ཁྱུང་དབུས་བོན་གྱི་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་གྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།

[ཟླ་ཚེས། 2019-12-10 17:49:02][རྩོམ་པ་པོ། གངས་རྒྱན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   སློབ་ཚོགས་དང་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་སའི་གླིང་ཁ་ནས་ལོ་རེ་རེ་ཧྲིལ་པོར་འཁོར་རྗེས་ལོ་འཁོར་གྱི་རྒྱུགས་ཆེན་ཟེར་ཏེ་རྒྱུགས་སྣ་ཁ་འདྲ་མིན་འགའ་བྱེད་དེ་ཕྱོགས་སོ་སོ་ནས་དེ་འདྲའི་རྒྱུགས་ཤིག་ལེན་བཞིན་ཡོད་པ་ལྟར་དེ་མཚུངས་སུ་སློབ་གླིང་འདི་གས་ཀྱང་ལོ་རེ་རེའི་ནང་རྒྱུགས་ཆེན་སྣ་ཁ་འགའ་བྱེད་དེ་ལེན་བཞིན་ཡོད་པ་རེད་ལོ་སྔོན་མ་དང་སྔོན་མའི་སྔོན་མ་དེ་དག་གི་ཁྲོད་ནའང་ལོ་འཁོར་རྒྱུགས་སྤྲོད་ནང་དུ་བཤད་སྒྲུབ་གཉིས་ཀ་ཞུགས་ཀྱི་ཡོད་ཀྱང་ད་ལན་གྱི་རྒྱུགས་སྤྲོད་ནང་བཤད་གྲྭ་བ་མ་གཏོགས་སྒྲུབ་གྲྭ་བ་རྣམས་རྩ་རླུང་འཕྲུལ་འཁོར་སྦྱོང་རྒྱུའི་སྟབས་ཁེལ་སོང་བས་རྒྱུགས་སྤྲོད་ཐོག་ཞུགས་རྒྱུ་མ་བྱུང་བ་རེད་བཤད་གྲྭ་བ་རྣམས་འདི་ལོའི་སྤྱི་ལོ་/༢༠༡༩ལོའི/ཟླ་བ་༡༡་པའི་ཚེས་/༢༢ཉིན་སྔ་དྲོར་ཆུ་ཚོད་དགུ་པའི་ཐོག་རྒྱུགས་རའི་ནང་དགེ་སློབ་ལྷན་རྒྱས་ཕེབས་ཏེ་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་ཁང་ཉིད་དང་དེ་བཞིན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་དབུ་བཞུགས་མཛད་—དེ་རྗེས་གོང་རིམ་བཞིན་སློབ་མ་རྣམས་རང་རང་གི་གདན་ཐོག་ཏུ་བཞུགས་ཏེ་གཞུང་རྒྱུགས་ཆེན་མོ་འབྲི་འགོ་བརྩམས་ནས་དགེ་བཤེས་རྣམ་པས་རྒྱུགས་ཤོག་འཛིན་གྲྭ་གོང་རིམ་བཞིན་ཕུལ་རྗེས་སློབ་མ་རྣམས་ཀྱིས་ལན་གང་ཕོག་བྱས་ཏེ་དྲིས་ལན་ཕུལ།
ཉིན་གཉིས་པའི་ནང་སྔར་ལྟར་ཁྲི་འཛིན་བླ་མ་མཆོག་དང་དེ་བཞིན་བླ་མ་དང་དགེ་བཤེས་རྣམ་པ་དབུ་བཞུགས་གནང་སྟེ་སློབ་མ་རྣམས་ལ་རིག་གནས་ཀྱི་རྒྱུགས་སྤྲོད་ལེན་འགོ་བརྩམས་པ་དང་འཛིན་གྲྭ་སོ་སོས་སུམ་རྟགས་དག་གསུམ་རྩིས་སོགས་ཀྱི་སྐོར་ནས་དྲིས་ལན་འབྲི་སྐབས་དགེ་རྒན་རྣམ་པས་ཀྱང་གཟིགས་ཞིབ་གནང་།
ཉིན་གསུམ་པའི་ནང་བྲིས་རྒྱུགས་བླངས་པ་དང་འབྲི་བྱ་གཙོ་བོ་སྤྱིར་ཡིག་གཟུགས་སྣ་ཁ་གསུམ་ལས་གཟབ་དང་འཁྱུག་ཡིག་མ་རྩ་བྱས་ཤིང་དེའི་སྟེང་སྒུར་དང་ཚུགས་རིང་སོགས་སློབ་མ་སོ་སོའི་མོས་ཁམས་དང་བསྟུན་པར་བྱས་ཏེ་བྲིས་རྒྱུགས་བླངས་པ་དང་།
ཟླ་བ་༡༡པའི་ཚེས་༣༠ཉིན་རྩོད་རྒྱུགས་ཕུལ་བ་དང་དེ་ཡང་གནའ་དེང་ཟུང་སྒྲིལ་དགོན་སྡེ་སྤྱི་ཡོངས་ཀྱི་འགྲོས་དང་མཐུན་པར་འཛིན་གྲྭ་སོ་སོའི་རྟགས་གསལ་རྣམས་སྡེ་ཚན་སྡེ་ཚན་བྱས་ཏེ་བཤམ་ནས་རྩོད་པ་པོས་གང་བླངས་པའི་ཤོག་དྲིལ་ནང་གི་རྟགས་གསལ་གང་ཡིན་གྱི་སྐོར་མི་རེ་རེ་ལ་དགེ་རྒན་གྱིས་མར་གསུང་སྟེ་འཛིན་གྲྭ་གོང་མ་ནས་རིམ་བཞིན་རང་རང་ལ་བབས་པའི་རྟགས་གསལ་གང་ཡིན་པ་དེ་ལུང་རིགས་གཙོར་བཏོན་དང་དགག་སྒྲུབ་ཚ་དབལ་གྱི་སྒོ་ནས་རྩོད་པ་གཞུང་བཞིན་གནང་མཛད་པ་བཅས་སོ།།
སྤྱི་ལོ་༢༠༡༩/ཟླ་བ་༢༡པའི་/ཚེས་༡ཉིན་   གོང་གི་གཞུང་དང་རིག་གནས་བྲིས་གཟུགས་རྩོད་རྒྱུགས་བཅས་ཚན་པ་བཞི་ལས་ཐོན་པའི་ཨང་རིམ་དང་པོ་གཉིས་པ་གསུམ་པ་རེ་བཅས་བཅུ་གཉིས་དང་།  དེའི་ཁར་ཕུལ་བྱུང་གཉིས་རེ་ཁྱོན་སྡོམ་སྟོབས་ལྡན་བློ་གསལ་དད་ཆེའི་མཐུན་རྐྱེན་འཛོམས་པའི་སློབ་མ་ཉི་ཤུ་ལ་གཟེངས་བསྟོད་དང་གཟེངས་རྟགས་ལེགས་སྐྱེས་རྣམས་བླ་མ་དགེ་རྒན་རྣམ་པས་གྱ་ནོམ་པ་ཕུལ་ཏེ་ལོ་འཁོར་གཅིག་གི་རྒྱུགས་སྤྲོད་དང་འབྲེལ་བའི་མཛད་སྒོ་དག་ལེགས་གྲུབ་ཐུབ་པར་མཛད་དོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།