དཔལ་ལྡན་ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་མཇུག་གྲུབ་པ།

[ཟླ་ཚེས། 2018-12-04 14:30:09][རྩོམ་པ་པོ། རྒྱུན་ལས་ཡིག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1543905086121031.jpg

   ག་ཤེལ་ཤར་གློལ་སྨིན་གླིང་དགོན་ནི་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་གི་བྱང་རྒྱུད་གནས་མཆོག་སྤུ་རྒྱལ་གངས་རིའི་ཉེ་མཁྲིས་སུ་གནས་པའི་བོན་དགོན་ཞིག་ཡིན། དགོན་དེ་ཉིད་ཐོག་མར་ཤེལ་ཞིག་ནམ་མཁའ་མཐའ་བྲལ་གྱིས་བླ་ཤག་གཡུང་དྲུང་སྨོན་གྲོལ་གླིང་ཞེས་པ་ཞིག་ཕྱི་ལོ་༡༥༣༠ལོར་ཕྱག་བཏབ་ནས་འདུས་གྲྭ་ལྔ་བརྒྱ་ཙམ་འཕེལ་སྟེ་འཆད་ཉན་དར་རྒྱས་སུ་བྱུང་བ་ཡིན། དེ་རྗེས་སོག་པོའི་དམག་གིས་དགོན་དེ་རྨིང་མེད་དུ་གཏོར་བཤིག་བྱས་སྟབས་དུས་ཡུན་རིང་པོར་དགོན་པ་བསྐྱར་གསོ་བྱེད་མ་ཐུབ་པར་ལྷག་ཡོད། དུས་ད་ལྟ་ཡང་བླ་ཤག་སྨོན་གྲོལ་གླིང་གི་ཞིག་ཤུལ་འབར་འབུར་གཤང་གཤོང་གི་ཁང་ཤུལ་གསལ་པོ་མཐོང་རྒྱུ་ཡོད། དེ་རྗེས་ཕྱི་ལོ་༡༨༣༤གཡུང་དྲུང་ལྷ་རྒྱལ་གྱི་སྲས་ཤེལ་ཞིག་སྐལ་བཟང་གྲགས་པས་དགོན་ས་གནས་སྤོ་མཛད་དེ་ཤར་གྲོལ་སྨིན་གླིང་བསྐྱར་བཞེངས་མཛད་པ་དང་ནང་རྟེན་སྐུ་གསུང་ཐུགས་རྟེན་གྲྭ་རྒྱས་སུ་བཏང་། ལྷག་ཏུ་བླ་མ་འདིའི་སྐུ་དུས་སུ་དགོན་གྱི་ནང་རྟེན་གླེགས་བམ་སྟོང་ཚོ་ལྷག་བཞེངས། དེ་ཡི་སྲས་བསྟན་འཛིན་གྲགས་པས་མཁན་ཆེན་ཉི་མ་བསྟན་འཛིན་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མའི་མདུན་དུ་ཡུན་རིང་པོར་སློབ་གཉེར་གནང་བ་དང་། ཤར་གྲོལ་སྨིན་གླིང་དགོན་རྒྱ་བསྐྱེད་བཏང་ཞིང་རྟེན་བཞེངས་རྒྱ་ཆེར་མཛད། བཀའ་བརྟེན་འགྱུར་ཆ་གཉིས་དང་དེ་མིན་གླེགས་བམ་ཆིག་སྟོང་ཙམ་བཞེངས་ཏེ་ནང་རྟེན་ལ་རྒྱལ་བའི་གསུང་རབ་གཙོ་ཆེར་འབྲི་བཞེངས་གནང་སྲོལ་བྱུང་། དེ་ཡི་སྲས་ག་ཤེལ་ཁྲི་ཆེན་ཆེན་ནམ་གཡུང་དྲུང་རྒྱལ་མཚན་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གཏེར་དང་སྙན་རྒྱུད་ཀྱི་མངའ་བདག་སྲིད་པར་དཀོན་པ་ཞིག་ཡིན། ཁོང་གི་སྐུ་དུས་སུ་དགོན་འདིར་རྟེན་བཞེངས་ལ་རྒྱལ་བའི་གསུང་རབ་གཙོ་བོ་འབྲི་བཞེངས་གནང་བས་སྔ་ཕྱིར་དགོན་འདི་ནས་བཀའ་འགྱུར་ཚར་ལྔ་བཞེངས་པ་དང་དེ་མིན་གསུང་རབ་སྣ་ཚོགས་མཐའ་ཡས་པ་བཞེངས་བསྐྲུན་མཛད། ག་ཤེལ་ཁྲི་ཆེན་གྱི་སྐུ་དུས་སུ་མཁན་ཆེན་ཉི་མ་དབང་རྒྱལ་མཆོག་དགོན་འདིར་ཐེངས་མང་པོ་ཞབས་སོར་བཀོད་པ་དང་། གདན་ས་སྨན་རི་དགོན་ལ་ག་ཤེལ་ཁྲི་ཆེན་གྱིས་གཏེར་ལས་བཞེས་པའི་རྟེན་གསུམ་དང་དེ་མིན་གསུང་རབ་མང་པོ་འབུལ་བ་ཞུས་པས་ག་ཤེལ་དགོན་དང་གདན་ས་སྨན་རིའི་བར་དུ་དམིགས་བསལ་གྱི་འབྲེལ་ལམ་ཞིག་བྱུང་བ་ཡིན། དགོན་གྱི་ལོ་རེའི་ཚོགས་དུས་མཆོད་དང་ཆོ་ག་བཅའ་འདོན་སོགས་བོན་དགོན་བྱིངས་དང་མཐུན་པར་ཡོད་ལ། ཤེལ་ཞིག་བླ་རབས་རིམ་བྱོན་གྱི་སྐུ་དུས་སུ་དགོན་འདིའི་མཚན་སྙན་ཕྱོགས་གང་སར་མཆེད་མྱོང་ཡོད། དེ་རྗེས་དམངས་གཙོ་བཅོས་བསྒྱུར་རྗེས་གསང་ཆེན་དྲུང་མུ་གྲགས་པ་རིན་པོ་ཆེས་ཕྱི་ལོ་༡༩༨༥ལོར་དགོན་པ་སླར་ཡང་བསྐྱར་བཞེངས་མཛད་དེ་སྔར་མུས་བཞིན་བསྟན་པའི་རྒྱུན་སྐྱོང་མཛད། 

1543905086107273.jpg

   ཕྱི་ལོ་༢༠༠༩ལོར་བླ་མ་དྲུང་མུ་གྲགས་པ་མཆོག་གི་དབུ་ཁྲིད་འོག་དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་ནས་དགོན་འདིར། ཡོངས་འཛིན་ཆེན་མོའི་སྒྲུབ་གྲྭའི་བཅའ་སྲོལ་ལྟར། སྔར་སྲོལ་ཨ་སྙན་རྫོགས་གསུམ་གཙོ་བོར་བྱས་པའི་རྫོགས་ཆེན་གྱི་རྒྱུད་སྡེ་བཞི་ལ་སློབ་གཉེར་བྱེད་སའི་སྒྲུབ་གྲྭ་ཐེངས་དང་པོ་བཙུག། དེ་རྗེས་ཕྱི་ལོ་༢༠༡༡ལོར་དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་དགོན་འདིའི་མཁན་པོར་ཁྲི་བཞེངས་མཛད་པ་དང་། ཁོང་རང་དགོན་དུ་ཕེབས་རྗེས་སྒྲུབ་གྲྭ་བ་རྣམས་ལ་འཆད་ཁྲིད་རྒྱུན་སྐྱོང་གནང་སྟེ་༢༠༡༣ལོར་དགོན་འདིར་གྲྭ་པ་བཅུ་གཉིས་སྒྲུབ་གྲྭ་ཐེངས་དང་པོ་བཏང་།

1543905086817948.jpg

   ཕྱི་ལོ་༢༠༡༢ལོར་བླ་མ་དྲུང་མུ་གྲགས་པ་མཆོག་དང་མཁན་པོ་དགེ་བཤེས་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ནས་དགོས་དབང་དུ་མར་གཟིགས་སྟེ་དགོན་འདིར་བོན་གཤེན་རྣམས་ལ་གསང་སྔགས་མ་རྒྱུད་ཀྱི་སྒྲུབ་གྲྭ་གསར་བཙུག་གནང་སྟེ་༢༠༡༦ལོར་བོན་གཤེན་དགུ་མ་རྒྱུད་ཀྱི་སྒྲུབ་གྲྭ་ཐེངས་དང་པོ་བཏང་། ད་ལྟའི་ཆར་མ་རྒྱུད་སྒྲུབ་གྲྭ་ཡང་རྒྱུན་སྐྱོང་གནང་མུས་ཡིན། ཕྱི་ལོ་༢༠༡༢ལོར་དགོན་འདིར་བླ་མ་དྲུང་མུ་གྲགས་པ་མཆོག་དང་མཁན་པོ་དགེ་བཤེས་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ནས་རྒྱལ་གཤེན་རིག་སློབ་ཁང་ཞེས་པའི་སློབ་གླིང་གསར་བཙུག་མཛད་སྟེ་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་བྱེད་ས་གསར་བསྐྲུན་མཛད། དེ་ནས་ད་ལྟའི་བར་བཤད་གྲྭ་བ་རྣམས་ལ་བདུན་རེར་རྩོད་པའི་རྒྱུགས་ཆུང་རེ་དང་། ལོ་རེར་རྩོད་རྒྱུགས་ཆེན་མོ་གཅིག། ཡིག་རྒྱུགས། ངག་རྒྱུགས་སོགས་རྒྱུགས་སྤྲོད་སྣ་ཚོགས་གཏོང་བཞིན་མཆིས། ༢༠༡༧ལོར་ཡུལ་མི་དད་ལྡན་རྣམས་ཀྱིས་རེ་འདུན་ལྟར་བླ་མ་དྲུང་མུ་གྲགས་པ་མཆོག་དང་མཁན་པོ་དགེ་བཤེས་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ནས་དབུ་ཁྲིད་པའི་ཐོག་དགོན་འདིར་ཀུན་རིག་གཙོ་སྟོང་འཁོར་བརྒྱ་ཐེངས་གཉིས་པ་དེ། རྒྱས་བླུགས་མཛད་ནས་ཕྱོགས་ཁག་གི་བསྟན་སྦྱིན་དད་ལྡན་རྣམས་ཀྱི་འདོད་དོན་ཡོངས་སུ་གྲུབ་པར་མཛད།

1543905086107162.jpg

   ཟླ་འདིའི་ཚེས་སྤྱི་ཚེས་༢༦ནས་༢༩བར་ཉིན་གྲངས་གསུམ་གྱི་རིང་དུ་དཔལ་ལྡན་ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་གླིང་གི་བཤད་སྡེའི་ལོ་འཁོར་མཚན་ཉིད་རྒྱུགས་སྤྲོད་དང་རིག་གནས་རྒྱུགས་སྤྲོད་བཅས་དབུ་བཙུག་གནང་ཡོད། དེ་ཡང་གསང་ཆེན་དྲུང་མུ་གྲགས་པ་རིན་པོ་ཆེ་མཆོག་དང་མཁན་པོ་དགེ་བཤེས་བསྟན་ཡེ་ཤེས་རྣམ་གཉིས་དབུ་བཞུ་བཞུགས་ཐོག། སྤྱི་ཚེས༢༦ཉིན་སྙན་ངག་འཛིན་གྲྭ་གོང་འོག་དང་བརྡ་སྤྲོད་རིག་གནས་བཅས་རྒྱུགས་སྤྲོད་མཛད་དེ་ལེགས་གྲུབ་བྱུང་ཞིང་། སྤྱི་ཚེས་༢༧ཉིན་བཤད་སྡེའི་སློབ་གཉེར་བ་རྣམས་ནས་སྡུད་གྲྭ་དང་ཚད་མ་་ས་ལམ་ཕར་ཕྱིན་བཅས་གཞུང་སོ་སོའི་བྲིས་རྒྱུགས་རྒྱུགས་སྤྲོད་མཛད་པ་དང་།  སྤྱི་ཚེས་༢༨ཉིན་བཤད་སྡེའི་འཛིན་གྲྭ་གོང་འོག་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་རྒྱུགས་འབུལ་གནང་ནས་ལེགས་གྲུབ་བྱུང་བ་དང་། སྤྱི་ཚེས་༢༩ཉིན་ངག་རྒྱུགས་དང་རྩོད་རྒྱུགས་རིག་གནས་རྒྱུགས་སྤྲོད་སོགས་ཀྱི་གྲུབ་འབྲས་ཚད་མཐོའི་སློབ་མ་རྣམས་ལ་གཟེངས་བསྟོད་གནང་ཞིང་བཤད་སྡེའི་ལོ་རེའི་ལས་བྱེད་རྒྱུན་ལས་རྣམས་བརྗེ་ལེན་གནང་ཞིང་མཛད་སྒོ་ཡོངས་སུ་མཇུག་བསྡུས་པ་ཡིན།

རྒྱལ་གཤེན་རིག་སློབ་ཁང་གི་རྒྱུན་ལས་ཡིག་ཚང་ནས། 2018 11 30

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།