གཤེན་རབ་མི་བོ་ཆེས་སྨན་དཔྱད་གཉེར་གཏད་མཛད་སའི་ཞུ་འཁོར་གཙོ་བོ་དཔྱད་བུ་ཁྲི་ཤེས་ཀྱི་མཚམས་སྦྱོར་མདོར་བསྡུས

[ཟླ་ཚེས། 2019-11-21 20:06:36][རྩོམ་པ་པོ། ནག་ཞིག་གྲྭ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཤེན་རབ་མི་བོ་ཆེས་སྨན་དཔྱད་གཉེར་གཏད་མཛད་སའི་ཞུ་འཁོར་གཙོ་བོ་དཔྱད་བུ་ཁྲི་ཤེས་ཀྱི་མཚམས་སྦྱོར་མདོར་བསྡུས།

  དེ་ཡང་བོད་ཀྱི་སྨན་དཔྱད་ནི་ལོ་རྒྱུས་ཡུན་རིང་ཞིང་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དར་བ་དང་། དུག་ཡོད་ན། སྨན་ཡོད་ཅེས་པའི་གཙོ་སྒྲུབ་རིག་པ་དང་མཐུན་པའི་ཐོག་ན་ར་སྤྲོད་བྱུང་བ་མ་ཟད། བོད་ཀྱི་སྨན་དཔྱད་ཐོག་མ་ནི་བོད་རང་ས་ནས་འཁྲུངས་པའི་གཤེན་རབ་མི་བོ་དང་། དཔྱད་བུ་ཁྲི་ཤེས་ཀྱིས་གཏམ་ལ་ཕབས་པ་ནི་དེང་དུས་ཕལ་ཆེར་ཡོངས་གྲགས་ཡིན་ཞིང་། དཔེ་མཚོན་ཙམ་ཞུས་པ་ཡིན་ན། མཁས་དབང་གོ་འཇོ་དབང་འདུས་ཀྱིས་འདི་ལྟར་བཞེད་ཡོད་དེ། ( གོང་དུ་བཤད་མ་ཐག་པའི་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དབུ་བརྙེས་པའི་ལོ་ཚིགས་དེ་ཉིད་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་འཇིག་རྟེན་དུ་བྱོན་པའི་དུས་སུ་བཀོད་པ་ནི།གཡུང་དྲུང་བོན་ཁོ་ན་ལ་གྲགས་པ་ཙམ་མ་ཡིན་པར་བོད་ཡུལ་གྱི་ནང་པ་སངས་རྒྱས་པའི་བསྟན་འཛིན་ཆེན་པོ་དང་བཅུ་ཕྲག་རིག་པའི་གནས་ལ་མངའ་དབང་བསྒྱུར་བའི་མ་ཧཱ་པཎྜི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། མཁས་པའི་དབང་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོ། མཁས་མཆོག་དེལ་དམར་བ་བསྟན་འཛིན་ཕུན་ཚོགས་སོགས་བློ་གཟུ་བོར་གནས་པའི་གསོ་དཔྱད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་ཕུགས་དེ་ཉིད་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ལ་གཏུགས་དགོས་པར་གསུངས་ཏེ།) ཞེས་སོགས་ཞིབ་ཅིང་ཕྲ་བ་བསྟན་ཡོད་ཡོད་ཀྱང་ཡིག་ཚོགས་མང་བར་བསམ་ནས་མ་བྲིས། གཞན་ཡང་རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན་ནམ་མཁའི་ནོར་བུ་དང་། ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་མཁས་དབང་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་དེ་དང་གཅིག་མཚུངས་སུ་བསྟན་ཡོད་རེད།

  བོན་གྱི་ལོ་རྒྱུས་གཏན་ཚིག་ངེས་པའི་གལ་མདོ་ལས། གཤེན་སྲས་དཔྱད་བུ་ཁྲི་ཤེས་སྤྲུལ། གསོ་དཔྱད་སྨན་གྱི་བསྟན་པ་སྤེལ། ནད་དང་དུག་གི་བར་ཆོད་བསལ། ཞེས་གསུངས་པས། བོན་རང་ལུགས་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ ༡༤༤༩༦ འབྱུང་ལྡན་ཉེར་དྲུག་གི་ཤིང་ཕོ་སྤྲེལ་ལོར་འཁྲུངས་པར་བཞེད་ཅིང་། མཁས་དབང་ནམ་མཁའི་ནོར་བུ་སོགས་ཀྱིས་སྤྱི་ལོའི་སྔོན་གྱི་ལོ་ ༡༨༠༠ ནང་ཚུན་དུ་འཁྲུངས་པར་བཞེད་ལ་ད་བར་ལོ་བཞི་སྟོང་གི་ལོ་རྒྱུས་ལ་ཉེ་བ་འགྲོ་གི་ཡོད་པ་རེད། གང་ལྟར་བོད་རང་ས་ནས་འཁྲུངས་པའི་ཡབ་སྟོན་པ་གཤེན་རབ་མི་བོ་དང་། ཡུམ་ཧོས་བཟའ་རྒྱལ་སྨད་གཉིས་ཀྱི་སྐུ་ཡི་སྲས་གཉིས་པ་ཡིན་ཞིང་། གསོ་དཔྱད་སོགས་སྨན་གྱི་གཉེར་གཏད་མཛད་སའི་སློབ་མའི་གཙོ་བོ་ཡིན་པའི་སྐོར་དཔྱད་རྒྱུད་བདུད་རྩིའི་བུམ་པ་ལས། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིང་ཁྲི་ཆིག་སྟོང་དུ་གཏན་ལ་ཕབས་ནས་བཤད་པར་མཛད་དེ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད། ཅེས་གསུངས་པ་ལ་གཞིིགས་ན། ནད་ཀྱི་རྒྱུ་རྐྱེན་དང་། བྱུང་ཁུངས། བལྟ་རེག་དྲི་གསུམ་གྱི་བརྟག་ཐབས། དེ་ཙམ་མ་ཟད་སྨན་ལ་ཞི་སྦྱོང་གི་ལག་ལེན། དཔྱད་ལ་གཏར་བསྲེག དུག་ལུམས་བཅས་གཞུང་ལུགས་ཆ་ཚང་གཏན་ལ་ཕབས་པའི་ལོ་རྒྱུས་ཁུངས་ལྡན་དུ་གསལ་ཡོད། ཁོང་གི་ཚུལ་མཚན་དུ་ཚུལ་འབར་ཁྲི་ཤེས་གསོལ་བ་དང་སྐུ་ཡི་ཆས་ལུགས་ཀྱང་དང་པོ་དབང་གི་གཙུག་ཕུད་དང་ཚེ་རི་ལེན་ཕྲན་ཅན་གྱི་རྒྱལ་བུའི་ཆ་ལུགས་དང་། དེ་ནས་གསོ་རིག་བཀའ་འཁོར་སྐོར་ཞིང་འགྲོ་དོན་མཛད་སྐབས་འཚོ་བྱེད་པའི་ཆ་ལུགས། ཡང་དག་པ་དྲང་སྲོང་སྐབས་འདུལ་ཆས་སུ་ངེས།

  མཛད་པའི་གསོ་རིག་སྐོར་དེང་གི་ཆར་མཐོང་ཡུལ་དུ་བཞུགས་པ་ནི་དཔལ་ལྡན་རྒྱུད་བཞིའི་ཕྱི་མོ་ནི་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་དང་། ཞེན་གོག་གིས་མ་བཅིང་བའི་ལོ་རྒྱུས་དྲང་པོར་སྨྲ་བའི་མཁས་དབང་དག་གིས་གཤེན་གྱིས་གསུངས་པའི་འབུམ་བཞི་འདི་ཉིད་ཡིན་པར་བཞེད་ཅིང་། དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་དེ་སྔོན་མཐོ་སྒང་རང་ནས་དར་བའི་གསོ་དཔྱད་སྨན་གྱི་གདམས་ངག་དང་ལག་ལེན་མང་པོ་ཕྱོགས་བསྡོམས་གནང་སྟེ་ཁོང་གིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་དང་། དབང་པོ་རིལ་བུའི་བྱུང་ཁུངས་ལོ་རྒྱུས། གཞན་ཡང་རྩ་འགྲེལ་ལེའུ་བདུན་པ། དཔྱད་རྒྱུད་ཟླ་བའི་འོད་ཟེར། དཔྱད་རྒྱུད་ཁྲི་སྡེའི་ཡང་བཅུད་མན་ངག་ཡིག་ཆུང་། བྱིས་ནད་བརྟག་བཅོས་ཆུང་དཔྱད་མེ་ལོང་། ཆུ་དཔྱད་ཟླ་བསིལ་གྱི་རྒྱུད། གསོ་དཔྱད་སྨན་གྱི་མདོ་དགུ་ཞེས་པ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་སྣ་ཚོགས་ཡོད་པར་གྲགས་ཤིང་རྩོམ་སྒྲིག་དང་འཆད་ཉན་རྒྱ་ཆེར་མཛད་ནས། གངས་ལྗོངས་ཉེས་གསུམ་མུན་པའི་གླིང་དུ་སྔོན་མེད་གསོ་རིག་བསྟན་པའི་སྐྱ་རེངས་གསར་བ་ཞིག་ཤར་ཕྱོགས་རི་བོའི་ཕག་ནས་ཐོག་མར་དྲངས་པ་དང་ཆབས་ཅིག་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་བདེ་ཐང་ལ་ཆེས་རླབས་ཆེ་ཞིང་གཟི་བྱིན་འབར་བའི་ཕྱག་རྗེས་འཇོག་གནང་མཛད་པ་ལགས་པས། བདག་ཅག་མི་རབས་རྗེས་མ་སྤྱི་དང་སྒོས་སུ་བོད་ཡུལ་གྱི་ཚེ་རིག་འཛིན་པ་ཀུན་གྱིས་མེས་པོ་དམ་པ་ཁོང་ལ་སེམས་གཏིང་ནས་དགའ་ཞེན་ཚད་མེད་ཞུས་ནས་ཡིད་སྨོན་དང་གུས་བཀུར་བྱེད་འོས་པའི་སྐྱེས་བུ་ཁྱད་པར་ཅན་ཡིན།

  ད་ཐེངས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་རྟེན་ན་སྦྲ་ཆེན་ཤང་གི་སྨན་ཁང་དུ་སྨན་པའི་དབུ་ཁྲིད་ཀྱིས་སྐུ་ངལ་དོན་དུ་བླངས་པའི་འོག་དང་། བླ་དགོན་གྱི་ཐུགས་ཁུར། གྲོང་ཚོའི་སྨན་པ་རྣམ་པ་དང་ཡུལ་གྱི་མི་བུ་ལྷག་བསམ་ཚོས་གཞོག་འདེགས་སོགས་ཀྱིས་མཐུས་རིན་ཆེན་གཡང་ཏྲི་དཀར་པོ་ལས་གྲུབ་པའི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་སྐུ་བརྙན་རྣམ་དག་འདུལ་བའི་ཆས་ཅན་འདི་ཉིད་ཕྱི་ཡི་བཀོད་པ་ཆགས་ཚད་དང་ལྡན་ཏེ་མཛེས་ཤིང་བྱིན་དང་ལྡན་པ། ནང་གི་གཟུངས་གཞུག་གོ་རིམ་ཕུན་སུམ་ཚོགས་པ་འདི་ཉིད་ལེགས་གྲུབ་བྱུང་བ་ནི་གོང་ཞུས་ལྟར་ཏང་གི་ཡང་དག་པའི་སྲིད་བཟང་བོད་ལུགས་གསོ་རིག་འདི་ཉིད་གཙིགས་ཆེར་གནང་བའི་ལམ་སྟོན་འོག་ཁོང་ཚོས་སྤྱིར་ལོ་རྒྱུས་ཐོག་བོད་ཀྱི་གསོ་རིག་གི་བསྟན་པའི་ཐད་མ་ཚང་ཁ་བསྐང་དང་། ཡང་སྒོས་སུ་སྔར་སྲོལ་རྒྱུན་འཛིན་གྱིས་བོད་ཀྱི་ལྷ་རྗེ་ཐོག་མའི་བཀའ་དྲིན་དྲན་པའི་དན་རྟགས་དང་། སངས་རྒྱས་སྨན་ལྷའི་ཡོན་ཏན་ལ་སྐྱབས་སུ་འགྲོ་བ་སོགས་མདོར་ན་ལུས་ཅན་འགྲོ་རྣམས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཡུལ་ལས་རྒྱལ་བའི་དཔུང་གཉེན་དུ་དམིགས་ཏེ་བཞེངས་པ་ཞིག་རེད།

  ཅེས་འབྱུང་ལྡན་༣༠༡ གི་ནང་ཚན་ས་ཕག་ལོའི་སྟོན་ཐའི་ཚེས་༡༥ཉིན་གཤེན་སྲས་དཔྱད་བུ་ཁྲི་ཤེས་ཀྱི་འཁྲུངས་ཚེས་གཟའ་སྐར་འབྱུང་འཕྲོད་བཟང་ཞིང་མིག་དམར་ཐ་སྐར་འགྲུབ་སྦྱོར་དང་མ་བསྒྲིག་རང་འགྲིག་གི་གོང་གི་སྐུ་བརྟེན་ཁྲི་བཞེངས་སྐབས་ནག་ཞིག་གྲྭ་པས་མཚམས་སྦྱོར་ཞུས་པའོ། །ཐ་ཚན་མུ་ཙུག་སྨར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།