བླ་ཁྲི་གཡུ་རི་བཤད་གྲྭས་ཡོངས་འཛིན་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་བ།

[ཟླ་ཚེས། 2020-01-27 13:57:23][རྩོམ་པ་པོ། དགེ་རྩེ་ཀུན་ཁྱབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   གསང་གསུམ་བོན་གྱི་འཛོད་འཛིན༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག  སྐུ་ཚེ་གང་བོར་བསྟན་དང་འགྲོ་དོན་ཁོ་ན་མཛད་པའི་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་སྐལ་བརྒྱར་བརྟན་ཆེད་དུ།  འཛམ་གླིང་བོན་འབངས་ཀུན་གྱིས་བརྟན་བཞུགས་འབུལ་བ་དང་།  ཚེ་བསྙེན་གསོག་སྒྲུབ།  གསོལ་འདེབས་འདོན་རྒྱུ་སོགས།  བསོད་ནམས་དགེ་བའི་ཆ་ཤས་ལེན་པ་ལ་རབ་ཏུ་བྲེལ་བའི་བསྐལ་བཟང་དགེ་བའི་ཉིན་མོ། 
   འདི་ག་བླ་ཁྲི་གཡུང་དྲུང་བོན་གཡུ་རི་ཆེས་མཐོའི་བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ༧གདན་ས་སྨན་རིའི་བཤད་སྒྲུབ་མཁན་ཟུར་དགེ་བཤེས་བསོད་ནམས་ཕུན་ཚོགས་མཆོག་དབུས་པའི་དགེ་སློབ་ཀུན་གྱིས་བླ་མའི་ཐུགས་རྗེ་ལ་ཉེ་རིང་མེད་པའི་ཡིད་ཆེས་དང་དད་མོས་རྩེ་གཅིག་ངང་ནས།  དཔལ་ལྡན་བླ་མ་ཉིད་ཀྱིས་གསང་གསུམ་མཛད་པའི་ཕྲིན་ལས་རྒྱུན་མི་ཆད་པར་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་རྗེས་སུ་དྲན་ཞིང་། སླར་ཡང་རང་ཅག་འགྲོ་བ་བྱིངས་དང་རྒྱལ་གཤེན་བསྟན་པའི་མགོན་པོ་རུ་སྐུ་འཚོ་བཞུགས་དང་རྗེས་མཇུག་བུ་སློབ་ཡོངས་ཀྱིས་བརྒྱ་སྟོན་བསུ་ཐུབ་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྟེན་དུ། 
    དཔལ་ལྡན་བླ་མ་དམ་པའི་སྐུ་པར་མཐོང་གྲོལ་ཆེན་མོ།  “འཆད་ར་ཤེས་རབ་རྟག་འབར”དུ་གདན་འདྲེན་ཞུས་ཤིང་། མི་འཇིགས་གདོང་ལྔའི་ཁྲི་རུ་བཤམས་སྟོན་ཞུས་པའི་མདུན་དུ།  མནྜལ་སྐུ་གསུང་ཐུགས་རྟེན་དང་ནབ་བཟའ་གོས་དྲུག་སོགས་བརྟན་བཞུགས་རྒྱས་འབུལ་དང་།  མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་འདེབས་དབྱངས་ལ་བསྐྱོན་བཞིན་དགེ་སློབ་ཀུན་གྱི་མཇལ་ཁ་རིམ་པར་ཞུས།  དེ་ནས་བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་བསོད་ནམས་ཕུན་ཚོགས་མཆོག་གིས་ཕུལ་བའི་ཞབས་བརྟན་གསོལ་འདེབས་ལན་གྲངས་དབྱངས་ལ་བསྐྱོན་ཏེ་གསུངས། 
ཨེ་མ་ཧོ།
ཆུ་བཞི་བདུད་དང་ཡེ་ནས་བྲལ་ཟིན་པའི།།
བོན་སྒོ་གང་ལའང་ཐོགས་མེད་གཟིགས་མཛད་པ།།
ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་བླ་མ།།
གདུལ་བྱ་རྣམས་ལ་བོན་ཆར་འབེབས་མཛད་པ།།
ཡོངས་འཛིན་བླ་མའི་སྐུ་ཚེ་རྟག་བརྟན་ཤོག།
   ཅེས༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་གདམས་ངག་ཟབ་མོ་ཡང་ཡང་ཐོབ་པའི་སྐལ་པ་ཅན་བུ་སློབ་ཀུན་གྱི་གྲལ་མཐར་གནས་པ་རྫི་བོ་དགེ་བཤེས་བལྟན་འཛིན་ཕུན་ཚོགས་ནས་རིན་པོ་ཆེ་དགུང་ལོ་གོ་ལྔ་བཞེས་པའི་བརྟན་བཞུགས་སྐབས་མི་ཕྱེད་པའི་དད་འདུན་དང་བཅས།
མཇུག་ཏུ་དགེ་སློབ་ཀུན་གྱིས་བསྟན་པ་རྒྱས་པའི་སྨོན་ལམ་དལ་བུར་གསུངས་ཏེ་བརྟན་བཞུགས་མཛད་སྒོ་མཇུག་གྲུབ་པར་བྱས་པའི་གནས་བསྡུས་སུ།
 བཀའ་རམས་པ་ཕྲན་དགེ་རྩེ་ཀུན་ཁྱབ་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།