ཞང་བོད་སྔགས་རྫོགས་བགྲོ་གླེང་ཐེངས་དང་པོ།

[ཟླ་ཚེས། 2020-01-22 22:53:52][རྩོམ་པ་པོ། ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་རྒྱུན་ལས་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བགྲོ་གླེང་དངོས་གཞིའི་ཚོགས་ར།

བགྲོ་གླེང་ཚོགས་ཞུགས་སུ་ཕེབས་པའི་མཉམ་སྒྲོན་དྲན་རྟེན་སྐུ་པར།
   སྤྱི་ལོ ༢༠༢༠ ཟླ ༡ ཚེས ༡༦-༡༧ བར་དུ་ཉིན་གཉིས་རིང་ལ་ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་ཚོགས་འདུ་ཐེངས་དང་པོ་སི་ཁྲོན་ཁྲིན་ཏུའུ་རུ་སྐོང་འཚོགས་བྱས་ཡོད་ལ། ཞང་བོད་སྔགས་རྫོགས་བགྲོ་གླེང་ཚོགས་པའི་ངོས་ནས་བགྲོ་གླེང་འཆད་སྟེགས་འདིར་ཆེད་མཁས་པ་མཁས་དབང་བཅུ་གསུམ་གདན་ཞུས་བྱས་ཏེ། གསང་བ་སྔགས་དང་བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་ཁག་གི་མན་ངག་ཟབ་སའི་གནད་དོན་ཁག་དང་། དེ་དང་འབྲེལ་ཡོད་ལོ་རྒྱུས་ཀྱི་གཞི་རྩའི་ཡང་སྙིང་འཚོལ་ཞིབ་སོགས་ཕྱོགས་གང་ཐད་ནས་བགྲོ་གླེང་གྱ་ནོམ་པར་གནང་ཞིང་། གཞུང་ལུགས་ཟབ་མོའི་དཀའ་གནད་ཁག་གི་མདུད་བརྒྱ་གང་མང་ཞིག་ལེགས་པར་བཀྲོལ་བ་མ་ཟད། མདོ་དབུས་ཁམས་གསུམ་གྱི་བོན་དགོན་བཤད་གྲྭ་དག་གི་དགེ་རྒན་གྱི་ལས་འགན་ཕྲག་ཏུ་བླངས་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྔ་ལས་བརྒལ་བ་བགྲོ་གླེང་ཚོགས་པ་འདིར་དངོས་ཞུགས་གནང་སྟེ། དྲི་བ་དང་དྲིས་ལན་གྱི་སྒོ་ནས་གནད་ལ་ཁེལ་བའི་དོགས་སློང་དང་དོགས་སེལ་མཛད་པ་དག་གིས། ཚོགས་ཞུགས་པ་ཕན་ཚུན་ཀུན་ལ་བློ་བསྐྱེད་དང་གསལ་ཁ་གྲུབ་འབྲས་ཕུན་སུམ་ཚོགས་པར་ཐོབ་པས། རྣམ་པ་ཚང་མས་བགྲོ་གླེང་འདི་ལ་ཡིད་སྨོན་དང་ཡི་རངས་བྱས་ཤིང་། མུ་མཐུད་བགྲོ་གླེང་འདི་ལྟར་རྒྱུན་མཐུད་དང་རྒྱུན་སྐྱོང་བྱེད་དགོས་པའི་རེ་བ་དང་འབོད་བསྐུལ་བཏོན་ཡོད།
   ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་ཉིན་དང་པོར་ཚོགས་གཙོ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ནས་ཚོགས་འདུའི་དབུ་འཛུགས་གནང་།
ཉིན་དང་པོའི་བགྲོ་གླེང་གནང་བའི་གདན་ཞུས་ཆེད་མཁས་པའི་རིམ་པ།
   བགྲོ་གླེང་གནང་བའི་ཨང་རིམ་དང་པོ་གདན་ཞུས་ཆེད་མཁས་པ་དགེ་བཤེས་བཟོད་པ་འགྱུར་མེད་མཆོག་གིས《རྫོགས་ཆེན་དངོས་ཡིན་ཆེན་པོ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་མཚོ་སྔོན་ཁྲི་ཀ་རྫོང་ཁྱུང་མོང་དགོན་པའི་མཁན་པོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་གཉིས་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་ཉག་ཉི་གྲགས་མཆོག་གིས《ཤར་རྫ་འཇའ་ལུས་པའི་རྫོགས་ཆེན་གྱི་ཡང་སྙིང་འཚོལ་བ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་ཁམས་གཡུང་དྲུང་བོན་བཤད་སྒྲུབ་གླིང་གི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་གསུམ་པ་གདན་ཞུས་ཆེད་མཁས་པ་སྤ་ཟླ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས《ཁྲོ་བོའི་རྒྱུད་དྲུག་ནས་བསྟན་པའི་སེམས་དཔའ་བཞི་ཡི་སྐོར་ལ་དཔྱད་ཙམ་བྱས་པ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་སྤ་ཟླ་ཞུ་ཚང་དགོན་པའི་མཁན་པོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་བཞི་བ་གདན་ཞུས་ཆེད་མཁས་པ་དགེ་བཤེས་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་གིས《མུན་འགྲོས་ཀྱི་བརྗོད་ཚིག་ཅེས་པ་རྒྱང་ཞགས་ཆུའི་སྒྲོན་མའི་སྐོར》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་ལྔ་བ་གདན་ཞུས་ཆེད་མཁས་པ་དགེ་བཤེས་བསྟན་འཛིན་དབང་ལྡན་མཆོག་གིས《སྤང་བསྒྱུར་གྲོལ་གསུམ་གྱི་ལྟ་བའི་ཤན་འབྱེད》ཅེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་དྲུག་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་སྐལ་བཟང་རྒྱ་མཚོ་མཆོག་གིས《རིག་འཛིན་རྣམ་བཞི་ལས་རྣམ་སྨིན་རིག་འཛིན་དང་ཚེ་དབང་རིག་འཛིན་སྐོར་ཅུང་ཙམ་གླེང་བ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་མཛོད་དགེ་མདའ་ཆེན་དགོན་པའི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་བདུན་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་གིས《ཐེག་འགྲེལ་མེ་ལོང་དགུ་སྐོར་ལྟར་སྔགས་རྒྱུད་སྡེ་བཞིའི་སྐོར》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་ཁྱུང་ཡུལ་ཀོ་རྒྱལ་དགོན་པའི་དཔོན་སློབ་ཀྱི་ཐུགས་འགན་བཞེས་བཞིན་ཡོད།༽
   ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་ཉིན་གཉིས་པར་ཚོགས་གཞོན་སྤ་ཟླ་དགེ་བཤེས་ཤེས་རབ་སྦྱིན་པ་ལགས་ནས་ཚོགས་འདུའི་དབུ་འཛུགས་གནང་།
ཉིན་གཉིས་པའི་བགྲོ་གླེང་གནང་བའི་གདན་ཞུས་ཆེད་མཁས་པའི་རིམ་པ།
   བགྲོ་གླེང་གནང་བའི་ཨང་རིམ་བརྒྱད་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་ཤེས་རབ་ཐབས་མཁས་མཆོག་གིས《འཕྲུལ་མཛོད་ཐུགས་ཀྱི་ཐིག་ལེ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས།༼ཁོང་གིས་ད་ལྟ་ཞུ་ཚང་དགོན་པའི་བཤད་སྒྲུབ་འདུས་སྡེའི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་དགུ་བ་གདན་ཞུས་ཆེད་མཁས་པ་དགེ་བཤེས་ཀ་ཤུལ་བསོད་ནམས་རིན་ཆེན་མཆོག་གིས《བོན་གྱི་སྙན་རྒྱུད་ལས་འཕྲོས་ཏེ་བོན་བསྟན་ཕྱི་དར་གྱི་ཤེས་རིག་གི་འཕེལ་རླབས་ཆེན་པོ་བཞི》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་མཁན་པོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་བཅུ་བ་གདན་ཞུས་ཆེད་མཁས་པ་དགེ་བཤེས་ཚུལ་ཁྲིམས་དགེ་རྒྱས་མཆོག་གིས《རྒྱུད་རྣམ་དག་གི་འཕྲིན་ལས་གོ་རིམ་དང་ཐེག་པ་གང་དུ་བཞེད་ཚུལ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་ཁྱུང་པོ་སྟེང་ཆེན་དགོན་པའི་བཤད་གྲྭའི་མཁན་པོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་བཅུ་གཅིག་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་གིས《མདོ་སྔགས་སེམས་གསུམ་གྱི་ལྟ་བའི་རྨིང་གཞི་གཅིག་ཏུ་སྟོན་པ་ཟབ་དོན་ལྟ་བའི་གནད》ཅེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་ཁྱུང་པོ་ག་ཤེལ་དགོན་པའི་དཔོན་སློབ་ཀྱི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་བཅུ་གཉིས་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་ལྷ་བུ་བློ་བཟང་མཆོག་གིས《ཞང་ཞུང་སྙན་རྒྱུད་ལས་བསྟན་པའི་བར་དོའི་སྐོར་ལ་རགས་ཙམ་དཔྱད་པ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས། ༼ཁོང་གིས་ད་ལྟ་མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་གྱི་དྲུང་ཡིག་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།༽
   བགྲོ་གླེང་གནང་བའི་ཨང་རིམ་བཅུ་གསུམ་པ་གདན་ཞུས་ཆེད་མཁས་པ་དགེ་བཤེས་སྐལ་བཟང་འཕྲིན་ལས་མཆོག་གིས《ཁྲོ་བོ་རྒྱུད་དྲུག་ལས་བསྟན་པའི་སེམས་སྦྱོང་ངམ་སེམས་བརྟན་པ་སྒྲུབ་ཚུལ》ཞེས་པའི་རྩོམ་ཡིག་ཁ་བྱང་དང་འབྲེལ་ཏེ་བགྲོ་གླེང་མཛད་པའི་བཀའ་དྲིན་བསྐྱངས' ༼ཁོང་གིས་ད་ལྟ་སྒང་རུ་དར་རྒྱས་དགོན་པའི་བཤད་གྲྭའི་དཔོན་སློབ་ཀྱི་ཐུགས་འགན་བཞེས་བཞིན་ཡོད།༽

ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་རྒྱུན་ལས་ཚན་ཆུང་།
ཚོགས་གཙོ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ། ཚོགས་གཞོན། སྤ་ཟླ་དགེ་བཤེས་ཤེས་རབ་སྦྱིན་པ། དྲུག་ཡིག་པ། དགེ་བཤེས་གཡུང་དྲུང་ཉི་མ། དྲུང་ཡིག་གཞོན་པ། རྒྱལ་རོང་བླ་མ་ཤེས་རབ་ལེགས་ལྡན་བཅས་སོ།།
སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་ཕུལ་བའི་བརྟན་བཞུགས།

   ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་ཉིན་གཉིས་པའི་མཇུག་མཐར་མདོ་སྔགས་རྫོགས་གསུམ་གྱི་རིག་པའི་དགོངས་རྩལ་ཐུགས་ལ་མངའ་བའི་སྐྱེས་བུ་ཆེན་པོ་རྒྱལ་བ་སྨན་རི་ཚང་གི ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་དགུང་གྲངས ༩༥ ཕེབས་པར་ཉེ་བའི་སྐབས་དང་བསྟུན་ཏེ། ངེད་ཞང་བོད་སྔགས་རྫོགས་བགྲོ་གླེང་ཚོགས་པའི་ངོས་ནས་དམ་པ་ཁོང་ལ། སྐུ་གསུང་ཐུགས་རྟེན་དང་། ན་བཟའ་གོས་དྲུག མཎྚལ། ཚོགས་ཞུགས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་ཀུན་ཀྱིས། ཕྱག་ཏུ་དྲི་མ་མེད་པའི་ལྷ་དར་དཀར་པོ་ཐོགས་ནས་མཆོད་སྤྲིན་ཞུས་ཏེ། མགྲིན་གཅིག་ཏུ་དཔལ་ལྡན་བླ་མ་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་དྲངས་ལ། རྩ་བའི་བླ་མ་ཁོང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བརྟན་བཞུགས་ཕུལ་ཞིང་། མཐར་མཇུག་རྣམ་པ་ཚང་མས་བསྟན་རྒྱས་སྨོན་ལམ་དབྱངས་གཅིག་ཏུ་གསུངས་ཏེ་ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་ཚོགས་འདུའི་མཇུག་བསྒྲིལ་ཡོད་དོ།།
   ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོ་ཐེངས་དང་པོའི་འགྲོ་གྲོན་ཡོངས་རྫོགས་བྲག་འགོ་རྒྱལ་རོང་དགོན་པའི་སྤྲུལ་བའི་སྐུ་མཆོག་འཆི་མེད་གཡུང་དྲུང་རིན་པོ་ཆེ་མཆོག་གིས་སྦྱིན་བདག་གནང་བས། ངེད་ཞང་བོད་སྔགས་རྫོགས་བགྲོ་གླེང་ཚོགས་པའི་ངོས་ནས་སྐུ་མཆོག་དམ་པ་ཁོང་ལ་བཀའ་དྲིན་ལེགས་གསོལ་ལན་བརྒྱར་ཞུ་རྒྱུ་ཡིན།
༢༠༢༠.༡.༢༢ ཉིན་ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་རྒྱུན་ལས་ཚན་ཆུང་ནས་སྤེལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།