དཔལ་གཤེན་བསྟན་བེ་སྒོ་དགོན་གྱི་སྐབས་དང་པོའི་ཤར་རྫའི་སྒྲུབ་ཐོན་མཛད་པའི་གནས་བསྡུས།

[ཟླ་ཚེས། 2020-03-24 15:56:32][རྩོམ་པ་པོ། མཁར་སར་མཁྱེན་བརྩེ་དབང་ཕྱུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  གདོས་བཅས་ཟག་ཕུང་འོད་སྐུ་ཕྱི་ནས་གྲོལ།། དབྱིངས་རིག་ཟུང་འཇུག་ལྟ་བ་ནང་ནས་ལྡངས།། སྙིགས་དུས་རྫོགས་ཆེན་འཇའ་ལུས་བླ་མ་རྗེ།། ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལ་ཕྱག་འཚལ།། མཁས་པ་རྨེའུ་གདུང་ལས་སྲིད་འདིར་ཕེབས།། སྟོད་སྨད་ཀུན་ཏུ་བོན་གྱི་མཛད་འཕྲིན་སྤེལ།། སྙིགས་དུས་འགྲོ་ལ་གསང་གསུམ་བོན་གཏེར་སྩལ།། གཏེར་སྟོན་བདེ་ཆེན་གླིང་པའི་ཞབས་ལ་འདུད།། ཁྱུང་དཀར་མངའ་རིས་ནོར་འཛིན་གླིང་དུ།། སྨྲ་སེང་རྣམ་རོལ་མཁས་གྲུབ་གཉིས་ལྡན་རྗེ།། བསྟན་འགྲོ་གཉིས་ལ་མཛད་པ་རྒྱ་ཆེ་བ།། སེམས་དཔའ་ནམ་མཁའ་གྲགས་པ་དད་པས་མཆོད།། རིགས་རུས་སྨོན་རྒྱལ་ཚང་གི་གདུང་ལས་གྲོལ།། སྨིན་པའི་ཡུམ་ཆེན་ཀུན་གྲོལ་གཏེར་སྲས་ལས།། གྲོལ་བའི་ཧུྃཿཆེན་བླ་མའི་རྣམ་རོལ་བ།། ནམ་མཁའ་དབང་ལྡན་ཞབས་ལ་གུས་བརྒྱའི་འདུད།།

  ཅེས་མཆོད་ཚིག་ཨུ་དཔལ་དཀར་པོས་མདུན་བསུས་ནས་སྐབས་འདིར་ཞུ་བར་བྱ་བ་ནི། ཁྱུང་པོ་སྟེང་ཆེན་ཁུལ་གྱི་ལྷོ་ཕྱོགས་སུ་གནས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་སྔར་ཁྱུང་པོ་དཀར་ནག་སེར་གསུམ་ལས་ནག་རུ་ཚང་གི་མངའ་འབངས་ཀྱི་སྡེར་གཏོགས་པ་ཁྱུང་ཡུལ་སྨད་དགོན་དྲུག་གི་ཡ་གྱལ། གཏམ་སྨད་བེ་སྒོ་དགོན་རབ་བརྟན་གླིང་འདི་ཉིད་ཕྱག་བཏབ་པའི་ལོ་རབས་གསལ་པོར་བཤད་མ་ཐུབ་ཀྱང་། ཕྱིས་སུ་གཏེར་སྟོན་བདེ་ཆེན་གླིང་པས་དགོན་པ་འདི་ཉིད་གནས་སྤོས་མཛད་པའི་ལོ་རྒྱུས་གནའ་ཤུལ་དེང་དུས་དངོས་སུ་མཇལ་དུ་ཡོད། ཕྱིས་སུ་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་གཏེར་སྟོན་སངས་རྒྱས་གླིང་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ་སེམས་དཔའ་ཉེར་ལྔའི་ནང་ཚན་ཁྱུང་པོ་རབ་འབྱམས་པ་འམ། ༧སྨོན་རྒྱལ་གདུང་འཛིན་ནམ་མཁའ་གྲགས་པ་མཆོག་ལ་གཏམ་སྨད་སྡེ་དགོན་ཐུན་མོང་གིས་གསོལ་སྨོན་གང་བཏབ་པ་ཇི་བཞིན་སྨོན་རྒྱལ་བླ་རབས་རིམ་བྱོན་གྱིས་བེ་དགོན་གཟིགས་རྒྱུའི་གསོལ་བ་རྩེ་གཅིག་ཏུ་བཏབ་བཞིན་གཟིགས་ཡིག་བཀའ་སློབ་སྤྱི་བོར་བསྩལ་བ་ནས་བཟུང་། དགོན་འདི་ཉིད་སྨོན་རྒྱལ་རིན་པོ་སེམས་དཔའ་ནམ་མཁའ་གྲགས་པའི་གདུལ་བྱའི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཏོ། །

     དགོན་པ་དེ་ཉིད་ལ་ཕྱི་ནང་གང་ཐད་ནས་ལྷ་མིའི་སྨོན་པ་འཆོར་སའི་གཤེན་སྡེ་ཞིག་ཏུ་གྱུར་ཡོད་པ་རྒན་རབས་རྣམས་ཀྱི་ངག་རྒྱུན་ལས་ཐོས། སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པའི་སྐུ་དུས་སུ་རྒྱབ་རི་ལྷ་ཟེ་བྲག་གི་མགུལ་དུ་སྟེང་ལ་སྨོན་རྒྱལ་བླ་བྲང་གི་གཟིམས་ཆུང་དང་ལྷ་ཁང་ནང་རྟེན་གཙོ་བོ་གཤེན་རབ་རྣམ་པར་རྒྱལ་བ་སོགས་ཟང་གསེར་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད། གཡས་ཕྱོགས་སུ་འདུ་ཁང་ངམ་གཙུག་ལག་ཁང་ཆེ་བ་སེར་ཁྱིམ་པའི་འཚོགས་ཁང་ནང་རྟེན་སྐུ་གསུང་ཐུགས་རྟེན་དང་བཅས་པ། གཡོན་དུ་འདུ་ཁང་ཆུང་བ་ཀ་དྲུག་མ་རབ་བྱུང་པའི་འཚོགས་ཁང་སྐུ་གསུང་ཐུགས་རྟེན་དང་བཅས་པ། བར་དུ་སྒྲུབ་ཁང་ངམ་སྲུང་མ་ཁང་དུ་བཀའ་སྐྱོང་སྡེ་དྲུག་གི་རྟེན་མཁར་ཡོད་ཅིང་། བླ་བྲང་གི་སྒྲུབ་ཁང་གཙོ་བོ་གཤེན་དམར་སྤྱི་འདུལ་གྱི་སྒྲུབ་ཁང་གཅིག་དང་། དགོན་པའི་ཡི་དམ་གཙོ་བོ་དབལ་གསས་བྱེད་པས་ན་དབལ་གསས་ཀྱི་སྒྲུབ་ཁང་བཅས་སྒྲུབ་ཁང་གཉིས་ཆད་མེད་ཡོད་པའི་བཤད་སྲོལ་འདུག འོག་ཏུ་འཆམ་ར་དང་། མཐའ་སྐོར་དུ་སྨོན་རྒྱལ་ནམ་མཁའ་གྲགས་པའི་སློབ་མའི་ཐུ་བོ་བེ་རུ་རྒྱལ་བ་ཞེས་མཁས་གྲུབ་གཉིས་ལྡན་གྱི་རྟོགས་ལྡན་དམ་པ་ཁོང་ནི་དགོན་འདིའི་དབུ་མཛད་ཆེན་མོ་ཡིན་ཞིང་དགོན་པའི་མདུན་གྱི་གཡས་ཕྱོགས་སུ་དམ་པ་ཁོང་གི་གྲྭ་ཤག་དང་། ར་ལུ་དཔལ་བཟང་ཞེས་དགོན་པའི་དབུ་ཆེན་དང་དགེ་རྒན་མཛད་པ་ཁོང་གི་གྲྭ་ཤག མཁར་སར་འཁོར་ལོ་ཞེས་ཁྱུང་བྲིས་ལ་མཁས་པ་ཁོང་གི་གྲྭ་ཤག གྲོང་སྟོད་གཡུང་དྲུང་ཕུན་ཚོགས་ཞེས་སྐབས་དེར་ཁྱུང་ཡུལ་སྟོད་སྨད་ཀུན་ཏུ་གྲགས་པ་ཆེ་བའི་གསར་རྙིང་གང་གི་བཅའ་ཚོགས་འདོན་རྟ་ལ་མཁས་པའི་དབུ་མཛད་ཆེན་མོ་བ་ཁོང་གི་གྲྭ་ཤག འབྲུ་རིགས་ཚེ་དབང་རྒྱལ་མཚན་ཞེས་དགོན་པའི་དབུ་མཛད་ཁོང་གི་གྲྭ་ཤག མདོར་ན། རྫ་རྟོགས། བྲེལ་ལུ། རྫོང་བུ། ཝ་ཆུང་། ར་ཆུང་། ར་ཆེན། གསས་འཕེན། ཀློང་ཉ། ཀློང་ཆུང་། རྒྱ་བོ། བེ་སྐྱོང་། སྤྱི་སོ། གྲྭ་ས་ཚང་བཅས་བེ་དགོན་གྲྭ་དྲུག་ཅུ་མ་ཞེས་པའི་རབ་བྱུང་གི་སྡེའི་མཐའ་ནས་གྲྭ་ཤག་མང་པོ་ཡོད་པའི་གནའ་ཤུལ་དང་བཤད་རྒྱུན་ཡོད།

    སྐབས་དེར་བོན་གཤེན་ནམ་སེར་ཁྱིམ་པ་ཡང་མང་པོ་ཡོད་པ་དག་གི་དགོན་པའི་སྒྲིག་ཞུགས་དང་དབུ་དགེ་མཆོད་གསུམ་ལ་རེས་མོས་དང་། སྤྱི་སོ་ཞེས་དགོན་པ་སྤྱི་ཡི་བཅའ་སྒྲིག་འགན་ཁུར་བ་སྤྱི་སོ་ཞེས་པ་རབ་བྱུང་པ་དང་སེར་ཁྱིམ་ཀུན་ནས་རེས་མོས་བྱེད་སྲོལ་ཡོད་པར་གྲགས། སྐབས་དེར་ཁྱུང་ཡུལ་ལྷོ་ཕྱོགས་སུ་བོན་གྱི་དགོན་གནས་འཕེལ་རྒྱས་ཆེ་བ་གྲྭ་གྲངས་མང་ཤོས་སུ་བརྩི་སྲོལ་ཡོད་པར་ཐོས། རིག་གསར་སྐབས་ཉམས་རྒུད་ཚད་མེད་སོང་ཡང་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་སྲིད་བཟང་ལ་བརྟེན། སྨོན་གཤེན་ནམ་མཁའ་གྲགས་པ་དང་ཀུན་གྲོལ་ཧུྃ་ཆེན་སྲས་མོ་དཔལ་ལུ་གཉིས་ཀྱི་སྲས་ཆུང་བ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེས་གཟིགས་སྐྱོང་གནང་ནས་བེ་དགོན་རབ་བརྟན་གླིང་གི་ཁྲི་འཛིན་མཛད་དེ། སྔར་གནས་ཀྱི་དགོན་པའི་འོག་ཏུ་གཙུག་ལག་ཁང་དང་བླ་བྲང་སྲུང་མ་ཁང་འཁོར་ཁང་མཐའ་སྐོར་དུ་གྲྭ་ཤག་བཅས་ཚང་མ་གསར་བཞེངས་མཛད། སྨོན་སྲས་རིན་པོ་ཆེ་ཁོང་གིས་དབུ་འཛིན་མཛད་ནས་དགོན་པའི་བཅའ་སྒྲིག་དང་དགོན་པའི་དུས་མཆོད་ལྷག་པར་དུ་གཤེན་གྱི་གར་འཆམས་ཆེན་མོ་སྲོལ་རྒྱུན་ལྟར་གྲྭ་རྒྱས་པོ་རྒྱུན་སྐྱོང་གནང་བ་དང་། ནང་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུ། ཡུམ་ཆེན་ཤེས་རབ་བྱམས་མ། གཤེན་རབ་རྣམ་པར་རྒྱལ་བ་བཅས་ནང་རྟེན་དུ་བཞེངས། མ་ཚད་སྔོན་མའི་སྲོལ་རྒྱུན་བཞིན་རབ་བྱུང་གི་སྡེ་ལ་ཆེད་དུ་དམིགས་ནས་ཁོར་ཡུག་དང་ཆ་རྐྱེན་ལ་བརྟེན་ནས་ལྗོངས་རིམ་པའི་རིག་དངོས་ཤུལ་བཞག་ཁང་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་ཀུན་མཁྱེན་ཤར་རྫ་པའི་བཀའ་སྲོལ་ལྟར་སྒྲུབ་གྲྭ་ཆེད་དུ་བཙུགས་ནས་ཐོག་མར་བློ་སྦྱོང་ཉམས་ལེན་གྱི་སྐོར་ནས་རབ་བྱུང་པ་གསོ་སྐྱོང་གནང་ནས་སྒྲུབ་ཐེངས་གསུམ་ཙམ་འཛུགས་སྐྱོང་གནང་ཟིན། དེ་མཚམས་སླར་ཡང་སྒྲུབ་གྲྭ་ཐོན་རྗེས་ཐོས་པ་གསོག་འཇོག་གི་ཆེད་དུ་གབ་མཛོད་ས་གསུམ་དང་ཨ་སྙན་རྫོགས་གསུམ་གཙོས་རྗེ་རྒྱལ་བ་སྨན་རི་བའི་འཕྲུལ་སྒྲོན་རྣམ་ལྔ་སོགས་བོན་རང་ལུགས་ཀྱི་མཚན་ཉིད་ཡིག་ཆ་བཞིན་ཐོས་བསམ་སློབ་གཉེར་གྱི་མཚན་ཉིད་གྲྭ་ཚང་ངམ་མཚན་ཉིད་པའི་སྡེ་ཁག་སྡེ་བཙུགས་ནས་དགོན་པའི་ལོ་ཆུང་རབ་བྱུང་པ་རྣམས་སློབ་གནས་ཀྱི་གསོ་སྐྱོང་གནང་བར་མཛད་མུས་སུ་མཆིས།

  སྤྱི་ལོ༢༠༡༧བོད་མེ་བྱ་ལོའི་ལོ་མཇུག་ཏུ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེའི་དགོངས་བཞེད་ཇི་བཞིན་སྒྲུབ་ཐེངས་བཞི་པ་རང་དགོན་བེ་དགོན་བསམ་གཏན་གླིང་དུ་འཛུགས་དགོས་པའི་བཀའ་ལྟར་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་དེར་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་སྐུ་དངོས་ཀྱིས་སྒྲུབ་སྒོ་བསྡམས་ནས་སྐལ་པ་བཟང་པོའི་ངང་སྒྲུབ་གྲྭ་བ་བླ་མ་གྲྭ་པ་ཞལ་གྲངས་བཅུ་དངོས་སུ་ཞུགས་ནས་བེ་དགོན་བསམ་གཏན་གླིང་གི་ཐེངས་དང་པོའི་སྒྲུབ་གྲྭ་དབུ་འཛུགས་མཛད། བོད་ལྕགས་བྱི་ལོར་སྤྱི་ལོ་༢༠༢༠ལོར་ཐེངས་དང་པོའི་སྒྲུབ་ཐོན་པ་རྣམ་པ་དྲུག་བཅད་རྒྱའི་དུས་མཚམས་ཟིན་རྗེས་སུ་བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཁྲིད་སློབ་དཔོན་སྨོན་རྒྱལ་གདུང་རབས ༡༨༩ པ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་རིན་པོ་ཆེ་སྐུ་ཆེད་ཕེབས་ཀྱིས་སྤྱི་ལོ ༢༠༢༠ སྤྱི་ཟླ ༣ ཚེས ༡༦ ཉིན་རྟེན་འབྲེལ་ཀྱི་དོད་དུ་བདེར་འདུས་ཀྱི་གཞུང་བསྲང་ནས་སྒྲུབ་ཐོན་དཔང་ཡིག་སྩོལ་གནང་མཛད་པ་དང་། མ་འོངས་པའི་ཤར་རྫའི་སྒྲུབ་བརྒྱུད་ཀྱི་བསྟན་པའི་མཐུན་རྐྱེན་སྒྲུབ་ལུགས་སོགས་ཟབ་གདམས་གནད་སྨིན་བསྩལ་ནས་སྒྲུབ་ཐོན་གྱི་སྐལ་བཟང་མདོར་བསྡུས་ཙམ་ཞིག་སྤེལ་ཡོད་པའོ། །

ཐོས་པའི་སྒྲོན་མེ་འབར་བར་ཤོག།

བསམ་པའི་ཤེས་རབ་ལྡན་པར་ཤོག།

སྒོམ་པའི་ཉམས་རྟོགས་འཁྲུངས་པར་ཤོག།

བསླབ་གསུམ་བསྟན་པ་རྒྱས་པར་ཤོག།

  2020 3 23ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།