སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་འབུལ་ཞུས་པའི་གནས་བསྡུས།

[ཟླ་ཚེས། 2020-01-28 08:00:04][རྩོམ་པ་པོ། མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་སྐུ་ཡི་དགུང་གྲངས་གོ་ལྔར་ཕེབས་པའི་འཁྲུངས་སྐར་གྱི་དུས་བཟང་དང་བསྟུན། གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱིས་གོ་སྒྲིག་འོག་རྒྱ་ཆེའི་དད་འབངས་སྤྱི་དང་། འབྲེལ་ཡོད་ཚོགས་སྡེ་ཁག་གིས་མཉམ་སྒྲུབ་ཞུས་པའི་བརྟན་བཞུགས་མཎྡལ་རྒྱས་འབུལ་ཞུ་བའི་མཛད་སྒོའི་ཆེད་དུ་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༡༥ ནས་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་ཆོ་ག་དབུ་བཙུགས་ནས་བདུན་སྒྲུབ་གནང་བ་དང་། ཕྱི་ཚེས་ ༢༦ ཉིན་བརྟན་བཞུགས་ཀྱི་སྔོན་འགྲོའི་ཆེད་རྒྱུན་བཞིའི་གེགས་སེལ་གྱི་ལས་རིམ་བསྒྲུབས། ཕྱི་ཚེས་ ༢༧ ཉིན་དངོས་གཞི་བརྟན་བཞུགས་ཀྱི་མཛད་རིམ་དབུ་ཚུགས་ཏེ། ཞོགས་ཀ་ཕྱག་ཚོད་༠༨།༣༠ཐོག་ཕྱི་ནང་རྒྱལ་ཁབ་ཉི་ཤུ་ལྷག་ནས་ཕེབས་པའི་ཚོགས་སྡེ་ཁག་གི་སྤྱི་འཐུས་དང་སྐུ་ཚབ་གཙོས་སེར་སྐྱ་མི་མང་ཡོངས་མཛད་སྒོའི་ཚོམ་ཆེན་དུ་འདུ་འཛོམས་གནང་།
   དེ་རྗེས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བླ་བྲང་སྤྱན་རྒྱ་སྤོས་མེས་གདན་དྲངས་ཏེ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ། སྨྲ་སེང་ཚེ་སྒྲུབ་ཀྱི་སྒོ་ནས་རྟེན་གསུམ་འབུལ་བའི་ཕྱག་ལེན་ལྟར་སྔོན་འགྲོའི་རིམ་པ་གྲུབ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་མཎ་ཌལ་གྱི་རྣམ་བཤད་རྒྱས་པའི་སྣ་དྲངས་ཏེ། འདུས་མང་ཡོངས་ཀྱིས་ཚིག་བཤད་དབྱངས་སུ་བསྐྱོན་པ་དང་བསྟུན་༧གདན་ས་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ་བཅས་རྣམ་པ་གསུམ་གྱིས་མཎྡལ་སྐུ་གསུང་ཐུགས་རྟེན་དང་། མཆོད་པ་རྣམ་ལྔ། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་ནོར་བདུན། ནབ་བཟའ་གོས་དྲུག རིན་ཆེན་རྫས་ལྔ་སོགས་འབུལ་ཚན་རྣམས་བསྟར་ཆགས་སུ་འདེགས་འབུལ་ཞུས། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཚོགས་སྡེ་དང་། དགོན་པ་ཁག་གི་འཐུས་ཚབ་གཙོས་སྤྱི་སྒེར་གཉིས་ནས་མཎྡལ་རྟེན་དོད་དང་འབུལ་ཚན་རྣམས་རིམ་བཞིན་བསྟར་འབུལ་ཞུས། དེ་རྗེས་མུ་མཐུད་སྨྲ་སེང་ཚེ་སྒྲུབ་ཀྱི་ཚོགས་ཀྱི་མཆོད་པའི་ཆོ་ག་རྫོགས་པར་གསུངས།
   འདུས་མང་ཡོངས་ལ་བསྙེན་བཀུར་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་པའི་སྐབས་དང་བསྟུན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ། མཁས་དབང་ཆལ་སི་ རམ་བྷོལ་དང་མཁན་རིན་པོ་ཆེ་རྣམ་གཉིས་ནས་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དབྱིན་སྒྱུར་ཞུས་པའི་དེབ་དབུ་འབྱེད་ཞུས།
   དེ་རྗེས་གཞས་པ་མཐོ་སྒང་གི་ཕོ་ཉས་དམིགས་བསལ་བརྟན་བཞུགས་འདིའི་ཆེད་དུ་གོ་སྒྲིག་གནང་བའི་གླུ་གཞས་གསར་པའི་མཆོད་སྤྲིན་ཕུལ། དེ་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་རྒྱ་ཆེའི་བརྟན་བཞུགས་འདེགས་འབུལ་ཞུ་མཁན་དད་སྦྱིན་རྣམས་ཀྱི་ཆེད་དུ་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་ཏེ་དམིགས་མེད་ཡེ་ཤེས་ཆེན་པོས་རྒྱས་གདབ་གནང་། སེར་སྐྱ་མི་མང་རྣམས་ཀྱིས་རིམ་བཞིན་མཇལ་ཁ་ཞུས་ཤིང་རྟེན་མདུད་བྱིན་རླབས་དང་། དཔོན་གསས་བླ་མའི་ཞལ་གདམས་སྙིང་གི་ཐིག་ལེ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་ལོ་རྒྱུས་དྲན་དེབ་བཅས་དྲན་རྟེན་དུ་གསོལ་བསྩལ་གནང་། སྔ་དྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བླ་བྲང་དུ་གདན་འདྲེན་ཞུས། ཉིན་གུང་གསོལ་ཚིགས་བཞེས་གྲུབ་རྗེས་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་དང་། སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས།  སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ ཕྱྭ་སྲས་ཀེང་ཙེའི་སློབ་གྲྭ ཏ་པི་ཧྲི་ཙའི་སློབ་གྲྭ  ཌོ་ལན་ཇིའི་སློབ་ཟུར་ཚོགས་པ།  ཡོལ་མོ་བོན་ཚོགས་གླིང་།  འོམ་གློའི་ཤོན་རྩེད་ཚོགས་སྡེ་སོགས་ཀྱིས་གཙོས་སྤྱི་སྒེར་གཉིས་ནས་མ་བསྐུལ་དང་བླང་ཐོག་ཇི་ལྟར་གོ་སྒྲིག་ཞུས་ལྟར་རིག་གཞུང་འཁྲབ་སྟོན་དང་། གཞས་སྣ་གཟིགས་འབུལ་ཞུས་རྗེས་གདན་ཁྲི་བརྟན་ནོར་བུ་རྩེའི་སྤྱི་གཉེར་ལགས་ཀྱིས་རྒྱ་ཆེའི་དད་སྦྱིན་རྣམས་དང་། བརྟན་བཞུགས་ཀྱི་ལས་དོན་ལ་ཕྱར་གྲུ་མཉམ་འདེགས་གནང་མཁན་ཡོངས་དང་། རིག་གཞུང་འཁྲབ་སྟོན་གནང་མཁན་ལྷན་རྒྱས་ལ་མཇུག་སྡོམས་ཀྱི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་བརྟན་བཞུགས་མཛད་རིམ་ཁ་དགེ་བཀྲ་ཤིས་ངང་ལེགས་པར་གྲུབ། མཛད་སྒོའི་རིང་བར་གསེང་རྣམས་སུ་སེར་སྐྱ་མི་མང་རྣམས་ལ་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་ལོ་རྒྱུས་དྲན་རྟེན་པར་རིས་དང་། བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་རི་ཁྲོད་དང་གནས་རི། ཡིག་གཟུགས། སྒྱུ་རྩལ་རི་མོ། སྨན་རྫས་ངོ་སྤྲོད་བཅས་འགྲེམས་སྟོན་ཞུས།
   དགོང་དྲོའི་ཕྱག་ཚོད་ ༠༥ པའི་ཐོག་EFDཚོགས་པ་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེ་གཉིས་ཀྱིས་མཉམ་སྒྲུབ་ཞུས་པའི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་<<དཔོན་གསས་བླ་མ་>>ཞེས་པའི་དངོས་བྱུང་གློག་བརྙན་སྤྱན་འབུལ་ཞུས་པ་བཅས་ཀྱི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༧ ཉིན།
པར་པ་ཁྱུང་ཐོག་རྒོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།