ཁམས་བྲག་འགོ་རྒྱལ་རོང་བཙུན་མའི་དགོན་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་ནས་དགེ་བཤེས་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2020-07-29 10:07:00][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁམས་བྲག་འགོ་རྒྱལ་རོང་བཙུན་མའི་དགོན་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་དགེ་བཤེས་མཛད་སྒོ་ངོ་སྤྲོད་རགས་བསྡུས།

  ཐོག་མར་རྟེན་འབྲེལ་གྱི་དར་དཀར་རིང་མོ་ཞིག་གིས་དགེ་བཤེས་མཛད་སྒོའི་དུས་ཁྱད་པར་ཅན་གྱི་སྒོ་ལེགས་པར་ཕྱེས་ཏེ། སྐལ་བཟང་གི་དུས་འདིར། རྟེན་འབྲེལ་དང་ཁ་གཡང་འབོད། བཀྲ་ཤིས་ཕུན་ཚོགས་ཀྱི་དུས་སྟོན་འདིར། དགེ་བཤེས་ཀྱི་མཛད་སྒོ་ཟབ་རྒྱས་ངང་ཉིན་བདུན་གྱི་རིང་ལ་རང་དགོན་དུ་འཚོགས་ཐུབ་པ་བྱུང་བ་མ་ཟད། ཚོགས་ཐོག་ཏུ་ཕེབས་པའི་དགེ་བའི་བཤེས་གཉེན་རྣམས་དང་ད་རེས་དགེ་བཤེས་མཛད་སྒོའི་མགོ་མཇུག་བར་གསུམ་དུ་སྐུ་རོགས་བྱེད་པའི་སྤྲུལ་བའི་སྐུ་མཆོག་དམ་པ་འཆི་མེད་གཡུང་དྲུང་དང་སློབ་དཔོན་ཤེས་རབ་སྦྱིན་པ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་ལགས། ཞོར་དུ་ཉིན་བདུན་གྱི་རིང་གི་མཛད་རིམ་ངོ་སྤྲོད་ཙམ་ཞུས་ན། ཟླ་བ་བདུན་པའི་ཚེས་ཉེར་གཅིག་ནས་དགེ་བཤེས་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་དབུ་བཟུང་ཞིང་། ཉིན་དེར་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་ཆེད་ཞུས་གནང་སྟེ། ཁོང་གི་བཀའ་སློབ་མང་དུ་བསྩལ་བར་མ་ཟད། ཁམས་ཕྱོགས་ནས་དགེ་བཤེས་མའི་མཛད་སྒོ་འདི་ལྟ་བུ་ཞིག་ད་སྔ་སྐྱོང་མེད་ཚུལ་དང་ད་རེས་ཀྱི་མཛད་སྒོའི་འདི་རྣམ་པ་གང་གི་ཕྱོགས་ནས་ཀྱང་འཐུས་སྒོ་ཚང་ཚུལ་དང་དེ་ལྟར་བསྒྲུབས་པར་ཐུགས་རངས་ཡོད་ཚུལ་གསུངས། ཚེས་ཉེར་གཅིག་ནས་ཉེར་གསུམ་བར་སྔོན་འགྲོའི་ཚིག་བཤད་གྱེར་རྒྱུ་དང་། ཚེས་ཉེར་བཞི་དང་ཉེར་ལྔ་གཉིས་ལ་དགེ་བཤེས་དམ་བཅའ་འཇོག་རྒྱུ། ཚེས་ཉེར་དྲུག་ཉིན་རིས་མེད་ཆོས་བརྒྱུད་བཙུན་མའི་བགྲོ་གླེང་ཆེན་མོ་འཚོགས་རྒྱུ། ཚེས་ཉེར་བདུན་ཉིན་རབ་འབྱམས་དགེ་བཤེས་མ་རྣམ་པ་བརྒྱད་དེ། དགེ་བཤེས་མ་བདེ་ཆེན་རང་རིག་དབང་མོ་དང་། དགེ་བཤེས་མ་ཚུལ་ཁྲིམས་ཤེས་རིག་དབང་མོ། དགེ་བཤེས་མ་ཁྲི་བཙུན་བྱམས་མ་ལྷ་མཛེས། དགེ་བཤེས་མ་ཚུལ་ཁྲིམས་ལུང་རིག་དཔལ་འཛིན། དགེ་བཤེས་མ་བསམ་གཏན་མི་འགྱུར་ལྷ་མོ། དགེ་བཤེས་མ་འགྲོ་བ་སེམས་ཉིད་བཟང་མོ། དགེ་བཤེས་མ་བྱམས་པ་འདུལ་འཛིན་ལྷ་མོ། དགེ་བཤེས་མ་གཡུང་དྲུང་བྱང་ཆུབ་སེམས་མ་བཅས་ལ་སེར་ཚོགས་སྟོང་ཕྲག་གི་དབུས་ནས་དགེ་བཤེས་མཚན་རྟགས་ཀྱི་ཕྱག་འཁྱེར་གནང་སྟེ་སྐལ་བཟང་ཁྲི་སྟོན་བྱ་རྒྱུ་དང་བཅས་ངོ་སྤྲོད་མདོར་བསྡུས་ཞུས་པ་ལགས། ད་རེས་འདིར་སེར་ཚོགས་ཀྱི་འདུ་འཛོམས་སྟོང་ཕྲག་ལས་བརྒལ་ཞིང་། ཕྱོགས་སོ་སོ་ནས་ཕེབས་པའི་ངེས་པ་དོན་གྱི་མཁས་པའི་དབང་པོ་རྣམ་པ་དང་། དགེ་བཤེས་རྣམས་ཀྱི་འདུ་ཚོགས་ཀྱང་བརྒྱ་ཕྲག་ལས་འདས་ཏེ། ཟབ་རྒྱས་ངང་འཚོགས་ཐུབ་པ་བྱུང་བ་སྤྲ་ོབ་འཕེལ་བའི་རྒྱུ་རུ་མ་ཟད། འདི་ནི་བོད་ཀྱི་དགེ་བཤེས་མའི་མཛད་སྒོ་ཨང་གཉིས་པ་དང་ནང་སྒོས་སུ་ཁམས་ཕྱོགས་ཀྱི་དགེ་བཤེས་མའི་མཛད་སྒོ་ཐོག་དང་པོ་རུ་བགྲང་ཆོག་པའི་མ་འགྲིག་རང་འགྲིག་གི་རྟེན་འབྲེལ་འདི། རྩ་བའི་བླ་མའི་སྐུ་བསོད་དང་། དགེ་རྒན་བཀའ་དྲིན་ཅན་དག་གི་ཐུགས་དྲིན་ཁོ་ན་ལས་བྱུང་བ་ཡིན་པས། ངེད་དགོན་པའི་ལས་ཀྱི་སྣེ་མོ་ཡོངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་བཀའ་དྲིན་ལན་བརྒྱར་ཞུས་པ་དང་། མ་ཚད་ཆེད་ཕེབས་གནང་བའི་དགེ་བཤེས་རྣམས་དང་རིགས་ལམ་པ་ཡོངས་ལ་སླར་ཡང་ཐུགས་ཆེ་ཞུས་པ་ཡིན་ནོ། །ཞེས་བཀོད་སྒྲིག་ཚན་ཆུང་གིས།





































 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།