གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་ཞིབ་བཤེར་ཚོགས་འདུ།

[ཟླ་ཚེས། 2019-11-06 15:39:12][རྩོམ་པ་པོ། སྙན་བཟང་བསོད་ནམས་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  
   རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པ། རྗེས་སུ་གནང་བའི་བཀའ་རིན་པོ་ཆེ་མདོ་འབུམ་རྒྱུད་མཛོད་བཞིའི་བདག་ཉིད་ཅན་འདི། སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་ཐུགས་དགོངས་ལྟར་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་བྱས་ཏེ་སྤྱི་ལོ་༢༠༡༧ལོ་ནས་དངོས་སུ་ལས་མགོ་བརྩམས། ལོ་ངོ་འདི་དག་གི་རིང་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་བའི་བཀའ་རིན་པོ་ཆེ་པར་སྐྲུན་ལེགས་འགྲུབ་དང་སྤུས་ཚད་མཐོར་འདེགས་བྱ་བར་གྲོས་མོལ་རབས་དང་རིམ་པ་བྱས་ནས་སྔ་རྗེས་སུ་སྒྲིག་ཞུ་ཨུ་ཡོན་ལྷན་ཁང་གི་མི་སྣ་བཅོ་ལྔ་དང་། སྒྲིག་ཞུ་བ་དགེ་བཤེས་དྲུག་ཅུ་ལྷག་བཅས་མི་སྣ་བརྒྱད་ཅུ། དེ་བཞིན་དཔེ་རྙིང་འཚོལ་བསྡུ་ཚན་ཁག བཀའ་རིན་པོ་ཆེ་སྒྲིག་རིམ་གྱིས་མཚོན་པའི་དཀར་ཆག་གཏན་འབེབས་ཆེད་མཁས་མི་སྣའི་ཚན་ཁག མདོ་འབུམ་རྒྱུད་མཛོད་ཀྱི་རྣམ་བཤད་དང་ནང་དོན་གནད་བསྡུས། བཀའ་འགྱུར་ལས་གཞིའི་རྒྱུད་རིམ། དཔྱད་རྩོམ་ཕྱོགས་སྒྲིག བཀའ་འགྱུར་པར་སྐྲུན་ལ་མཁོ་བའི་དཔེ་དེབ་རྩོམ་སྒྲིག་ཚན་ཁག བཀའ་འགྱུར་པོད་སོ་སོའི་ནང་གི་ལྷ་སྐུ་གཏེར་རྟགས་སོགས་རི་མོ་འབྲི་བཞེངས་ཚན་ཁག བཀའ་འགྱུར་དཔེ་གཟུགས་ཇུས་འགོད་ཀྱིས་མཚོན་པའི་པར་སྐྲུན་ཡུལ་དངོས་ལས་གཉེར་ཚན་ཁག་སོགས་རྩ་འཛུགས་དང་ཆེད་མཁས་མི་སྣ་འདེམས་སྒྲིག་བྱས།
   ༢༠༡༩ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཞིའི་དགོང་ཁར། ༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་སྐུ་དངོས་སུ་ཁྲི་འདུ་གྲོང་ཁྱེར་ཤམ་བྷ་ལའི་གསོལ་མགྲོན་ཁང་ཆེན་དུ་ཕེབས་ནས། ཁྲིན་ཏུའུ་ལ་བཞུགས་པའི་རྒྱལ་བའི་བཀའ་རིན་པོ་ཆེ་སྒྲིག་ཞུ་བ་རྣམས་ལ་ཆེད་དུ་དགོང་ཟས་བསྩལ་པ་དང་ཆབས་ཅིག བཀའ་རིན་པོ་ཆེ་སྒྲིག་ཞུའི་ལས་ཀ་འདི་སྲིད་གཞུང་གི་དུས་ཆད་ལྟར་ལེགས་འགྲུབ་འབྱུང་དགོས་པ་དང་། ང་ཚོས་བཀའ་འགྱུར་ལ་ཞུ་དག་བཏང་གི་ཡོད་པ་མ་ཡིན་ལ། བྲིས་མཁན་གྱིས་བྲིས་ནོར་དང་ཆད་ལྷག གློག་ཀླད་དུ་བཏགས་ནོར་དང་ཆད་ལྷག་ཤོར་བ་དག་བཅོས་བྱ་བར་སྒྲིག་ཞུ་བ་རྣམ་པས་དཔེ་བསྡུར་ཡག་པོ་བྱེད་དགོས་པའི་བཀའ་སློབ་གནང་།
   སྤྱི་ཚེས་ལྔ་ཉིན་གྱི་ཞོགས་པར། ཁྲི་འདུ་གྲོང་ཁྱེར་གླང་ཆེན་འགྱིང་རི་གསོལ་མགྲོན་ཁང་གི་ལྔ་ཐོག་ནས། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་དང་འབྲེལ་བའི་ཞིབ་བཤེར་ཚོགས་འདུ་བསྡུས། དེ་ལ་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་གཙོས་པའི་ཚོགས་ཞུགས་མི་སྣ་ཉེར་གཅིག་ཡོད་ཅིང་སྔ་དྲོའི་ཆ་ལ། ཐོག་མར་དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་སྟེ་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དང་འབྲེལ་བའི་གཏམ་བཤད་མཛད། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་དམིགས་བསལ་གྱི་གསུང་བཤད་གལ་ཆེན་གནང་། དེ་ནས་ཐེངས་འདིའི་གྲོས་གཞི་དང་འབྲེལ་བར་སྒྲིག་ཞུ་བ་རྣམས་ཀྱིས་རིམ་བཞིན་སོ་སོའི་དགོངས་འཆར་བགྲོ་གླེང་གནང་།
   ཕྱི་དྲོའི་ཆ་ལ་དྲུང་གཞོན་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་གནང་སྟེ་སྒྲིག་ཞུ་བ་རྣམས་ཀྱིས་སྔར་བཞིན་རང་རང་གི་དགོངས་འཆར་བཏོན་ནས་བཀའ་འགྱུར་སྒྲིག་ཞུ་བྱེད་སྟངས་དང་། དེ་དང་འབྲེལ་བའི་ཞིབ་བཤེར་ཚན་ཁག་གི་མི་སྣ་འདེམས་སྒྲིག་བྱས་པ་སོགས་གྲོགས་ཆོད་འགའ་གཏན་ཁེལ་མཛད། དགོང་ཁར་གླང་ཆེན་ཕོ་བྲང་དུ་ཕེབས་ནས་གསོལ་བ་གནང་སྟེ་ཐེངས་འདིའི་གྲོས་ཚོགས་རྒྱལ་ཁའི་ངང་མཇུག་བསྡུས་པ་བཅས་ཀྱི་གནས་ཚུལ་རགས་ཙམ་མོ། །
2019.11.5
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།