རྣམ་ཐར་ཤེལ་གྱི་ཐེམ་སྐས་དང་འབྲེལ་གནས་ཚུལ་གསལ་བསྒྲགས།

[ཟླ་ཚེས། 2019-08-03 16:10:10][རྩོམ་པ་པོ། གཙུག་གཤེན་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལྟ་བ་ཡས་ཕུབ་ཉག་གཅིག་དོན་རྟོགས་ཀུན་ཏུ་བཟང་པོ་མངོན་སུམ་པ། །

སྤྱོད་པ་མས་འཛེག་ཚུལ་ཁྲིམས་ཟུང་འབྲེལ་དག་པ་དྲང་སྲོང་ཆ་བྱད་ཅན། །

ཐབས་དང་ཐུགས་རྗེས་བསྟན་འགྲོའི་དོན་སྒྲུབ་སངས་རྒྱས་མི་ཡི་རྣམ་རོལ་བ། །

ཚིག་བཞི་བོན་གྱིས་ཚིག་ཟིན་སྐྱེས་མཆོག་སྒོ་གསུམ་གུས་པ་ཆེན་པོས་བསྟོད། །

  འདི་ཟླ་སྟེ་བོད་ས་ཕག་ལོའི་བོད་ཟླ་བ་ལྔ་པའི་ཚེས་དྲུག་སྤྱི་ལོ་2019ལོའི་ཟླ་བ་7ཚེས་8ཉིན་ཆུ་ཚོད་3དང་སྐར་མ་52ཐོག་ཁྲོམ་དགོན་མཚམས་རྒན་གར་རྩ་དྲང་སྲོང་ཚུལ་ཁྲིམས་རབ་འབྱམས་དར་རྒྱས་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་སྐོར་འབྲི་དགོས་པའི་འབོད་སྐུལ་གྲོགས་འགས་གནང་ཡང་ཁོ་བོས་ཁྱེད་ཅག་གི་ཐུགས་འདོད་ལྟར་འབྲི་རྒྱུ་བྱུང་མ་སོང་། ཡིན་ན་ཡང་རྟགས་ཡ་མཚན་ཅན་ཇེ་མང་ནས་ཇེ་མང་སོང་བ་དང་འབོད་སྐུལ་ཡང་ཡང་བྱུང་བ་ལ་བརྟེན་རང་གི་སེམས་ལ་གནས་ཚུལ་འདི་གསལ་བསྒྲགས་ཤིག་ཞུས་ན་གཤེན་བསྟན་རིན་པོ་ཆེའི་སྲི་ཞུ་མིན་པའི་ངེས་པ་མི་འདུག་བསམ་པའི་རྨོངས་འཆར་ཞིག་སྐྱེས་སོང་། རྒྱུ་མཚན་ནི་དེང་གི་དུས་སུ་དགེ་བྱེད་པ་ལ་དམའ་འབེབ་དང་ཟུར་ཟ་ཆེས་ཆེ་བས་གནས་ཚུལ་འདིའི་རིགས་སྒྲོ་བཏགས་མིན་པའི་གནས་ལུགས་ཇི་མ་ཇི་བཞིན་གསལ་བཤད་བྱ་རྒྱུ་ནི་འོས་འགན་རུ་སེམས། ལོ་རྒྱུས་ཁུངས་ནས་མ་བཤད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། ཞེས་པ་བཞིན། ཐོག་མར་དམ་པ་ཁོང་གི་རྣམ་ཐར་ཤེར་གྱི་ཐེམ་སྐས་འཆད་པར་བྱེད་པ་ལ་ཐར་ལམ་གྱི་གྲངས་ལྡན་དུ་འཆད་དེ།

  གཅིག་སྐུ་མཚན་གྱི་མེ་ཏོག་བཞད་པའི་སྐོར། བོད་མེ་བྱི་ལོ་སྤྱི་ལོ་༡༩༣༦ལོར་རོམ་འགག་གར་ཧོ་མདའ་ཧ་རུ་ཚང་ཞེས་པའི་མི་ཚང་ཞིག་ཏུ་ཡབ་གར་རྩ་དགེ་འདན་དང་ཡུམ་མ་བཟའ་འོ་སྨན་གཉིས་ཀྱིས་སྲས་སུ་འཁྲུང་། ཆུང་དུས་མཚན་ལ་ཚེ་དབང་གྲགས་པ་རུ་འབོད།

  གཉིས་ཤེས་རིག་གྱི་རྨང་གཞི་བཏིང་པའི་སྐོར། ཏྲེ་འོ་རྟོགས་ལྡན་ཤེས་རབ་བསྟན་འཛིན་དང་ཧ་རུ་དགེ་མ་ཤེས་རབ་བཟང་མོ་གཉིས་ཀྱི་མདུན་ནས་རིག་གནས་ཀྱི་ཐོག་མར་ཀློག་འདོན་ལ་བྱང་ཆུབ་པ་མཛད། དུས་འགྱུར་གྱི་སྐབས་ཁྱུང་པོ་མཚམས་ཆུང་གཡུང་དྲུང་བསྟན་འཛིན་གར་ཆེན་སྒྲུབ་ཕུག་ནང་སྦས་སྐུང་མཛད་ནས་ལྐོག་ཏུ་འཚོ་བའི་འགན་ཁུར་གནང་བས་དད་པ་དང་དམ་ཚིག་འགྱུར་བ་མེད་པའི་མི་བུ་ཚད་གཞི་ཅན་གྱི་རང་ཚུགས་ཕྱི་རུ་མངོན།

  གསུམ་ཐོས་བསམ་གྱི་ཆུ་མོ་ངོམས་མེད་དུ་བཞེས་པའི་སྐོར། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་གནང་རྗེས་ཁོང་རྩེ་དྲུག་དགོན་དུ་བྱོན་ནས་རིན་ཆེན་རྒྱལ་མཚན་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས་པས་མཚན་ལ་ཚུལ་ཁྲིམས་དབང་རྒྱལ་ཞེས་གསོལ། དེ་ནས་སྐོམ་པ་ཆུ་འདོད་ཆུ་དང་འཕྲད་པ་བཞིན་རྩེ་དགོན་དུ་རིན་ཆེན་རྒྱལ་མཚན་དང་རྟ་མགྲིན་བྲག་རྩར་བྱ་བྲལ་ཉི་མ་ཚུལ་ཁྲིམས་མདུན་ནས་བོན་དྲང་དོན་དང་ངེས་དོན་གྱི་གདམས་དོན་མང་དུ་གསན་ཞིང་ཐུགས་དགོངས་གཅིག་ཏུ་འདྲེས་པར་མཛད་པ་མ་ཟད་གཡུང་དྲུང་དཔལ་རིར་ཤིང་རོང་མཚམས་ཆུང་དང་རྩེ་དྲུག་དགོན་མཚམས་པ་ཡེ་ཤེས་རྒྱལ་མཚན་སོགས་ཉམས་ལེན་ལ་བྱང་ཆུབ་པའི་བླ་མ་དག་གི་ཞབས་རྡུལ་སྤྱི་བོར་བླངས་ནས་དབང་ལུང་མན་ངག་གི་གདམ་པ་རྒྱུད་ལ་སྨིན་པར་བྱས། དེ་ནས་ཁོང་རིན་པོ་ཆེས་དབེན་ནས་ཞིག་ཏུ་བཞུགས་རྒྱུར་ཐུགས་ཐག་བཅད་དེ། ཝ་ཚང་ནང་ཞེས་པའི་ས་ཆ་དེ་རུ་མཚམས་ཁང་ཆུང་ཆུང་ཞིག་ཐོག་མར་ཕྱག་གཏབ་མཛད།

     ༡༩༩༡ལོར་སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་བོད་ལ་ཆིབ་བསྒྱུར་གནང་སྐབས་རང་དགོན་དུ་དབང་ལུང་ཁྲིད་གསུམ་གྱི་གདམས་པ་གང་མང་ཞུས་པ་མ་ཟད། བ་ཡུལ་མཁན་པོ་བཀྲ་ཤིས་ཀྱི་མདུན་ནས་ལྗགས་ལུང་གང་མང་ཐོབ། དེ་ནས་སྟོན་འཁོར་དང་ལྷན་དུ་སྤ་ཚང་དགོན་ལ་ཕེབ་ནས་མ་རྒྱུད་ཀྱི་དབང་བཞི་སོགས་དབང་ལུང་ཁྲིད་གསུམ་ཐོབ། ལྷག་པར་དུ་སྨྲ་དབང་རིན་པོ་ཆེའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་པའི་སྐལ་བཟང་ཤར་སྐབས་མཚན་ལ་ཚུལ་ཁྲིམས་རབ་འབྱམས་དར་རྒྱས་ཞེས་གསོལ། དེ་ནས་ཤ་ཆང་རྒོག་གཙང་ཕྱི་དྲོའི་ཁ་ཟས་ཇ་ཚྭ་སོགས་གཏན་སྤང་མཛད། ནམ་མཁའ་རྒྱལ་མཚན་མདུན་ནས་ཁྲིད་ལུང་དང་སྦྱང་པ་གནང་། ལུང་རིག་རྣམ་དག་གི་མདུན་ནས་ཁྲིད་ལུང་གང་མང་ཐོབ་ཅིང་རྩ་རླུང་སོགས་སྦྱང་མཛད། ཁ་བོ་རྟོགས་ལྡན་དང་བསྟན་པ་ཉི་མ་གཉིས་ཀྱི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ཆ་ཚང་ལྗགས་ལུང་ཐོབ། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་མདུན་ནས་བཀའ་དབང་ཟབ་མོ་འགའ་ཐོབ། སྤྱི་ལོ་༢༠༠༠ལོར་རང་དགོན་གྱི་སྒོམ་གྲྭ་གསར་འཛུག་སྐབས་སྒོམ་གྲྭར་ཞུགས་པ་དང་སྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོའི་མདུན་ནས་ཀུན་མཁྱེན་ཤར་རྫ་བའི་གསུང་རབ་ཁག་ལ་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་མཛད།

  བཞི་བསྟན་པའི་དོན་ཆེན་སྒྲུབ་པའི་སྐོར། ཁྲོམ་དགོན་ཉམས་གསོའི་ལས་འགུལ་ནང་དཔུང་རོགས་གལ་ཆེན་ཞིག་དང་དགོན་གྱི་སྔགས་རྒྱུན་ནམ་སྒྲུབ་ཁང་ཨ་མཆོད་དང་དགེ་བསྐོས་དམངས་བདག་སོགས་ཀྱི་ཐུགས་འགན་བཞེས་ནས་འགོ་མང་མེད་པས་གྲྭ་རྒན་ལྷག་བསམ་ཅན་ཞེས་མངག་བརྗོད་ཐོབ། ལོ་ངོ་བཅུ་ཕྲག་གཉིས་ལྷག་ཙམ་ཝ་ཚང་མཚམས་ཁང་དུ་མཚམས་ཉམས་ལེན་ལ་བཞུགས་པས་མཚམས་རྒན་གྱི་མཚན་སྙན་བཞེས།

  ལྔ་པ་སྐུ་སྙུང་བའི་ཚུལ་བསྟན་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པའི་སྐོར། ད་ནི་སྐབས་བབ་ཀྱི་གནས་ཚུལ་ངོ་མ་དེ་བྲིས་ན་མཚམས་རྒན་ཞིང་བཤེགས་དམ་པ་གང་ཉིད་འདི་ལོའི་སྤྱི་ཟླ་ལྔ་པའི་ཉི་ཤུ་ནང་ཙམ་ནས་སྙུང་གཞི་ལྕི་མོ་ཞིག་བཞེས། ཟས་ཀྱི་དང་ག་མེད་པར་གྱུར་པ་དང་ཉིན་རེར་ཆུ་ཧུབ་མ་ཆུང་ངུ་ཐེངས་ཁ་ཤས་ལས་མི་འགྲོ་ན་ཡང་བཀྲེས་སྐོམ་གྱི་རྣམ་པ་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག་ཞེས་ཡ་མཚན་སྐྱེས་པའི་མི་གྲངས་ཉུང་ཉུང་ག་ལ་ཡིན། སྤྱི་ཟླ་༦ཚེས་༢༥ཉིན་སྙུང་གཞི་ཇེ་ལྕི་རུ་སོང་བས་ཁོང་རིན་པོ་ཆེའི་ནང་མིས་རེ་འབོད་བཞིན་དགེ་བཤེས་ཚུལ་ཁྲིམས་སངས་རྒྱས་དང་ཕྲན་རང་ཉིད་གཉིས་ཁོང་གི་མདུན་སར་བཅར་ནས་ཁོང་དགོངས་པ་བོན་དབྱིངས་སུ་མ་ཐིམ་བར་དུས་ཐུང་རེ་གཉིས་མ་གཏོགས་གཏན་སྡོད་བྱས་པ་ཡིན། དེའི་རིང་ཕྲན་ལ་མཚོན་ན་ཉམས་ལེན་གྱི་ཉམས་མྱོང་མེད་ན་ཡང་ཁོང་གིས་བཀའ་འདྲི་གང་གནང་ཚད་དཔེ་གཞུང་ལྟར་ཤེས་ཚོད་ཀྱིས་ལན་འབུལ་གང་ཐུབ་ཕུལ་བ་ཡིན། དགེ་བཤེས་ཚུལ་ཁྲིམས་སངས་རྒྱས་ཀྱིས་དྲི་ལན་དང་དཀའ་སློབ་རྒྱ་ཆེ་ལ་གཏིང་ཟབ་པོ་གནང་སོང་། ཁྲོམ་དགོན་ཁྲི་འཛིན་བླ་མ་སྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་སོགས་ཁྲོམ་དགོན་གྱི་བླ་མ་དགེ་བཤེས་རྣམ་ཁོམ་སྐབས་དང་བསྟུན་ནས་དེར་ཕེབས་ཏེ་ཕན་ཚུན་དོག་འདྲི་དང་ལམ་སྟོན་གསུང་གླིང་གཏིང་ཟབ་གནང་སོང་། བར་སྐབས་རེར་ངེད་གཉིས་ཀྱིས་ཁོང་གི་མཛད་རྣམ་སྐོར་དཀའ་འདྲི་ཁ་ཤས་ཞུས་པ་ཡིན་འོན་ཀྱང་་ཉམས་ལེན་ཀྱི་བར་ཆད་ལ་འཇིགས་ནས་མང་པོ་ཞུ་མ་ཕོད། དགོན་པ་དང་ནང་ཚང་གཉིས་ཀས་ཞབས་བརྟན་གང་མང་སྒྲུབ་མཛད། ཉིན་ཞིག་ཞོགས་པར་ཕྲན་གྱིས་ནད་འདྲི་རུ། སྐུ་ཚེ་ད་ནང་ཅི་འདྲ་གདའ་ཞུས་པ་ཡིན། ད་ནང་ཨེ་རུ་འདི་རུ་མི་གདའ་སྟོང་ཆམ་མེ་རེད་གདའ་གསུང་སོང་། ཡང་འདའ་ཁའི་ཉིན་གསུམ་གྱི་སྔོན་ཞོགས་པར་ངེད་གཉིས་ལ་འདི་འདྲ་གསུང་སོང་། ང་ཚོ་གཅིག་གིས་གཅིག་ལ་གསང་རྒྱུ་ཅི་ཡོད། ང་མདང་དགོང་སྣང་བ་གཅིག་མ་གཏོགས་མེད་པར་གྱུར་ཐེས། དེ་ནི་གོར་གོར་ཆེན་པོ་གཅིག་གདའ། དེའི་རྗེས་ནས་ཨེ་རུ་འདི་རུ་མི་གདའ། ཁྱེད་རྣམ་པ་ཉམས་ལེན་བྱེད་དུས་ཇི་འདྲ་ཡོང་གདའ་གསུང་སོང་། ཕྲན་ནི་དད་འདུན་ཡ་མཚན་ཅན་སྐྱེས་སོང་མ་གཏོགས་ཉམས་ལེན་གྱི་མྱོང་བ་མེད་སྟབས་འདི་འདྲ་ཡོང་འདུག་ཞེས་ཞུ་རྒྱུ་གང་ཡང་མ་རྙེད། ཁོང་གིས་དུས་རྒྱུན་མངོན་ཤེས་ཉམས་རྟགས་གཞན་ལ་བཤད་པའི་རྣམ་ཐར་སུ་དང་གང་ལའང་བཤད་རྒྱུ་མེད་པ་ནི་ང་ཚོས་ཤེས་གསལ་ཡིན། དམ་པ་གང་གིས་བོན་སྐུའི་སྨོན་ལམ་ལ་ཧ་ཅང་དད་མོས་འདུག ངེད་གཉིས་ཀྱིས་དུས་དུས་བོན་སྐུའི་སྨོན་ལམ་སྙན་གསན་འབུལ་ཀྱི་ཡོད། དམ་པ་གོང་ཉིད་དགུང་ལོ་༨༤སྟེ་སྤྱི་ལོ་༢༠༡༩ཟླ་བ༧པའི་ཚེས་༨པེ་ཅིན་ཆུ་ཚོད་༡༤དང་སྐར་བཅུ་ཁ་ནང་ཁོང་གིས་ཞལ་ཆེམས་ལྟར་གྱི་དབུ་ཞྭ་མ་གཏོགས་ན་བཟའ་ཆ་ཚང་གསོལ་ནས་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་དང་བཅས་བཞུགས། ཕྲན་གྱིས་ཁོང་གི་སྙན་རྩར་ཚུལ་ཁྲིམས་རབ་རྒྱལ་ད་སེམས་མ་ཡེངས་རིག་པ་རྩེ་གཅིག་ཏུ་གཏོད། ཅེས་སྐད་གསང་མཐོ་ཙམ་བོས་པ་ཡིན། སྤྱན་ཅེར་རེ་སྐར་ཆུང་ཁ་ཤས་ཀྱི་ཡུན་ཙམ་ལ་བལྟས་ནས་བཙུམས་སོང་། དེ་ནས་མདུན་དུ་སྐུ་གསུང་ཐུགས་རྟེན་མཎྜལ་རྣམ་ལྔ་སོགས་མཆོད་བཤམས་ལེགས་པར་ཕུལ། དེ་ནས་དགེ་བཤེས་དང་གྲྭ་བཙུན་རྣམས་མ་གཏོགས་ནང་མི་སོགས་མི་མང་གཟིམས་ཁང་ནས་བུད། ང་ཚོས་བོན་སྐུའི་སྨོན་ལམ་དང་ཚེ་དབང་སྨོན་ལམ་བཀའ་རྒྱུད་སྐོར་བཞི་སོགས་རིམ་པར་སྙན་གསན་ཕུལ་བཞིན་བཀའ་རྒྱུ་སྐོར་བཞིའི་ལེའུ་དང་པོ་ཐོན་མཚམས། རྗེ་སྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་མཆོག་ཕེབས། ཁོང་གིས་རྩ་རླུང་སྐུ་གསུམ་རང་ཤར་ཚར་གཅིག་གསུང་། དེ་ནས་ཁོང་གིས་འདི་འདྲ་གསུང་སོང་། ང་ཚོས་རབ་རེད་ན་རིག་པ་མ་གཡོས་པ་དང་། དེ་མིན་ན་ཚིག་རྗེས་ཨེ་ཟིན་བལྟ་ནས་བོན་སྐུའི་སྨོན་ལམ་ཞིག་སྙན་གསན་འབུལ་གསུངས། ཁྲོམ་དགོན་བླ་གྲྭ་དགེ་བཤེས་བདུན་གྱིས་བོན་སྐུའི་སྨོན་ལམ་གསུང་བཞིན་པའི་སྐབས་སུ་ཆུ་ཚོད་༡༥སྐར་མ་༥༢ཐོག་ཐུགས་དམ་གཡོ་མེད་ཀྱི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ། དེ་ནས་བླ་མ་རིན་པོ་ཆེས་དབུ་ཞྭ་གསོལ། ཁོང་གིས་འདས་ཚུལ་མཐོང་སྐབས་དད་པའི་མིག་ཆུ་ཤོར་མཁན་དགེ་བཤེས་ཀྱི་ཁྲོད་ནས་བྱུང་།

  དེ་ནས་མཆོད་འབུལ་བྱེད་མཁན་དགེ་བཤེས་རྣམ་པ་མ་གཏོགས་ཉིན་ཞག་བཞིའི་རིང་གདུང་སྒོ་རྒྱབ་ནས་གསང་རྒྱ་དམ་པོར་བྱས། ཟླ་བ་༧པའི་ཚེས་༩ཉིན་གུང་མཆོད་འབུལ་ལ་སོང་སྐབས་མགྲིན་པ་ཅུང་ཙམ་གུག་ནས་ཐུགས་དམ་གྲོལ་འདུག  ཞག་གསུམ་གྱི་ཚེ་རྒྱུན་ལྡན་མིན་པའི་ནམ་མཁར་སྤྲིན་གཞའ་ངོ་མཚར་ཅན་དང་མཚམས་རེར་བར་སྣང་ལ་གཞའ་གུར་དང་ཞག་གསུམ་རིང་ཉིན་བཞིན་ཉི་མས་ཉི་གུར་གཞའ་ཚོན་ཕུབ་པ་སོགས་ངོ་མཚར་གྱི་རྟགས་ཀུན་གྱིས་མཐོན་ཡུལ་དུ་གྱུར། ཞག་གསུམ་རིང་ཉིན་མཚན་བར་མེད་བོན་སྐུའི་སྨོན་ལམ་དང་ཚེ་དབང་སྨོན་ལམ་ཡབ་སྲས་སྨོན་ལམ་བཅས་གསུང་པ་དང་། ཚེ་དབང་བོད་ཡུལ་མ་དང་མ་རྒྱུད་གསང་མཆོག་མཐར་ཐུགས་ཀྱིས་ཚོགས་མཆོད་རྒྱ་ཆེར་ཕུལ། ཉིན་ཞག་བཞིའི་རྗེས་སུ་ཡང་ཤངས་རྡིབ་པ་མདངས་ཡལ་བ་སོགས་ཀྱི་འགྱུར་བ་གང་ཡང་བྱུང་མི་འདུག  དེ་ནས་གདུང་སྒོ་ཕྱེས་ནས་གདུང་མཇལ་ཕུལ་སྐབས་བཞུགས་སྟངས་མཐོང་ཚེ། ཀུན་གྱིས་ཡ་མཚན་པའི་མགོ་ཅོག་སྙི་མ་རླུང་གིས་གཡོ་གཡོ་བྱས། དེ་ནས་གདུང་ཁང་དུ་བཤམས། ཟླ་བ་༧པའི་ཚེ་༢༧དགོང་མོར་ཞག་མ་ཉི་ཤུ་སོང་རྗེས་གདུང་ཞུགས་ལ་འབུལ་བའི་སྟ་གོན་དུ་ཁྲུས་ཆོག་གསུང་སྐབས་གདུང་རུལ་བ་དང་དྲི་མ་ངན་པ་བྲོ་བའི་གནས་ཚུལ་ཅུང་ཙམ་ཡང་མེད་པས་ཚང་མ་དད་པ་དབང་མེད་དུ་སྐྱེས་ཏེ། དད་པའི་མིག་ཆུ་གཏོང་མཁན་ཉུང་ཉུང་གཏན་ནས་མིན།
     སྤྱི་ཟླ་༧པའི་ཚེས་༢༨ཉིན་གདུང་ཞུགས་ལ་ཕུལ་ཚེ་ཡ་མཚན་པའི་ཉི་གུར་གྱི་གཞའ་ཚོན་ཕུབ་པ་དང་གནམ་གཤིས་ཁོད་སྙོམས་པ་སོགས་ངོ་མཚར་བའི་རྟགས་མངོན་གསལ་བསྟན། ད་དུ་མི་དམངས་ཀྱི་ཁྲོད་ནས་ཡ་མཚན་པའི་རྟགས་མང་པོ་བཤད་ན་ཡང་ཡིག་ཐོག་ལ་བཀོད་མེད།དགོན་པ་དང་ནང་མི་ཉེ་འབྲེལ་ཚང་མའི་ནུས་མཐུས་མཆོད་འབུལ་ལེགས་པར་གྲུབ། སྤྱི་ཟླ་༧པའི་ཚེས་༢༩ཉིན་ཏེ་དེ་རིང་གདུང་ཐལ་ཁྲོད་ནས་རིང་བསྲེལ་སོགས་ངོ་མཚར་བའི་དད་རྟེན་འགའ་རྙེད། ད་དུང་གདུང་ཐལ་ཚོ་གཅིག་ལས་ཚང་མ་ནང་བལྟས་མེད།

སྤྱི་ལོ་༢༠༡༩ལོའི་ཟླ་བ་༧པའི་ཚེས་༢༩དགོང་མོར་གར་རྩ་དགེ་མིང་པ་གཙུག་གཤེན་བསྟན་འཛིན་པས་མགྱོགས་བྲིས་བྱས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།