དབང་ལྡན་ཞུ་ཡི་གདན་ས་སྤུ་རྒྱལ་རིག་སློབ་ཁང་གི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་ཚུལ།

[ཟླ་ཚེས། 2019-12-11 20:06:11][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཞང་ཞུང་སྒོ་པའི་ཆར་གཏོགས་སྦས་པའི་གངས་རི་མཆེད་བདུན་གྱི་ཡ་གྱལ། གནས་ཆེན་སྤུ་རྒྱལ་གངས་རིའི་ལྷོ་ངོས་ཁྱུང་པོ་སྤ་ཟླའི་ཡུལ་དུ་ཆགས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཆེན་མོ། དབང་ལྡན་ཞུ་ཡི་གདན་ས་སྨིན་གྲོལ་གླིང་འདི་ཉིད། སྤྱི༼ལོ་༡༨༡༧༽ལོར་ཞུ་གཡས་བསྟན་འཛིན་གྲགས་པས་ཕྱག་བཏབ་ནས་བཟུང་ད་ལྟའི་བར་དུ་མི་ལོ་ཧྲིལ་པོ་༼༢༠༢༽ཙམ་འཁོར་ཡོད། ཁྱད་པར་སྤྱི་ལོ་༢༠༠༩ལོར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་བླ་སྤྲུལ་དགེ་བའི་བཤེས་རྣམས་ཀྱི་མ་གྲོས་ཐུགས་བསམ་གཅིག་མཐུན་གྱིས་སྤུ་རྒྱལ་རིག་སློབ་ཁང་ཞེས་པའི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་ཀྱིས། ད་ལྟའི་བར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས་བོད་ཀྱི་རིག་པའི་གནས་ཀུན་ལ་འཆད་རྩོམ་རྩོད་གསུམ་དང་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་གནང་མུས་ལྟར། ད་ལན་སྐབས་དང་པོའི་དགེ་བའི་བཤེས་གཉེན་ཆེན་མོའི་སྐལ་བཟང་དགྱེས་སྟོན་གྱི་དུས་བཟང་དངོས་སུ་ཚེས། དེ་ཡང་ཞུ་ཚང་བླ་མ་ཀུན་བཟང་རང་གྲོལ་དང་། མཁན་རིན་པོ་ཆེ་བསྟན་འཛིན་རྣམ་རྒྱལ། དགེ་བཤེས་ཤེས་རབ་སྦྱིན་པ། དགེ་བཤེས་བསྟན་འཛིན་དགེ་ལེགས། དགེ་བཤེས་རྒྱལ་བསྟན་མཆོག་གསལ། དགེ་བཤེས་གཡུང་དྲུང་ཕྲིན་ལས་སོགས་འབྲེལ་ཡོད་མཛད་སྒོའི་གོ་སྒྲིག་པ་རྣམས་ཀྱིས་ཐུགས་འགན་འོག་མཛད་སྒོའི་སྟ་བོན་རྣམས་ལེགས་པར་གྲུབ་རྗེས།




  ༢༠༡༩/༡༢/༢ཉིན་དངོས་སུ་མཛད་སྒོའི་དབུ་འཛུགས་གནང་སྟེ། དཔལ་རྒྱལ་བ་སྨན་རི་བའི་༧དཔོན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་དཔལ་ལྡན་ཞུ་དགོན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་མོའི་གསེར་ཁྲིར་དབུ་བཞུགས་གནང་ནས། དགོན་གྱི་ཁྲི་འཛིན་ཞུ་ཚང་བླ་མ་ཀུན་བཟང་རང་གྲོལ་མཆོག་དང་། མཁན་བསྟན་འཛིན་རྣམ་རྒྱལ་མཆོག་རྣམ་གཉིས་གཙོས་གདན་ས་འདི་གའི་མཁན་སློབ་དགེ་རྒན་རྣམས་དང་། སྤུ་རྒྱལ་ཁུལ་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་སོགས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱི་གཙོས་སེམས་དཔའ་འདུས་མང་ཡོངས་ཚོགས་གྲལ་དུ་འཁོད་པའི་དབུས་སུ། མཁན་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་སྐབས་དོན་བཤད་པའི་གཞུང་སྒྱུར་གནང་རྗེས། ཐོག་མར་བཀའ་རམས་པ་ཞུ་ཚང་དྲང་སྲོང་ལུང་རྟོགས་སྐལ་བཟང་རྒྱལ་མཚན་གྱིས་སྔོན་འགྲོའི་བཤད་པ་ཕུལ་གནང་མཛད།

  ཉིན་དེར་བཀའ་རམས་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱི་གཏོང་སྒོའི་སྦྱིན་བདག་ཆེན་མོ་ཅོང་རི་དགོན་དང་མཁར་སྤུངས་དགོན་གྱི་ལྷ་སྡེ་ཡོངས་ཀྱིས་མང་ཇའི་མཆོད་སྤྲིན་རྒྱས་འབུལ་གནང་། དེ་བཞིན་བཀའ་རམས་པ་རྣམ་པ་བཞིས་སྨན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་ལ་ཆེད་དུ་མཇལ་ཞུས་ཀྱིས་བཀའ་རམས་པའི་འབྲས་རྟགས་དཀྱིལ་འཁོར་ཐིག་རྩ་དང་། མཆོད་རྟེན། སྙན་ངག་སྒྲ་འཁོར། རྩིས་དཀར་ནག་བཅས་ཀྱི་དཔེ་བརྗོད་ཐང་ཁ་རྣམས་སྤྱན་འབུལ་ཞུས་པ་དང་། དཔོན་སློབ་རིན་པོ་ཆེ་ནས་ཡི་རངས་དང་ལེགས་གསོལ་གྱིས་མགུལ་དར་ཕྱག་རྟགས་དང་། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་བཏགས་ཕྱག་ཁྱེར་བསྩལ།

     ཚེས་གསུམ་ཉིན་བཀའ་རམས་པ་རླ་དྲང་སྲོང་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོས་སྔོན་འགྲོའི་བཤད་པ་ཕུལ་བ་དང་། ཉིན་དེར་ཁོང་གི་ཁྱིམ་ཚང་སྤ་ཟླ་དམར་རྫིས་ཚང་གཙོས་པའི་ཉེ་འབྲེལ་རྣམས་ཀྱིས་གཏོང་སྒོའི་སྦྱིན་བདག་དང་མང་ཇའི་མཆོད་སྤྲིན་རྒྱས་འབུལ་གནང་།
      ཚེས་བཞི་ཉིན་བཀའ་རམས་པ་སྨར་ཁམས་དྲང་སྲོང་སྐལ་བཟང་གཡུང་དྲུང་མགོན་པོ་མཆོག་ནས་སྔོན་འགྲོའི་བཤད་པ་ཕུལ་བ་དང་ཉིན་དེར་ཁོང་གི་ཁྱིམ་ཚང་སྤ་ཟླ་བྲ་ངན་ཚང་གཙོས་པའི་ཉེ་འབྲེལ་རྣམས་ཀྱིས་གཏོང་སྒོའི་སྦྱིན་བདག་དང་མང་ཇའི་མཆོད་སྤྲིན་རྒྱས་འབུལ་གནང་།

  ཚེས་ལྔ་ཉིན་བཀའ་རམས་པ་ཨ་རྩེ་དྲང་སྲོང་རྒྱལ་བསྟན་ཆོས་འཕེལ་བཟང་པོས་སྔོན་འགྲོའི་བཤད་པ་ཕུལ་བ་དང་། ཉིན་དེར་ཁོང་གི་ཁྱིམ་ཚང་སྤ་ཟླ་བློ་འགྲུབ་ཚང་གཙོས་པའི་ཉེ་འབྲེལ་རྣམས་ཀྱིས་གཏོང་སྒོའི་སྦྱིན་བདག་དང་མང་ཇའི་མཆོད་སྤྲིན་རྒྱལ་འབུལ་གནང་།

  ཚེས་དྲུག་ཉིན་བཀའ་རམས་པ་རྣམ་པ་བཞིས་དངོོས་གཞིའི་དམ་བཅའ་ཆེན་མོ་བཞག་སྟེ། དམ་བཅའ་གོང་འོག་གཉིས་ཀྱི་ངག་རྒྱུགས་རིམ་པར་ཕུལ་རྗེས། སྤུ་རྒྱལ་རིག་སློབ་ཁང་གི་དགེན་སློབ་རྣམས་དང་། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་ག་ཐ་ག་ཤེལ་དགོན་དང་། ཟམ་ཞིག་རེ་ནེ་དགོན། བྱ་ཟེ་ཡོངས་རྫོངས་དགོན། སྒང་རི་དར་རྒྱས་དགོན་སོགས་ནས་ཕེབས་པའི་བཤད་གྲྭའི་དགེན་སློབ་རྣམས་ཀྱིས་མདོ་སྔགས་སེམས་གསུམ་དང་གབ་མཛོད་ས་གསུམ་གཙོས་པའི་གཞུང་ཆེན་ཡིག་ཆ་ཁག་ནས་བརྒལ་བརྟག་གི་རྩོད་པ་ལེགས་པར་གནང་སྟེ་ལུང་རིགས་གཏན་ཚིགས་ཀྱི་མཆོད་པ་ཕུལ་གནང་མཛད།

  ཚེས་བདུན་ཉིན་ཁྱུང་བཙུན་གངས་ལྷ་དཀར་པོ་མཆོག་གིས་གཙོ་སྐྱོང་གནང་ཞིང་། སྤུ་རྒྱལ་རིག་སློབ་ཁང་དང་འབྲེལ་བའི་རིག་རྩོམ་ཆེད་དེབ་རྩོམ་པོར་གཟེངས་བསྟོད་འབུལ་བའི་བྱེད་སྒོ་སྟེ། སྤུ་རྒྱལ་རིག་སློབ་ཁང་དབུ་བརྙེས་ནས་དུས་ཡུན་ལོ་ངོ་བཅུའི་ནང་འདི་གའི་དགེ་སློབ་རྣམས་ཀྱི་ཁྲོད་ནས་རིག་རྩོམ་ཆེད་དེབ་སྤེལ་མཁན་ཁག་བཅུ་དགུ་ཙམ་བྱུང་བ་དང་ཁྱོན་རྩོམ་དེབ་སུམ་ཅུ་སོ་དྲུག་སྤེལ་མཁན་རྩོམ་པ་པོ་དག་ལ་གཟེངས་བསྟོད་བྱ་དགའ་ཕུལ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་དང་། ཞུ་ཚང་སྐལ་བཟང་རྒྱལ་མཚན། གངས་དུངས་སོགས་འཐུས་མིས་སྐབས་དོན་འབྲེལ་ཡོད་གསུང་བཤད་གནང་།

  ཚེས་བརྒྱད་ཉིན་སྤུ་རྒྱལ་རིག་སློབ་ཁང་གི་སྐབས་དང་པོའི་བཀའ་རམས་པ་རྣམ་པ་བཞི་ལ་དགེ་བཤེས་ཀྱི་མཚན་བཏགས་གསོལ་ཞིང་། ཞུ་ཚང་བླ་མ་ཀུན་བཟང་རང་གྲོལ་དང་། མཁན་རིན་པོ་ཆེ་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ཀྱིས་དགེ་བཤེས་ཀྱི་ཕྱག་ཁྱེར་དང་རྟེན་འབྲེལ་མགུལ་དར་བཅས་གནང་སྟེ། བཀའ་རམས་པ་རྣམ་པ་བཞི་ཡིས་མཆོད་ཚིག་སྨོན་པ་ཡོངས་འགྲུབ་དང་མཚན་ཉིད་ཚིག་བཀྲ་བཅས་གསུངས།

  ཕྱི་དྲོར་གཙུག་ལག་ཁང་ཆེན་མོའི་སྒོ་འགྲམ་ནས་གདན་སའི་བླ་མ་དང་མཁན་སློབ། དགེ་རྒན་རྣམས་དང་། དད་ལྡན་བརྒྱ་ཕྲག་མང་པོས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་རྣམ་བཞི་ལ་སྐལ་པ་བཟང་བའི་སྨོན་ཚིག་གི་འུར་སྒྲས་གནམ་ས་ཁེངས་པར་མཛད། དེ་ནས་དགེ་བཤེས་རྣམ་པ་བཞི་ཞུ་དགོན་སྨིན་གྲོལ་གླིང་གི་སྒྲུབ་གྲྭའི་ལྷ་ཁང་དུ་གདན་འདྲེན་ཞུས་ཏེ་གྲྭ་བཙུན་འདུས་སྤྱི་དང་དད་ལྡན་མང་ཚོགས་རྣམས་ཀྱིས་སྐལ་པ་བཟང་བའི་ཤིས་སྨོན་དང་ལྷན་དུ་མཇལ་ཁ་ཞུས་རྗེས་ཐེངས་འདིའི་དངོས་གཞིའི་མཛད་རིམ་རྣམས་མཇུག་ལེགས་པར་གྲུབ།

  ཚེས་དགུ་ཉིན་ཅོང་རི་དགོན་བྱ་དུར་གཡུང་དྲུང་གླིང་གི་སྡེ་དགོན་གཉིས་ཀྱི་རེ་བ་ལྟར། ཞུ་ཚང་དགེ་བཤེས་ལུང་རྟོགས་སྐལ་བཟང་རྒྱལ་མཚན་མཆོག་གསེར་ཁྲིར་མངའ་གསོལ་མཛད་དེ། དབང་ལྡན་ཞུའི་གདན་ས་ཞུ་དགོན་སྨིན་གྲོལ་གླིང་ངམ་སྤུ་རྒྱལ་རིག་སློབ་ཁང་ནས་མནྜལ་སྐུ་གསུང་ཐུགས་རྟེན་དང་། ཅོང་རི་དགོན་འདུས་སྤྱི་དང་། ཅོང་རི་བླ་བྲང་། ཅོང་རིའི་ལྷ་སྡེ་ཐུན་མོང་བཅས་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ཤིང་བླ་མ་ཁྲི་པའི་མཚན་སྙན་བཞེས།

  ཚེས་བཅུ་ཉིན་ཐེངས་འདིའི་དགེ་བཤེས་རྣམ་བཞིས་སྦྱིན་བདག་མཛད་དེ་སྤུ་རྒྱལ་རིག་སློབ་ཁང་དང་། ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གཉིས་ཀྱི་དགེན་སློབ་རྣམས་མཉམ་འཛོམ་གྱིས་མཛད་རིམ་མཇུག་གྲུབ་པའི་དགའ་སྟོན་རྟེན་འབྲེལ་དུ་དགའ་བའི་གསོལ་ཟས་དང་སྤྲོ་བའི་རྩེད་མོའི་ངང་ནས་བཀྲ་ཤིས་རྟེན་འབྲེལ་གྱི་བྱ་བས་སྣ་དྲངས་པའི་ལྷན་དུ་སྤུ་རྒྱལ་རིག་སློབ་ཁང་གི་སྐབས་དང་པོའི་དགེ་བའི་བཤེས་གཉེན་ཆེན་མོའི་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོ་ཁག་ཁ་དགེ་བཀྲ་ཤིས་ཀྱིས་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མཛད་སྒོའི་གོ་སྒྲིག་ལྷན་ཚོགས་ཀྱིས། ༢༠༡༩/༡༢/༡༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།