབ་གཉེར་བ་རྣམས་ཐོགས་མེད་ལུང་རིག་གླིང་དང་། འཇིགས་མེད་ཐོས་བསམ་གླིང་ཞེས་སྡེ་གཉིས་སུ་བགོས་ཏེ་ཚད་མའི་རིག་སྒྲ་འཚོགས་ཡོད།
   དེ་ཡང་གོང་གི་རྩ་བླ་མེ་སྟོན་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་མཆོག་དབུ་བཞུགས་ཀྱི་བཀའ་དྲིན་འོག་གཞུང་རིག་གནས་དང་བཅས་པར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་ར་མ་ཀུན་བཟང་རྒྱལ་མཚན་ལགས་ནས་རྗེ་ཐམས་ཅད་མཁྱེན་པ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་ལེའུ་གསུམ་པའི་རང་འགྲེལ་མངོན་རྗེས་གཉིས་ཀྱི་སྐོར་གཙོ་བོར་བཟུང་ནས་བཀའ་དང་བཀའ་བརྟེན་གཞན་ཟུར་རྒྱན་གྱི་རྣམ་པའི་ཐོག་བཀའ་ཁྲིད་མཛད་གནང་བ་དང་།
   དུས་ཚོད་ནི་བདུན་ཕྲག་གཉིས་ཀྱི་ཆ་ཡིན་ལ་ཞོགས་པ་ཕྱག་ཚོད་བདུན་དང་ཕྱེད་ཀའི་ཐོག་ཞོགས་ཇ་བཞེས་པ་དང་། དགུ་ནས་བཅུ་བར་འཆད་ར་འཚོགས་པ་དང་། བཅུ་ནས་བཅུ་གཅིག་བར་དཔེ་ཁྲིད། བཅུ་གཅིག་ཕྱེད་ཀ་ནས་བཅུ་གཉིས་ཕྱེད་ཀར་འཆད་ར་དང་། བཅུ་གཉིས་ཕྱེད་ཀ་ནས་གསུམ་པ་བར་ཉིན་གུང་ངལ་གསོ་དང་། གསུམ་དང་ཕྱེད་ཀ་ནས་ལྔ་པའི་བར་སྐབས་བབ་ཀྱི་རྟགས་གསལ་དང་དཔེ་ཀློག་གི་ཐད་ལ་འབད་ཅིང་། ལྔ་ནས་དྲུག་དང་ཕྱེད་ཀ་ཕྱི་དྲོའི་ཐུག་ཅུང་དང་ཐུག་ཆེན་གང་བབ་འཚོགས། དེ་ནས་སྔར་རྒྱུན་བཞིན་སྐབས་བབ་ཀྱི་འོས་འགན་འབྲེལ་བའི་བྱ་བ་ལ་འབྲེལ་འདྲིས་མི་དམན་པར་ཞུས་ཤིང་། བདུན་ཕྲག་སྔ་ཕྱི་གཉིས་ཀའི་ཉིན་ལྔ་པ་དང་དྲུག་གི་ཕྱི་དྲོར་ཐུག་ཆེན་དམ་བཅའ་སྐབས་ཐབས་དང་རྩོད་ལ་མཁས་པས་གཞི་ཚིག་དོན་ལ་སྦྱོར་བ་དང་། གཏན་ཚིགས་དབལ་སོ་རྣོ་བས་ངན་སོང་གི་སྒོ་གཅོད་ཅིང་སྒྲུབ་བྱེད་ཡང་དག་གཙོ་བོ་བརྗོད་པའི་སྔ་རྒོལ་དང་། ལོག་རྟོག་གི་གེགས་རྣམས་བཙན་ཐབས་སུ་སེལ་ཆེད་རྟགས་ཁྱབ་གསལ་བའི་ཐལ་འགྱུར་གྱི་བཀའ་ལན་ནི་སྙི་མོའི་ཕྲ་ལྗོན་ལ་སྤུ་གྲི་བཏབ་པ་ལྟར་ཏག་ཏག་འདེབས་ཤིང་སུན་འབྱིན་གཙོ་བོ་བརྗོད་པའི་ཕྱི་རྒོལ་གཉིས་ཀྱིས་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་རྩོམ་པ་པོ་ཚད་ལྡན་དག་གི་བཀའ་བརྟེན་རྣམས་ལ་རེ་ཞིག་དགོངས་གཞི་དགོངས་པ་འགྲེལ་ཚུལ་གྱི་ཆ་ནས་ཡོངས་གྲགས་ཀྱི་ཁས་ལེན་དང་འགལ་བའི་ཁྱབ་ལོག་གི་རིགས་རྣམས། གོ་བས་བདེན་རྫུན་གོ་མི་ལྡོག་པའི་མཁྱེན་པ་དང་། རྩོད་གཉིས་ཀྱི་དོན་ཁོང་དུ་གད་ཆུད་པ་རྣམས་དྲང་བཞག་ལམ་ནས་གསོང་པོའི་སྨྲ་ལ་ཉམ་མི་ང་ཞིང་། གཞུང་ལུགས་ཀྱི་བསྟན་མཚམས་དང་འགལ་བའི་སྒྲུབ་བྱེད་དང་སུན་འབྱིན་ལྟར་སྣང་གི་རིགས་བྱུང་ཚེ་ལུང་རིགས་གཏན་ཚིགས་དཔེ་དང་བཅས་པས་བདེན་རྫུན་ཤན་འབྱེད་གཙོ་བོ་བརྗོད་པའི་དཔང་པོ་རྣམ་པས་ཉིན་དྲུག་པའི་རིགས་སྨྲ་རྣམ་པའི་སྙན་ལམ་དུ་བསྒྲོན་པ་བཅས་གནས་ཚུལ་རགས་བསྡུས་ཙམ་མོ།།

མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་རིག་གཞུང་བགྲོ་གླེང་ཐེངས་དང་པོའི་གནས་ཚུལ་མདོར་བསྡུས།
དཔྱོད་ཤེས་པད་མོ་ཡི་ཞལ་ཁ་དལ་གྱིས་འཛུམ་ནས།།
བློ་གྲོས་སྣ་ཚོགས་ཀྱི་རྒྱག་ཕྱེ་སྙིང་དབུས་བཏེགས་ནས།།
གུ་ཡངས་བསམ་ཤེས་ཀྱི་དགག་སྒྲུབ་རྣོ་དབལ་བརྟས་པའི།།
སློབ་ཚོགས་འདི་ཀོ་ཀྱེ་ཕེ་ཤ་ཨེ་མ་ཧོ་འོ།།
གཙོ་སྐྱོང་བ་ལུང་རིག་རྒྱ་མཚོས།
  
དགོན་འདིའི་ཁྲི་འཛིན་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་དད་ཕྱག་སྔོན་དུ་བཏང་ནས་རིག་གཞུང་བགྲོ་གླེང་ཐོག་དངོས་སུ་ཕེབས་པའི་བླ་མ་མཚམས་པ་དང་བཤེས་གཉེན་དེ་བཞིན་སློབ་གཉེར་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
   གདན་ས་ཆེན་མོའམ་སྔོན་རིག་འཛིན་གྲུབ་ཆེན་གོང་འོག་གི་བཞུགས་གནས་མཐོང་གྲོལ་རི་ཁྲོད་དགོན་འདིར་ད་རེས་རིག་གཞུང་བགྲོ་གླེང་ཐེངས་དང་པོ་འཚོགས་ཐུབ་པ་འདི་བླ་རྒན་ལྷུན་གྲུབ་རྒྱལ་མཚན་དམ་པ་མཆོག་དང་སྐུ་འཚོ་བཞུགས་གནང་བའི་དགོན་འདིའི་ཁྲི་འཛིན་ཡོན་ཏན་ཕུན་ཚོགས་རྒྱ་མཚོ། དེ་བཞིན་དགོན་འདིའི་སློབ་དཔོན་ཞིང་གཤེགས་དམ་པ་རྣམ་གསུམ་གྱི་བཀའ་དྲིན་ཐུགས་རྗེའི་གྲིབ་བསིལ་འོག་གཙོས་དགོན་འདིའི་སློབ་གཉེར་བ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་འོག་དབུ་འཛུགས་དང་ལེགས་གྲུབ་བྱུང་བ་ཞིག་ཡིན་པས། ང་ཚོའི་བགྲོ་གླེང་འདི་ལོ་ངོ་བཅུ་ཕྲག་རིང་དཀའ་སྤྱད་གནོན་ཤུགས་སྡུག་རུས་གསུམ་གྱི་འོག་ནས་ཡར་ལང་བྱས་ཡོང་བ་ཞིག་ཡིན་ཞེས་ངས་ད་རེས་སྐད་ཆ་མཐོ་གསིག་གིས་བརྗོད་སྤོབས། ཉི་མ་ཡ་ཟུང་དང་ཟླ་བ་གཅིག་གཉིས་ཀྱི་དུས་སྐབས་བེད་སྤྱད་ནས་གཞུང་མདོ་སྔགས་སེམས་གསུམ་དང་རིག་གནས་སོགས་ལ་རྒྱུན་ལོན་བྱས་པའི་རིག་གཞུང་བགྲོ་གླེང་དེ་འདྲ་ཞིག་མ་ཡིན། འདི་ནི་རྒྱུན་འཁྱོང་བརྩོན་འགྲུས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ལུང་རིགས་དང་དཔེ་ཆ་ལ་བློ་སྦྱོང་བྱས་ནས་སྨིན་ཡོང་བའི་ཆེས་ཕུན་སུམ་ཚོགས་པའི་རིག་གཞུང་བགྲོ་གླེང་ཞིག་ཡིན། ང་ཚོས་ཏེ་ཅི་ནས་ཀྱང་འདི་འདྲའི་བགྲོ་གླེང་བྱེད་འོས་བསམ་པའི་ང་རྒྱལ་ཞིག་ཀྱང་སྐྱེ་ཡི་ཡོད། སློབ་གླིང་ཞིག་གི་སློབ་མ་ཚོ་ལ་གོ་རྟོགས་དང་ཤེས་རྒྱ། མཐོང་རྒྱ་དང་ཡོན་ཚད། སྒམ་དཀྱེལ་དང་བསམ་ཤེས། སྣ་ཚོགས་ཀྱི་ལྟ་བ་དང་དགག་སྒྲུབ་སོགས་ཀྱི་ཤེས་ཚད་འདྲ་མིན་དང་སྣ་ཚོགས་ཡོད་པ་རྒྱུན་ལྡན་ཞིག་ཡིན། དེའི་ཕྱིར་གུ་ཡངས་དང་ཤེས་སྤྱད་ཀྱིས་འདི་འདྲའི་གླེང་སྟེགས་ཀྱི་ཁོར་ཡུག་བསྐྲུན་དགོས་རྒྱུ་ངེད་ཚོར་འོས་འགན་ཞིག་ལོས་ཡོད་བསམ་པའི་ཀུན་སློང་གིས་གཞི་བྱས། རིག་གཞུང་བགྲོ་གླེང་ཐེངས་དང་པོ་དབུ་ཚུགས་པ་ཡིན།།
  
    སྔགས་གོང་མའི་འཛིན་གྲྭ་ཉི་མ་ཚུལ་ཁྲིམས་ནས་{ཐེག་པ་ཆེན་པོ་སྐྱེ་མཆེད་ཡང་འཁྲུལ་གཉིས་ཀྱི་ལྟ་བའི་སྐོར་ལ་དཔྱད་པ་}ཞེས་བགྲོ་གླེང་གི་ཁ་བྱང་འོག་ཤེས་པའི་སྐྱེ་མཆེད་ཡང་དག་དང་ཤེས་པའི་སྐྱེ་མཆེད་འཁྲུལ་བ་གཉིས་ཀྱི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ཀྱི་ནང་དོན་ཐད་ལུང་རིགས་ཀྱི་རྒྱབ་དཔུང་འོག་ནས་སྐར་ཆ་ཉི་ཤུའི་རིང་བགྲོ་གླེང་གནང་རྗེས་རིགས་སྨྲ་བ་སོ་སོས་དོགས་སློང་དང་གནད་འདྲི་དྲིས་ལན་བཅས་སྐར་ཆ་བཅོ་ལྔའི་རིང་གནང་ནས་གཙོ་སྐྱོང་བ་མཆོག་གིས་བགྲོ་གླེང་གི་ནང་དོན་གནད་བསྡུས་ཀྱི་གསལ་བཤད་མཛད།
  
  སྒྲུབ་གྲྭ་བ་འོད་ཟེར་སྦྱིན་པ་ནས་{སྐྱབས་འགྲོའི་སྐོར་}ཞེས་པའི་ཁ་བྱང་ཐོག་གཞུང་སོ་སོ་སྟེ་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་སོ་སོ་ནང་ནས་སྐྱབས་འགྲོ་བསྟན་སྟངས་དང་དེ་དག་ལ་རྒྱུས་མངའ་བྱས་པའི་རང་གི་བསམ་ཚུལ་དང་སྦྲེལ་ནས་དཔེ་དོན་ཐབས་ཀྱིས་དཔེ་ཆའི་ལུང་དང་རྟོག་དཔྱོད་ཀྱི་རིགས་པར་བརྟེན་ནས་བགློ་གླེང་སྐར་ཆ་ཉི་ཤུའི་རིང་གནང་རྗེས་དབུ་བཞུགས་བླ་མ་དང་བཤེས་གཉེན་རྣམས་ཀྱི་བདེན་དཔང་འོག་འདི་གའི་སློབ་གཉེར་བ་རྣམས་ཀྱིས་སྐྱབས་འགྲོའི་ཚིག་དོན་གྱི་ཆ་ཡི་ཐད་ནས་གནད་འདྲི་སྐར་ཆ་བཅོ་ལྔའི་རིང་གནང་ནས་གཙོ་སྐྱོང་བ་མཆོག་གིས་ནང་དོན་ཉུང་བསྡུས་གནང་ནས་ཚོགས་མི་ཡོངས་ལ་གསལ་ཁ་མཛད།
   སྔགས་འོག་མའི་འཛིན་གྲྭ་ཀུན་བཟང་ནོར་བུ་ནས་{སྤུ་རྒྱལ་བོད་ཀྱི་རྒྱལ་པོ་ཐོག་མའི་སྐོར་ནས་གླེང་བ་}ཞེས་པའི་ཁ་བྱང་ཐོག་ཞིབ་འཇུག་བ་སོ་སོའི་དཔྱད་འབྲས་ཀྱི་དཔེ་ཆ་ལ་རྒྱུས་ལོན་གནང་བའི་བསམ་ཚུལ་དང་སྦྲེལ་སྡེ་ཚན་གསུམ་གྱི་ཐོག་ནས་གླེང་བ་སྟེ། གཉའ་ཁྲི་བཙན་པོ་ལྷ་ལས་སྐྱེས་པའི་ལོ་རྒྱུས་ཀྱི་འདོད་སྟངས་དང་རྒྱབ་ལྗོངས། གཉའ་ཁྲི་བཙན་པོ་མི་ལས་སྦྲུམ་པའི་ཁུངས་ལུང་དང་འདོད་སྟངས། གཉའ་ཁྲི་བཙན་པོ་དོན་དངོས་ལྷ་མི་གང་ཞིག་ནས་སྐྱེ་བ་ཞིག་ཡིན་མིན་ལོ་རྒྱུས་འདོད་སྟངས་སྣ་མིན་ལ་བཅར་ཏེ་གཏན་ཚིགས་དང་བཅས་རང་གི་འདོད་ཕྱོགས་སྐོར་ནས་བགྲོ་གླེང་སྐར་ཆ་ཉི་ཤུའི་རིང་གནང་རྗེས། སློབ་གཉེར་བ་སོ་སོས་དོགས་གནད་ཀྱི་ཐད་ནས་བཀའ་འདྲི་དང་དྲིས་ལན་སྐར་ཆ་བཅོ་ལྔའི་རིང་གནང་རྗེས། གཙོ་སྐྱོང་བ་མཆོག་གིས་ནང་དོན་མཐའ་བསྡུས་གནང་།
   རྟགས་རིགས་འཛིན་གྲྭ་བསོད་ནམས་རྒྱལ་མཚན་ནས་{ཚུལ་གསུམ་སྐོར་གྱི་དཔྱད་འབྲས་}ཅེས་པའི་བགྲོ་གླེང་གི་ཁ་བྱང་ཐོག་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་ནང་དུ་གསལ་བའི་ཚུལ་གསུམ་ངོས་འཛིན་ཚུལ་དང་། བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མ་དང་། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་དེ་བཞིན་བཟང་རྒྱལ་རྟགས་རིགས་བཅས་ཀྱི་ཚུལ་གསུམ་གྱི་མཚན་ཉིད་སོ་སོའི་བསྟན་སྟངས་དང་རྟགས་ཡིན་ན་ཕྱོགས་ལ་ངེས་རུང་ཡོད་པའི་ཁྱབ་མ་ཁྱབ་སྐོར་ནས་དོགས་སློང་དང་བཅས་པའི་སྐོར་ནས་བགྲོ་གླེང་སྐར་ཆ་ཉི་ཤུའི་རིང་གནང་རྗེས། ལུང་དང་གཏན་ཚིགས་སྨྲ་བའི་ཁྱུ་ཚོགས་ཀྱིས་གནད་འདྲི་འདོན་པ་དང་དྲིས་ལན་བཅས་སྐར་ཆ་བཅོ་ལྔའི་རིང་གནང་རྗེས། གཙོ་སྐྱོང་བས་མཐའ་སྡོམ་གྱི་གསལ་བཤད་གནང་།
    མཛོད་འཛིན་གྲྭ་ཚུལ་ཁྲིམས་འོད་ཟེར་ནས་{མཐོང་ལམ་སྐོར་ནས་དོགས་པ་འགའ་སློང་བ་}ཞེས་པའི་ཁ་བྱང་ཐོག་གཞུང་སོ་སོ་ནས་མཐོང་ལམ་གྱི་ངོ་བོའམ་མཚན་ཉིད་ཀྱི་ཚིག་ཟུར་ནས་དེ་ཁོ་ན་ཉིད་ཅེས་བསྟན་པ་དེར་འདོད་སྟངས་འདྲ་མིན་དང་དོགས་སློང་། མཐོང་ལམ་སྐྱེ་ཚུལ་སོགས་གཞུང་དཔེ་སྣ་མང་ངམ། སྔོན་བྱོན་དང་ད་བཞུགས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་དུས་ཡུན་ངེས་ཅན་ཞིག་སྤྱད་པའི་རིང་དཔྱད་འབྲས་དེ་དག་གི་བདེན་ལུགས་དང་དོགས་སློང་བཅས་པའི་སྐོར་ནས་བགྲོ་གླེང་སྐར་ཆ་ཉི་ཤུའི་རིང་གནང་རྗེས། སློབ་གཉེར་བ་སོ་སོས་མ་ཤེས་པ་དང་དོགས་པ་སྐྱེས་པའི་གནད་རྣམས་དྲི་བ་དྲིས་ལན་སྐར་ཆ་བཅོ་ལྔའི་རིང་གནང་རྗེས། གཙོ་སྐྱོང་བས་མཐའ་སྡོམ་གྱི་གསལ་བཤད་གནང་། 
    མཚོན་བྱེད་ཞེ་ལྔའི་འཛིན་གྲྭ་གཙུག་ཕུད་རྒྱལ་མཚན་ནས་{ཚུལ་གསུམ་གྱི་ནང་ཚན་རྗེས་ཁྱབ་ཀྱི་སྐོར་ནས་གླེང་བ་}ཞེས་པའི་ཁ་བྱང་འོག ཐོག་མར་མཆོད་བརྗོད་སྔོན་སོང་གིས་མདུན་བསུས་ཏེ་སྔོན་བྱོན་མཁས་པའི་དབང་པོ་རྣམས་ཀྱིས་དཔྱད་པ་མཐར་ཐུག་བྱས་པའི་གཞུང་དཔེ་དག་ལ་རྒྱུས་ལོན་བྱས་པའི་འོག རྗེས་ཁྱབ་ཀྱི་ངོ་བོའམ་མཚན་ཉིད་ཀྱི་ཚིག་ཟུར་དུ་གསལ་བའི་ངེས་རུང་གི་སྐོར་ལ་གཙོ་གནད་བྱས་ཏེ་ལུང་རིགས་ཀྱི་དཔང་པོའི་ངང་ནས་བགྲོ་གླེང་སྐར་ཆ་ཉི་རིང་ཤུའི་རིང་གནང་རྗེས། འཛིན་གྲྭ་གོང་འོག་སོ་སོས་དྲི་བ་དང་དྲིས་ལན་གནང་ནས་གཙོ་སྐྱོང་བས་མཐའ་སྡོམ་གྱི་གསལ་བཤད་གནང་།
   བགྲོ་གླེང་མཁན། ཡེ་ཤེས་རྒྱལ་མཚན། {རྗེ་རིན་པོ་ཆེས་མཛད་པའི་ས་ལམ་ལས་སེམས་བསྐྱེད་སྐོར་རགས་ཙམ་གླེང་བ་}ཞེས་པའི་ཁ་བྱང་འོག རྒྱུ་མཚན་རྣམ་གསུམ་གྱི་ཐོག་ནས་སེམས་བསྐྱེད་ངོས་འཛིན་དང་གཞུང་དཔེ་མི་འདྲ་བ་ཁག་དང་ཐེག་པ་ཆེ་ཆུང་སོ་སོའི་ནང་འཇོགས་ཚུལ་བྱེ་བྲག་དབྱེ་བའི་གནས་སྟངས་སོགས་གླེང་བ་དེ་བཞིན་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ངོ་བོའི་ཚིག་ཟུར་གྱི་དོགས་གནད་འགའ་རྒྱུས་ལོན་དང་འབྲེལ་ནས་བགྲོ་གླེང་སྐར་ཆ་ཉི་ཤུའི་རིང་གནང་རྗེས། 
   མདོ་སྔགས་སེམས་གསུམ་ལ་ཧུར་བརྩོན་གྱིས་འབད་འབུང་གནང་མཁན་སློབ་གཉེར་བ་རྣམས་ཀྱིས་དྲི་བ་དང་དྲིས་ལན་གནང་ནས་གཙོ་སྐྱོང་བས་མཐའ་སྡོམ་གྱི་གསལ་བཤད་གནང་།

མཇུག་མཐར་ཞུ་འདོད་པ།
གཤེན་བསྟན་ཉི་མའི་འོད་རྒྱའི་ཟེར་ཕྲེང་གཡོ།།
ཞེན་མེད་གནས་ལུགས་གཤིས་སུ་ཉེ་བར་བཅར།།
འདི་འདྲའི་དགེ་ཚོགས་བྱ་བ་གང་བགྱིས་པ།།
བསྐལ་སྲིད་བར་ལ་ཡུན་དུ་བརྟན་གྱུརད་ཅིག།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།