གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་ཏོག་དབྱིབས་གནོད་འཚེ་ཕོག་ཁུལ་ལ་བརྩེ་སེམས་ཞལ་འདེབས་ཕུལ་བ།

[ཟླ་ཚེས། 2020-02-14 15:35:09][རྩོམ་པ་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་ཏོག་དབྱིབས་ནད་དུག་གསར་པའི་གནོད་འཚེ་ཕོག་ཁུལ་ལ་བརྩེ་སེམས་ཞལ་འདེབས་ཕུལ་བ།

  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་ཧུའུ་པེ་སྙིང་རྗེ་རོགས་སྐྱོར་ཚོགས་པ་ལ་དགེ་སྒྲུབ་རོགས་དངུལ་སྒོར་ཁྲི་༡༠ཕུལ་ཞིང་། དེ་ནི་ད་ཐེངས་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་ཕོག་པར་འགོག་རྒོལ་བྱ་རྒྱུར་ཆེད་སྤྱོད་དུ་གཏོང་བ་ཞིག་རེད།

  ཐེངས་འདིའི་གནོད་འཚེ་ལས་རྣམ་པར་རྒྱལ་བའི་དན་རྟགས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་སྣེ་ཁྲིད་འོག འབྲེལ་ཡོད་སྲིད་གཞུང་སྡེ་ཁག་ཚ་ཚ་འུར་འུར་གྱིས་རྒྱལ་ཡོངས་རང་བཞིན་ལྡན་པའི་རིམས་ནད་སྔོན་འགོག་གི་བྱ་ཐབས་ལ་འབད་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་ཁམས་དང་ཚེ་སྲོག་བདེ་ཐང་བྱ་རྒྱུའི་ལས་དོན་རབ་དང་རིམ་པ་གཉེར་བཞིན་པའི་དུས་འདིར། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཕྱོགས་གཅིག་ལ་གནོད་འཚེ་བྱུང་ན་ཕྱོགས་སོ་སོའི་མི་ཤུགས་དང་དངོས་ཤུགས། སེམས་ཤུགས་སོགས་མི་བརྒྱ་སེམས་གཅིག་དམངས་སེམས་གཅིག་སྒྲིལ་གྱི་སྒོ་ནས་ཤུགས་རྒྱག་རྒྱུ་གལ་ཆེན་ཡིན། ད་ཐེངས་ཏོག་དབྱིབས་ནད་རིམས་གདུག་པ་ཅན་གྱིས་སྤྱིར་འཛམ་གླིང་སྤྱི་དང་། དགོས་སུ་རང་རྒྱལ་གྱི་ལྗོངས་ཞིང་ཆེན་སུམ་ཅུ་ལྷག་ཞིག ཁྱད་པར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གཙོས་པའི་ས་ཁུལ་མང་པོ་ལ་ཆེས་བློས་འགན་བཟོད་ཐབས་བྲལ་བའི་གནོད་འཚེ་ཚབས་ཆེན་ཕོག་ནས་རིམས་ནད་ཀྱིས་སྲོག་དབང་འཕྲོག་པའི་ནད་པ་སྟོང་ཕྲག་མང་པོ་དང་། ལྷག་པར་བསམ་བཟང་ཀུན་སློང་གི་སྙིང་སྟོབས་རླབས་པོ་ཆེ་རང་སྲོག་འབེན་ལ་བཙུགས་ཏེ་རྒྱལ་སྐྱོང་དམངས་ཕན་གྱི་ཆེད་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་མི་དམངས་ཀྱི་ཆེད་དུ་ཚེ་སྲོག་ལེགས་སྐྱེས་ཕུལ་མཁན་གྱི་སྨན་པ་དང་ནད་གཡོག་དུ་མ། དེ་བཞིན་རིམས་ནད་ཀྱིས་མནར་བའི་ནད་པ་ཁྲི་ཚོ་མང་པོ། ཆེས་སོ་སོའི་སྲོག་ལ་ཉེན་ཁ་ཆེ་བའི་ནད་པ་བལྟ་མཁན་གྱི་སྨན་པ་དང་ནད་གཡོག ནད་རིམས་སྔོན་འགོག་གི་ལས་བྱེད་པ། བཅིངས་འགྲོལ་དམག་མི། སྤྱི་བདེའི་མི་སྣ། གཞུང་ཞབས་པ་སོགས་ལས་བྱེད་ཁྲི་ཚོ་མང་པོ་རྣམས་དཔའ་ངར་ཞུམ་མེད་ཀྱིས་དམག་སར་ཉིན་མཚན་ལྟོས་མེད་ཟས་ཆག་གཉིད་ཆག་གི་སྒོ་ནས་ཀུན་གྱིས་མཐོང་སར་འཐབ་འཛིང་དྲག་པོའི་བྱས་རྗེས་ལ་མཐོང་དུས། སེམས་ལ་བརྩེ་ལྡན་གྱི་མི་སྣ་ཞིག་ཡིན་ཕྱིན་ངོ་གདོང་སྐམ་པོའི་སྟེང་ན་སེམས་འགུལ་ཐེབས་པའི་མིག་ཆུ་དབང་མེད་དུ་ཤོར་བའི་དུས་སུ་སླེབས་ཡོད། དེས་ན་གནས་ཚུལ་དེར་དམིགས་ནས་ང་ཚོ་བོད་མདོ་དབུས་ཁམས་གསུམ་གྱི་བོན་འབངས་ཡོངས་ཀྱི་སྤྱི་འཐུས་ཚབ་མཚོན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་ཉེ་སྔོན། 2020-1-26ཉིན་ཧི་བོན་དྲ་ལམ་བརྒྱུད་ནས་རིམས་ནད་སྔོན་འགོག་གི་འབོད་བསྐུལ་ཞུས་ཟིན་ལྟར་དང་། ད་ཐེངས་སོ་སོའི་ནུས་པ་མཚོན་བྱེད་ཙམ་དུ་རྒྱ་མཚོ་གསེར་ཐིགས་ཀྱི་ཞལ་འདེབས་ཕུལ་རྒྱུའི་ཐད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་པའི་མི་སྣ་ཀུན་གྲོས་བསྡུར་བྱས་མཐར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཞི་བདེ་སྨོན་ལམ་ཆེན་མོས་ལོ་མང་རིང་བསགས་པའི་ཐེབས་རྩ་ཕྲན་བུའི་ནང་ནས་སྒོར་འབུམ་གཅིག་ཐེངས་འདིའི་ཞལ་འདེབས་བརྩེ་སེམས་མཚོན་པར་ཕུལ་བ་ཡིན་ཞིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས་ཧུའུ་པེ་ཞིང་ཆེན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་འབྲེལ་ཡོད་མི་སྣར་རྩིས་སྤྲོད་བྱས་མཐར། ཧུའུ་པེ་ཞིང་ཆེན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ངོས་ནས་ཀྱང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིར་སྒོར་ཁྲི་བཅུ་ཞལ་འདེབས་བྱུང་བའི་ཐུགས་རྗེ་ཆེ་ཞུའི་འབྱོར་འཛིན་དང་། ཞལ་འདེབས་གཟི་བརྗིད་དཔང་ཡིག་བཅས་ལག་སོན་བྱུང་བའི་གནས་ཚུལ་མདོར་བསྡུས་གསལ་བཤད་ཀྱི་ཚུལ་དུ་བཀོད་པ་བཅས་སོ།།

  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་ནས།

  ༢༠༢༠/༢/༡༤/ཉིན་ལ།





 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།