གསོ་རིག་འབུམ་བཞིའི་ལུང་འཁྲིད་སྐོར་གྱི་གནད་བསྡུས།

[ཟླ་ཚེས། 2019-11-19 23:34:05][རྩོམ་པ་པོ། འཚོ་བྱེད་འབྲོག་སུམ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཡུལ་གངས་ཅན་པའི་སྔར་སྲོལ་གསོ་རིག་འབུམ་བཞི་ནི་མདོ་དབུས་མཐོ་སྒང་རང་ས་ནས་འཕོས་པའི་འཚོ་བྱེད་སྨན་གྱི་རིག་པ་ཞིག་ཡིན་པ་དང་། དེ་ཡང་ཡབ་སྟོན་པ་གཤེན་རབ་མྱྀ་བོས་སྲས་དཔྱད་བུ་ཁྲི་ཤེས་ལ་གཏད་གཉེར་མཛད་པ་ཞིག་ཡིན་ཞིང་སྔ་དུས་ཞང་བོད་ཁམས་སུ་འགྲོ་ཕན་རླབས་ཀྱིས་རྒྱས་པའི་གསོ་རིག་གི་གཞུང་ཆེན་མོ་དེའང་ཡིན།  མ་ཟད་དེང་སྐབས་འཕྲིན་ལས་འཕེལ་བཞིན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་རི་བོའི་གཏོས་དང་མཉམ་པ་ཡོངས་ཀྱི་ཕྱི་མོ་ཡིན་པའང་དངོས་དོན་ལོ་རྒྱུས་ལས་ར་འཕྲོད་པར་སྙམ།   འདས་པའི་སྟོང་ལོ་གཅིག་ལྷག་ཙམ་རིང་གྲུབ་མཐའི་འཐེན་འཁྱེར་དང་ཆབ་སྲིད་ཀྱི་བཀས་བཀོད་འོག་ཡུན་རིང་བག་ལ་ཞ་བའི་གནས་སུ་གྱར་མྱོང་བའང་དོན་དངོས་ཀྱི་ལོ་རྒྱུས་ཡིན།
       
  དེང་སྐབས་ཏང་གི་སྲིད་བཟང་འོག་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་སྐལ་བཟང་ཤར་བ་དང་བསྟུན་ནས་གཞུང་ཆེན་འདིའི་ལུང་འཁྲིད་མངའ་བ་དཀོན་ཙམ་ཡོད་པའི་གནས་སྟངས་ལ་འགྱུར་བ་ཐེབས་ཕྱིར་ངེད་ཁྱུང་པོ་སྨན་རྩིས་ཁང་ནས་ལྷོ་རོང་ཁྲ་རྒན་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་མཆོག་ལ་འདི་ཉིད་ཀྱི་ལུང་འཁྲིད་དྲི་མ་མེད་པ་ཆ་ཚང་ཡོད་པའི་གནས་ཚུལ་གསལ་རྟོགས་ཐུབ་རྗེས་ཇི་ལྟར་གསོལ་བ་བཏབ་པས་༢༠༡༩ལོའི་ཟླ་༡༡པའི་ཚེས་༡༦ཉིན་དམ་པ་གང་ཉིད་དངོས་སུ་ཁྱུང་ཡུལ་སྨན་རྩིས་འགྲོ་ཕན་གླིང་དུ་ཞབས་སོར་འཁོད་དེ་ལུང་འཁྲིད་རྒྱས་པ་འཐོབ་པའི་སྐལ་བཟང་འབྲེལ་ཐོགས་ཀུན་ལ་སྨིན་པར་མཛད།
      ད་རེས་སྔར་སྲོལ་གསོ་རིག་འབུམ་བཞིའི་ལུང་འཁྲིད་ནང་མཉམ་ཞུགས་གནང་མཁན་བོད་ལུགས་སྨན་པ་གྲངས་༥༩དང་།   བོད་སྨན་སློབ་མ་གྲངས་༤༦ བཅས་ཁྱོན་ལུང་ཞུ་བ་༡༠༥ཙམ་འདུས་པ་དང་།  ལུང་འཁྲིད་ཞུ་མཁན་གྲས་སུ་ལྷ་ས་དང་།   ཆབ་མདོ།   ནག་ཆུ་བཅས་ས་ཆ་མང་པོ་ནས་ཕེབས་པའི་བོད་ལུགས་སྨན་པ་ཤ་སྟག་ཡིན་པ་དང་།  ཕལ་ཆེ་བས་དེ་སྔོན་སྔར་སྲོལ་གསོ་རིག་འབུམ་བཞིའི་དབང་ལུང་ཁྲིད་གསུམ་ཆ་ཚང་རག་མྱོང་མེད་པས་ད་རེས་དབང་ལུང་འཐོབ་པའི་སྐལ་བ་ལ་དགའ་བ་མི་སྒོམ་མཁན་མེད་པའི་རྣམ་པ་ལེགས།
    
  སྤྱི་ཚེས་༡༦ཉིན་གྱི་ཞོགས་པ་ཆུ་ཚོད་༨པའི་ཐོག་གསོ་རིག་འབུམ་བཞིའི་ལུང་འཁྲིད་ཀྱི་སྟ་གོན་ཡོངས་སུ་གྲུབ་པའི་ཉེར་ལེན་ལ་བརྟེན་ནས་ཐོག་མར་ཁྱུང་པོ་སྨན་རྩིས་ཁང་གི་གླིང་གཙོ་གླིང་སྨན་གཡུང་དྲུང་བཀྲ་ཤིས་མཆོག་ནས་འབུམ་བཞིའི་ལུང་འཁྲིད་ཀྱི་དགོས་ཆེད་སྐོར་ནས་གཏམ་བཤད་ཀུན་ལ་གོ་བ་སྤེལ།   དེ་ནས་ལུང་འཁྲིད་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་མཆོག་ནས་ལུང་གི་བརྒྱུད་རིམ་ངོ་སྤྲོད་མཛད་རྗེས་ལུང་འཁྲིད་དངོས་སུ་དབུ་ཚུགས་ཏེ་དགོང་མོ་ཆུ་ཚོད་བཅུ་པའི་ཐོག་ཉིན་དེའི་ལུང་འཁྲིད་ཀྱི་དམིགས་ཚད་གྲུབ་པར་མཛད།     
   སྤྱི་ཚེས་༡༧ཉིན་གྱི་ཞོགས་པ་ཆུ་ཚོད་༨པ་ནས་སླར་ཡང་ལུང་འཁྲིད་དབུ་ཚུགས་ཏེ་མཁན་པོ་དམ་པས་ཆུ་བོའི་རྒྱུན་ལྟར་ལུང་འཁྲིད་སྤེལ་བས་ཕྱི་དྲོ་ཆུ་ཚོད་༥པའི་ཐོག་ལུང་འཁྲིད་ཡོངས་སུ་མཇུག་གྲུབ་པར་མཛད་ཅིང་ལུང་འཁྲིད་ལ་བཅར་བའི་འཚོ་བྱེད་ཡོངས་ལ་དོན་དམ་པའི་འགྲོ་ཕན་རླབས་པོ་ཆེ་བགྱི་དགོས་པའི་ཐུགས་རེ་དང་ཐུགས་སྨོན་ཡང་ཡང་མཛད། དེ་ནས་ལུང་འཁྲིད་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་མཆོག་ནས་འཚོ་བྱེད་ཡོངས་ལ་ལུང་དར་བསྒྲོན་པ་དང་།  གླིང་གཙོ་གླིང་སྨན་གཡུང་དྲུང་བཀྲ་ཤིས་མཆོག་ནས་ལུང་ཐོབ་དཔང་ཡིག་བསྩལ་ཅིང་།  སྨན་པ་བསམ་གཏན་ནོར་བུ་དང་གངས་དགའ་གྲགས་པ་རྣམ་གཉིས་ནས་༼ཁྱུང་པོའི་སྨན་རྩིས་༽ལོ་དེབ་དང་གླིང་སྨན་གཡུང་དྲུང་བཀྲ་ཤིས་མཆོག་ནས་བསྡུ་བསྒྲིགས་མཛད་པའི་༼ཁྱུང་པོའི་ཡིག་གཟུགས་ཕྱོགས་བསྒྲིགས་༽ཀྱི་དེབ་གཟུགས་ལག་རྟགས་འབུལ་བའི་ལས་བཟང་སྤེལ་མཚམས་ལུང་འཁྲིད་སློབ་དཔོན་དང་ལུང་ཐོབ་སློབ་མའི་སྐལ་བཟང་མཉམ་འཛོམས་ཀྱི་དྲན་རྟེན་འདྲ་པར་བླངས།  
 
    མཇུག་ཏུ་སྨན་པ་གངས་དགའ་གྲགས་པ་དང་བོན་དབྱིངས་འགྱུར་མེད་རྣམ་གཉིས་ནས་སྨན་རྩིས་སློབ་སྦྱོང་སློབ་གསོའི་སྐོར་ནས་ཤིས་བརྗོད་དང་འབྲེལ་བའི་གཏམ་བཤད་སྤེལ་བ་དང་།   གླིང་སྨན་གཡུང་དྲུང་བཀྲ་ཤིས་མཆོག་ནས་འདས་པའི་གསོ་རིག་གི་འཕེལ་རིམ་དང་།  ད་ལྟའི་གནས་བབས།   མ་འོངས་མཐུན་ལམ་དམ་དུ་བསྒྲིལ་བའི་རྨང་གཞི་སྟེང་ནས་གསོ་རིག་འབུམ་བཞི་དང་འབྲེལ་བའི་སྨན་གཞུང་དག་གི་ཁྱད་ཆོས་ཇི་ལྟར་བསྔོག་སྤེལ་དགོས་པའི་གཏམ་བཤད་སྤེལ་རྗེས་ཡང་ཡང་དགའ་བསུའི་ཐལ་སྒྲ་ཁྲོད་ནས་ཐེངས་འདིའི་མཛད་བཟང་ཡོངས་སུ་མཐའ་གྲུབ་པ་བཅས་སྨན་རྩིས་བསྟན་ལ་ལྷག་བསམ་དྭངས་བའི་འཚོ་བྱེད་འབྲོག་སུམ་པ་བྱ་བས་༢༠༡༩ལོའི་ཟླ་༡༡པའི་ཚེས་༡༨ཉིན་ཀུན་ལ་མཚམས་སྦྱོར་ཚུལ་དུ་བྲིས་པ་དགེ།  ཐ་ཚན་མུ་ཙུག་སྨར་རོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།