དབལ་ཁྱུང་བཀའ་འགྱུར་ཆ་ཚང་བཤེར་འབེབས་གནང་ཟིན་པའི་གནས་བསྡུས།

[ཟླ་ཚེས། 2020-08-03 18:37:56][རྩོམ་པ་པོ། བཤེར་འབེབས་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དབལ་ཁྱུང་དགོན་པའི་བཀའ་འགྱུར་ཆ་ཚང་བཤེར་འབེབས་ཞུས་པའི་གནས་བསྡུས།

  དེ་ཡང་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ལ་དེ་སྔའི་དུས་རབས་མི་འདྲ་བའི་ནང་ལ་བྲིས་མ་དང་ཤིང་པར། ཟངས་པར་སོགས་པར་གཞི་མི་འདྲ་བ་དུ་མ་བྱུང་བ་སོགས་ནི་སྔར་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་གསལ་ལ། འོན་ཀྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རིག་གནས་ཀྱི་རྒྱབ་ལྗོངས་སོགས་ཀྱི་རྐྱེན་དབང་གིས་རིག་གསར་རྗེས་སུ་རང་ཅག་གི་བསོད་སྐལ་དུ་གནས་ཐུབ་པ་བྱུང་བ་ནི་སྔར་ཧོར་སྦྲ་ཆེན་ག་རྒྱ་ཚང་གིས་གཏེར་སྟོན་གསང་སྔགས་གླིང་བ་མཆོག་ལ་ཕུལ་བའི་བཀའ་འགྱུར་ཏེ། དེང་དུས་སུ་ཁམས་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་བྲིས་མའི་པར་གཞི་འདི་གཅིག་པུར་གནས་ཐུབ་པ་བྱུང་ལ། གནས་ཐུབ་པ་འདི་ཡང་སྤྱིར་དབལ་ཁྱུང་དགོན་པའི་བླ་གྲྭ་སེར་སྐྱ་མི་དམངས་ཡོངས་ཀྱི་བཀའ་དྲིན་ཡིན་པ་སྨྲོས་མ་དགོས་པ་རེད།

སྤྱིའི་པོད་དང་པོ། མདོ་སྡེའི་པོད་ཐོག་མ། གཡུང་དྲུང་ལས་རྣམ་པར་དག་པའི་མདོ།
   ཁྱད་པར་དུ་རིག་གསར་སྐབས་སུ་རྒྱལ་བའི་བཀའ་འགྱུར་འདིའི་ཕྱིར་དུ་ཚེ་སྲོག་ཡང་ཁ་ཤས་ཤོར་ཡོད་ལ། ང་ཚོས་ཁོང་རྣམ་པའི་བཀའ་དྲིན་ནི་དུས་རྣམ་ཡང་བརྗེད་ཐབས་བྲལ་བ་མ་ཟད། མ་འོངས་པར་མི་རབས་ནས་མི་རབས་བར་དུ་བརྗེད་ག་ལ་སྲིད། དེ་ལྟར་མ་ཕྱི་དབལ་ཁྱུང་བཀའ་འགྱུར་པར་གཞི་འདི་ལ་བརྟེན་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་རྗེས་ནས་ད་ལྟའི་བར་དུ་བསྟན་པ་སྤྱི་ལ་དམིགས་ཏེ་བསྟན་འཛིན་སྐྱེས་ཆེན་ཁག་གཅིག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་པར་ཐེངས་མི་འདྲ་བ་ལྔ་ཙམ་བྱུང་ཡོད་ལ།  

སྤྱིའི་པོད་དོན་ལྔ་པ། འབུམ་སྡེའི་པོད་ཐོག་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲིད་པའི་ཁམས། ཁམས་ཆེན། ཀ་པོད།
  ཁྱད་པར་དུ་སྐྱབས་རྗེ་རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་པོ་༧གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག་གི་བཀས་བཀོད་བཞིན་དང་དེ་བཞིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་གཙོས་པའི་སྐྱེས་ཆེན་ཁག་གི་དགོངས་པ་བཞིན་དུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་སྟེང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དཔར་བསྐྲུན་གནང་རྒྱུ་དང་། དབལ་ཁྱུང་དགོན་པའི་བཀའ་འགྱུར་རམ་ལྷ་སྲས་རིན་པོ་ཆེའི་པར་གཞི་འདི་ཉིད་མ་ཕྱི་གནང་རྒྱུ་གཏན་ཁེལ་བྱས་ལ། ལྷ་སྲས་རིན་པོ་ཆེའི་པར་གཞི་མ་ཕྱིར་གནང་སྟེ་དཔེ་བསྡུར་རྣམ་པའི་སྒོ་ནས་ད་ཆར་དཔར་དུ་སྐྲུན་པའི་དུས་ལ་ཉེ་བཞིན་ཡོད།

སྤྱིའི་པོད་བརྒྱ་དང་ཞེ་ལྔ་པ། རྒྱུད་སྡེའི་པོད་ཐོག་མ། རྩ་རྒྱུད་གསང་བ་བསེན་ཐུབ།
  དེ་ནས་ན་ནིང་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་མཁན་རིག་འཛིན་དབང་རྒྱལ་མཆོག་གཙོས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་རྣམ་པ་དང་བློ་འདྲི་རྣམ་པ། ཚོགས་གཞོན་རྣམ་པ་གཙོས་པའི་འབྲེལ་ཡོད་རྣམ་པ་ཡོངས་ནས་ཁམས་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་དབལ་ཁྱུང་བཀའ་འགྱུར་གྱི་མ་གཞི་བཤེར་འབེབས་གནང་རྒྱུའི་གྲོས་གཞི་གནང་བ་དང་ཁྱད་པར་དུ་དབལ་ཁྱུང་བཀའ་འགྱུར་གྱི་བདག་པོ་དབལ་ཁྱུང་དགོན་པའི་འགན་འཛིན་རྣམ་པ་ཡོངས་ལ་རེ་བཅོལ་གནང་བ་ལ། ཁོང་འགན་འཛིན་རྣམ་པས་ཀྱང་བསྟན་པ་སྤྱི་ལ་གཟིགས་རྒྱང་རིང་དུ་གནང་སྟེ་མི་སྒེར་ཙམ་མ་ཡིན་པར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་བཤེར་འབེབས་གནང་ཆོག་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་གསུང་ལན་གནང་།

སྤྱིའི་པོད་བརྒྱ་དང་དོན་གཅིག་པ། སེམས་སྡེའི་པོད་ཐོག་མ། རྫོགས་ཆེན་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི།
   དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་གཙོས་པའི་ཚོགས་གཙོ་ཚན་ཆུང་གིས་རྒྱུན་ལས་ཚོགས་གཙོ་གཞོན་པ་མཁན་རིག་འཛིན་དབང་རྒྱལ་མཆོག་ནས་དབལ་ཁྱུང་བཀའ་འགྱུར་འདི་ཉིད་བཤེར་འབེབས་བཀོད་སྒྲིག་གི་གཙོ་འགན་བཞེས་རྒྱུ་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་ཁུར་བ་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་གཉིས་ནས་བཤེར་འབེབས་ཀྱི་ལས་ཀ་འགན་ཁུར་རྒྱུའི་གྲོས་ཆོད་གནང་ལ།
   དེ་ནས་སྤྱིའི་འཆར་གཞི་ལ་༢༠༡༩ལོའི་ཟླ་བ་༡༡པའི་ནང་ལ་བཤེར་འབེབས་གནང་འཆར་ཞུས་མོད་རྐྱེན་དབང་ཞིག་གིས་གནང་ཐུབ་མེད་ལ། དེ་ནས་ད་ལོའི་སྤྱི་ཟླ་༦པ་དང་༧པའི་ནང་ལ་རྒྱུན་ལས་ཚོགས་གཞོན་མཁན་རིག་འཛིན་དབང་རྒྱལ་མཆོག་སྔ་ཕྱི་ཐེངས་གཉིས་ལ་ཆེད་དུ་ཁམས་ཉག་རོང་དབལ་ཁྱུང་དགོན་དུ་ཕེབས་ཏེ་དབལ་ཁྱུང་བཀའ་འགྱུར་འདི་ཉིད་བཤེར་འབེབས་གནང་རྒྱུའི་སྐོར་ལ་དབལ་ཁྱུང་དགོན་པའི་འགན་འཛིན་རྣམ་པ་དང་གྲོས་བསྡུར་གནང་སྟེ་སྤྱི་ཟླ་༧པའི་ཚེས་༢༣ཉིན་ནས་བཤེར་འབེབས་གནང་རྒྱུའི་གྲོས་ཆོད་གནང་།

བཀའ་འགྱུར་སྤྱིའི་པོད་ཨང་༥༥པ་རྫུ་འཕྲུལ་རིག་པ་ཁུ་བྱུག་གི་མདོ། ༼དངུལ་བྲིས།༽

   དེ་ནས་གྲོས་ཆོད་ལྟར་སྤྱིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་ཁུར་བ་དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་དྲུང་གཞོན་རིན་སྤུངས་ཚུལ་བསྟན་གཉིས་ཀས་བཤེར་འབེབས་ཀྱི་ལས་ཀ་གནང་དགོས་ཀྱང་དྲུང་ཆེ་འགོ་བ་དགེ་བཤེས་ཁོང་སྐུའི་སྙུང་གཞི་རྐྱེན་གྱིས་བཤེར་འབེབས་ཕྱག་ལས་ལ་ཕེབས་ཐུབ་མེད་པ་དང་།  
   དེ་ནས་སྤྱི་ལོ་༢༠༢༠ལོའི་ཟླ་བ་༧པའི་ཚེས་༢༠ནས་༢༢བར་ཉིན་གསུམ་ལ་བཤེར་འབེབས་སོགས་ཀྱི་ཆ་རྐྱེན་གློག་ཀླད་དང་བཤེར་འབེབས་འཕྲུལ་ཆས་སོགས་གྲ་སྒྲིག་བྱས་ཤིང་། དེ་ནས་སྤྱི་ཚེས་༢༣ཉིན་ཚོགས་གཙོ་རྒན་གཞོན་རྣམ་པ་དང་ཁྱད་པར་དུ་ལས་གཞི་འདིའི་གཙོ་འགན་པ་མཁན་རིག་འཛིན་དབང་རྒྱལ་མཆོག་གི་བཀའ་དགོངས་བཞིན་དབལ་ཁྱུང་བཀའ་འགྱུར་བཤེར་འབེབས་ཀྱི་ལས་ཀ་བ་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་དང་གཞུང་ལས་ཁང་གི་ལས་ཀ་བ་གཡུང་དྲུང་རྣམ་རྒྱལ། དེ་སྔའི་གཞུང་ལས་ཁང་གི་སྒྲུབ་བླ་སྐལ་བཟང་བསྟན་འཛིན། གཡང་གི་ཕྱུག་མོ་པར་སྒྲིག་ཁང་གི་ཨ་ཡག་བཅས་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་ནས་གཡང་རྔ་དང་ལྕགས་ཟམ་ཁ། དར་རྩེ་མདོ། ཉག་ཆུ་རྫོང་བཅས་བརྒྱུད་དེ་ཉག་རོང་རྫོང་དུ་སླེབས།
   དེའི་ཉིན་ཆར་འབབ་ཆེ་དྲག་པས་ལམ་འཆུག་པ་སོགས་ཀྱི་རྐྱེན་དབང་གིས་དབལ་ཁྱུང་དགོན་དུ་སླེབས་ཐུབ་མེད། དེ་ནས་ཚེས་༢༤ཉིན་གྱི་ཉིན་གུང་རྗེས་སུ་མཁན་རིག་འཛིན་དབང་རྒྱལ་མཆོག་གི་སྐུ་མཆེད་ཚེ་རིང་ལོ་བརྒྱ་སོགས་ཀྱིས་རོགས་འདེགས་བླ་མེད་འོག་ངེད་བཤེར་འབེབས་ལས་ཀ་བ་རྣམས་དབལ་ཁྱུང་དགོན་དུ་སླེབས་པ་དང་། དེ་ནས་དབལ་ཁྱུང་དགོན་པའི་འགན་འཛིན་རྣམ་པ་ནས་བཞུགས་ཤག་སོགས་གྲ་སྒྲིག་གྱ་ནོམ་པ་གནང་། དེའི་དགོང་མོར་དགོན་པའི་འགན་འཛིན་རྣམ་པ་དང་བཀའ་འགྱུར་བཤེར་འབེབས་སྐོར་ལ་གྲོས་བསྡུར་གནང་སྟེ་རིན་སྤུངས་ཚུལ་བསྟན་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དབལ་ཁྱུང་བཀའ་འགྱུར་བཤེར་འབེབས་གནང་དགོས་པའི་དམིགས་ཡུལ་དང་བཤེར་འབེབས་གནང་ཚུལ་སོགས་ཞུས་ཤིང་། དེ་ནས་དབལ་ཁྱུང་དགོན་པའི་འགན་འཛིན་རྣམ་པས་ཀྱང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོང་དགོན་པའི་བཀའ་འགྱུར་འདི་བཤེར་འབེབས་གནང་བར་དགའ་བསུ་དང་རོགས་སྐྱོར་གང་དགོས་ཞུས་པ་དང་མ་འོངས་པར་དབལ་ཁྱུང་བཀའ་འགྱུར་བཤེར་འབེབས་མ་འདིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་ཕན་པའི་རེ་འབོད་གནང་།
   དེ་ནས་བཤེར་འབེབས་ལས་ཀ་བ་རྣམས་དབལ་ཁྱུང་དགོན་གྱི་བཀའ་འགྱུར་ཁང་དུ་མཇལ་ཞུས་གནང་སྟེ་བཤེར་འབེབས་དངོས་སུ་ལས་འགོ་ཟིན་ལ་འོན་ཀྱང་དེའི་ཉིན་ལ་གློག་མེད་སྟབས། ཉིན་གཅིག་ལྷག་རིང་ལ་དགོན་པའི་འགན་འཛིན་རྣམ་པས་སྣུམ་གློག་བཀོད་སྒྲིག་གནང་སྟེ་ང་ཚོས་སྣུམ་གློག་ལ་བརྟེན་ནས་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་བཀའ་མདོ་འབུམ་རྒྱུད་མཛོད་བཞི་ལས་ཐོག་མ་དེ་མདོ་ཡི་བཀའ་པོད་དང་པོ་<<གཡུང་དྲུང་ལས་རྣམ་པར་དག་པའི་མདོ་>>དབུ་ཚུགས་ཏེ་བཤེར་འབེབས་ཀྱི་ལས་འགོ་བརྩམས་པ་དང་། ཕྱི་ཉིན་ཉག་རོང་རྫོང་གློག་ཁང་གི་དབུ་ཁྲིད་ནམ་མཁའ་ལགས་ཀྱིས་རོགས་སྐྱོར་འོག་གློག་སླེབས་པ་དང་།
   དེ་ནས་ཉིན་ལྟར་ཞོགས་པ་ཆུ་ཚོད་༦དང་སྐར་མ་༣༠ནས་དགོང་མོའི་ཆུ་ཚོད་༨པའི་བར་ལ་བཤེར་འབེབས་ཀྱི་ལས་ཀ་གནང་ལ། ལས་ཀའི་བར་གསེང་དུ་ཞོགས་ཇ་དང་དྲོས་ཇ། གུང་ཇ། དགོང་ཟས་བཅས་ཟ་སྐབས་ཙམ་ལས་གཞན་བཤེར་འབེབས་ཁོ་ནས་དུས་འདའ་བར་བྱས། དབལ་ཁྱུང་དགོན་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་རྨི་༤༣༠༠ཡོད་སྟབས་བཤེར་འབེབས་པ་གཡང་གི་ཕྱུག་མོ་ཚང་གི་ཨ་ཡག་ལགས་ས་མཐོའི་རྐྱེན་གྱིས་སྙུང་སྟེ་སླར་ཁྲིན་ཏུའུ་ལ་ལོག་དགོས་ཁེལ་ལ། དེ་ནས་བཤེར་འབེབས་པ་རིན་སྤུངས་ཚུལ་བསྟན་དང་སྐལ་བཟང་བསྟན་འཛིན། གཡུང་དྲུང་རྣམ་རྒྱལ་སོགས་ནས་མུ་མཐུད་དུ་བཤེར་འབེབས་གནང་ལ།
  
   བཤེར་འབེབས་སྐབས་སུའང་དགེ་སྐོས་འཇམ་དཔལ་སེང་གེ་དང་བླ་རྒན་འཆི་མེད་གཡུང་དྲུང་། བླ་རྒན་དབལ་གསས་སྐྱབས་སོགས་ནས་བཤེར་འབེབས་ཆ་ཚང་ལ་བཤེར་འབེབས་གནང་རོགས་ཞུས་ཤིང་།
   བཤེར་འབེབས་ཀྱི་རིང་ལ་དབལ་ཁྱུང་དགོན་པའི་ཚེས་བཅུའི་འཚོགས་ཡོད་སྟབས།
   ཚེས་བཅུའི་ཉིན་གྱི་ཉིན་གུང་བར་ལ་ངེད་བཤེར་འབེབས་པ་རྣམས་དབལ་ཁྱུང་དགོན་པའི་ཚེས་བཅུའི་འཆམ་སྟོན་སོགས་ལ་གཟིགས་པ་དང་།
   ཕྱི་ཉིན་བླ་རྒན་རྣམ་པས་རེ་བསྐུལ་ལྟར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ནས་དབལ་ཁྱུང་དགོན་པའི་འགན་འཛིན་རྣམ་པ་གཙོས་པའི་གྲྭ་མང་དང་དད་ལྡན་མང་ཚོགས་ཁག་གཅིག་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོ་སྤྲོད་ཞུས་ཤིང་། ཁྱད་པར་དུ་དབལ་ཁྱུང་དགོན་པའི་བཀའ་འགྱུར་འདི་ཉིད་གལ་ཆེན་ཡིན་ཚུལ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབལ་ཁྱུང་དགོན་པའི་བཀའ་འགྱུར་འདི་བཤེར་འབེབས་གནང་དགོས་པའི་དམིགས་ཡུལ་དང་དགོས་པ་སོགས་ཀྱི་སྐོར་ལ་ངོ་སྤྲོད་ཞིབ་རྒྱས་གནང་ཤིང་།
   དེ་ནས་དབལ་ཁྱུང་དགོན་པའི་དགེ་སྐོས་རིག་འཛིན་རྣམ་རྒྱལ་དང་སྤྲུལ་སྐུ་བསམ་གཏན་དགེ་ལེགས་གཙོས་པའི་བླ་གྲྭ་རྣམ་པ་དང་། དེ་ནས་དད་ལྡན་མང་ཚོགས་ཀྱི་འཐུས་ཚབ་སྟག་ལ་ཚེ་རིང་བཅས་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབལ་ཁྱུང་དགོན་པའི་བཀའ་འགྱུར་ལ་མཐོང་ཆེན་སོགས་གནང་བར་བཀའ་དྲིན་ཆེ་ཚུལ་དང་དབལ་ཁྱུང་བཀའ་འགྱུར་གྱི་ལོ་རྒྱུས་སྐོར་ངོ་སྤྲོད་ཞུས། ཁྱད་པར་དུ་མ་འོངས་པར་དབལ་ཁྱུང་དགོན་པའི་བཀའ་འགྱུར་བཤེར་འབེབས་མ་འདི་ཉིད་པར་སྐྲུན་དང་གློག་རྡུལ་སོགས་གང་འདྲ་གནང་ཡང་ངོ་བོ་དབལ་ཁྱུང་བཀའ་འགྱུར་མིང་མི་འགྱུར་བའི་རེ་བཅོལ་ཆེན་པོ་གནང་བ་དང་དབལ་ཁྱུང་བཀའ་འགྱུར་སྲུང་སྐྱོབ་ཆེད་དུ་ཚེ་ལས་འདས་པ་རྣམས་ལ་ལྷན་ཚོགས་ངོས་ནས་བསྔོ་སྨོན་གནང་བའི་རེ་བ་སོགས་ཞུས་པ་དང་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ནས་དབལ་ཁྱུང་དགོན་ལ་བཀའ་དྲིན་ལེགས་གསོལ་གྱི་རྒྱལ་བའི་བཀའ་འགྱུར་དེབ་གཟུགས་ཚར་གཅིག་སོགས་ཕུལ།
   དེ་ནས་ཉིན་གུང་རྗེས་སུ་བཤེར་འབེབས་པ་རྣམས་གནས་ཆེན་ལྷང་བྲག་ནོར་བུ་རྩེར་རྩེ་སྐོར་དུ་སོང་ལ། ལྷང་བྲག་ནོར་རྩེ་འདི་ནི་སྔར་སངས་རྒྱས་གླིང་བ་མཆོག་གིས་གནས་སྒོ་ཕྱེས་པ་དང་། སྐོར་ལམ་དུ་སངས་གླིང་རི་ཁྲོད་མཇལ་ལ། གསང་གླིང་རི་ཁྲོད་ནི་སྔར་ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེས་རྫོགས་ཆེན་སྐུ་གསུམ་རང་ཤར་གསུངས་གྲུབ་རྗེས་རི་ཁྲོད་འདིར་རྩ་རླུང་ཐོག་མར་བཞུགས་པར་གྲགས་ལ། ཁྱད་པར་དུ་སྤྱིར་དབལ་ཁྱུང་དགོན་པ་དང་དགོས་སུ་དབལ་ཁྱུང་བཀའ་འགྱུར་ཉར་ཚགས་གནང་མཁན་གྲས་ཀྱི་བླ་མ་གཡུང་དྲུང་དོན་གྲུབ་སོགས་བསྟན་འཛིན་སྐྱེས་ཆེན་དུ་མ་རི་ཁྲོད་འདིར་བསྙེན་འཚམས་བཞུགས་པ་དང་། དེ་ནས་གནས་རིའི་བྱང་ངོས་སུ་མཁའ་འགྲོ་མཁའ་སྤྱོད་དབང་མོ་མཆོག་གིས་གཏེར་གནས་སོགས་བྱིན་ཅན་གྱི་གནས་ཁྱད་པར་བ་ཡང་མཇལ་ཐུབ།
   དེ་ནས་སྤྱི་ཚེས་༣༡ཉིན་གྱི་ཉིན་གུང་ཆུ་༣པའི་སྟེང་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་དཔེ་རྙིང་གཙོས་པའི་ཁྱོན་བསྡོམས་པོད་༡༨༥བཤེར་འབེབས་ཡོངས་རྫོགས་ལེགས་གྲུབ་བྱུང་། དེ་ནས་དགོན་པའི་འགན་འཛིན་རྣམ་པ་དང་བཤེར་འབེབས་པ་རྣམས་བཀའ་འགྱུར་ཁང་དུ་ཕེབས་ནས་བཀའ་འགྱུར་པོད་གྲངས་རྣམས་རྩིས་སྤྲོད་ཞིབ་རྒྱས་ཕུལ་ཏེ་མཐར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་ཁྱད་པར་དུ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་དབལ་ཁྱུང་བཀའ་འགྱུར་འདི་ཉིད་བསྟན་འགྲོའི་མགོན་དུ་བཞུགས་པའི་སྨོན་ལམ་རྒྱས་འབུལ་ཞུས།
   དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ནས་བཀའ་འགྱུར་བཤེར་འབེབས་ཀྱི་ལས་དོན་ལ་དངོས་སུ་བཞུགས་མཁན་གྱི་དགེ་སྐོས་འཇམ་དཔལ་སེང་གེ་དང་རིག་འཛིན་རྣམ་རྒྱལ། བླ་རྒན་འཆི་མེད་གཡུང་དྲུང་། བླ་རྒན་དབལ་གསས་སྐྱབས་སོགས་ལ་བཀའ་དྲིན་ལེགས་གསོལ་གྱི་དར་དཀར་སོགས་ཕུལ།
   དེ་ནས་བཀའ་འགྱུར་བཤེར་འབེབས་པ་རྣམས་ཀྱིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་ལས་དོན་ལེགས་གྲུབ་བྱུང་སྟེ། དབལ་ཁྱུང་དགོན་པའི་དགེ་སྐོས་འཇམ་དཔལ་སེང་གེ་ལགས་ནས་བཤེར་འབེབས་པ་རྣམས་ཉག་རོང་རྫོང་དུ་སྐྱེལ་ཞིང་བཤེར་འབེབས་པ་རྣམས་ཁམས་ཉག་རོང་ཁོངས་ཀྱི་བོན་དགོན་ཆེ་ཤོས་ཏེ་དཔལ་ལྡན་ཡེ་ཤེས་དགོན་དུ་མཆོད་མཇལ་ཞུས།
   སྤྱི་ཟླ་༨པའི་ཚེས་༡ཉིན་བཤེར་འབེབས་པ་རྣམས་གོང་རྒྱལ་དགོན་དང་བྱ་བཏང་རི་ཁྲོད། རྒྱ་ཞིག་དགོན། སུ་ལའི་རི་ཁྲོད་དམ་ལ་ཁ་དགོན་པ། ཀླུ་འབུམ་དགོན་བཅས་ལ་མཆོད་མཇལ་ཞུས་ཤིང་། སྤྱི་ཚེས་༢ཉིན་ཁྲིན་ཏུའུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་བདེ་འཚམས་ངང་འབྱོར་བའོ། །
བཀའ་དྲིན་ཐུགས་རྗེ་ལེགས་གསོལ་ཞུ་ཡུལ།
   ད་ཐེངས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་གཙོས་པའི་ལྷན་ཚོགས་ངོས་ནས་བཀོད་སྒྲིག་ཟབ་རྒྱས་གནང་བ་དང་། ཁྱད་པར་དུ་ལས་གཞི་འདིའི་སྤྱིའི་བཀོད་སྒྲིག་འགན་ཁུར་བ་རྒྱུན་ལས་ཚོགས་གཙོ་གཞོན་པ་མཁན་རིག་འཛིན་དབང་རྒྱལ་མཆོག་གིས་བཀོད་སྒྲིག་དང་སློབ་སྟོན་ཟབ་གནད་གནང་ལ། ཡང་ཁྱད་དུ་ད་ཐེངས་ཀྱི་ལས་གཞི་འདི་བདེ་བླག་ངང་གྲུབ་པ་འདིའང་མི་སྣ་གང་མང་ཞིག་གིས་རོགས་རམ་དང་རྒྱབ་སྐྱོར་གནང་བར་བརྟེན་འགྲུབ་པ་ཡིན་ལ། སྤྱིར་ཁམས་ཉག་རོང་དབལ་ཁྱུང་དགོན་གྱི་བསྟན་བདག་གསང་གླིང་ཡང་སྤྲུལ་འཆི་མེད་གླིང་བ། མཁའ་འགྲོ་རིག་འཛིན་དབང་མོ། སྤྲུལ་སྐུ་ནམ་མཁའ་གཡུང་དྲུང་། ཀྲུའུ་རེན་ཀུན་བཟང་ཉི་མ། དགེ་སྐོས་འཇམ་དཔལ་སེང་གེ། རིག་འཛིན་རྣམ་རྒྱལ། པད་མ་བསྟན་འཛིན། རྣམ་རྒྱལ་གྲགས་པ། བླ་རྒན་འཆི་མེད་གཡུང་དྲུང་། བླ་རྒན་དབལ་གསས་སྐྱབས་སོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞུས་པ་ལགས། གཞན་ཡང་དབལ་ཁྱུང་དགོན་པའི་བླ་གྲྭ་འདུས་པ་རྒྱ་མཚོ་ཡོངས་དང་དད་ལྡན་མང་ཚོགས་རྣམ་པ་དང་། ཤང་ལང་གཤིས་ཤང་གི་ཧྲུའུ་ཅི་ཚེ་རིང་ལོ་བརྒྱ་དང་ཉག་རོང་རྫོང་གློག་ཁང་གི་དབུ་ཁྲིད་ནམ་མཁའ་སོགས་ལ་ཡང་བཀའ་དྲིན་ཆེ་ཆེ་ཞུ། གཞན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་ནས་བཤེར་འབེབས་པ་རྣམས་ཁྲིན་ཏུའུ་ནས་ཉག་རོང་དགོན་དུ་འགྲོ་བྱེད་རླངས་འཁོར་གླ་གནང་བར་བཀའ་དྲིན་ཆེ་ཞུ། མཐར་དབལ་ཁྱུང་བཀའ་འགྱུར་སྲུང་སྐྱོབ་ཕྱིར་དུ་ཚེ་ལས་འདས་པ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་འཐོབ་པའི་སྐྱབས་འཇུག་ཞུ་རྒྱུ་དང་དབལ་ཁྱུང་དགོན་པའི་བླ་གྲྭ་འདུས་པ་ཡོངས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཀྱི་བསྟན་པ་ཡུན་ནས་ཡུན་དུ་དར་བའི་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་དབལ་ཁྱུང་བཀའ་འགྱུར་གྱི་བསྟན་པ་ཕྱོགས་སུ་རྒྱས་ཤིང་ཅི་སྲིད་འཁོར་བ་མ་སྟོང་བར་དུ་གནས་པའི་སྨོན་འདུན་ཞུས་པ་ལགས་སོ། །
ཞེས་དབལ་ཁྱུང་བཀའ་འགྱུར་བཤེར་འབེབས་ཚན་ཆུང་གིས་སྤེལ་བའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།