གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་ཐོན།

[ཟླ་ཚེས། 2018-11-14 22:29:58][རྩོམ་པ་པོ། དགེ་བཤེས་རིན་ཆེན་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1542206354960254.jpg

   ཨུ་རུ་སུ་ཡི་རྒྱལ་ས་མོ་སི་ཁོ་རུ་རྟེན་གཞི་བྱས་པའི་༸གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭའི་སྐབས་དང་པོ་དང་གཉིས་པའི་སློབ་ཐོན་བརྒྱུད་རིམ་གཤམ་གསལ། དེ་ཡང་ཨུ་རུ་སུ་གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་སྐབས་དང་པོའི་འཛིན་གྲྭ་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣ ནས་དབུ་བརྩམས་ཏེ། སློབ་གྲྭའི་བཅའ་སྒྲིག་གི་རེའུ་མིག་བཞིན་ཐོས་བསམ་སྒོམ་སྒྲུབ་ལ་བརྩོན་པ་ཆེར་བསྐྱེད་གནང་མཐར།

  ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༨ ཉིན་སློབ་མ་ ༣༣ ཙམ་ལ་སློབ་ཐོན་འབྲས་རྟགས་ཕྱག་འཁྱེར་ཕུལ་བ་དང་འབྲེལ་མི་ལོ་གསུམ་གྱི་རིང་སྒོམ་སྒྲུབ་ལ་བར་ཆད་མ་བྱུང་བར་སློབ་པ་མཐར་སོན་གྱི་དགའ་སྟོན་དང་གཏང་རག་གི་ཚུལ་དུ་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པར་བླ་མ་མཆོད་པའི་ཚོགས་མཆོད་རྒྱས་པར་ཕུལ།

1542206354401486.jpg

དེ་བཞིན་དུ་ཨུ་རུ་སུ་གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་སྐབས་གཉིས་པའི་འཛིན་གྲྭ་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣ ནས་དབུ་བཙུགས་ཏེ། སྔར་ལམ་ལྟར་ཐོས་བསམ་ཉམས་ལེན་གནད་སྨིན་གནང་སྟེ། ཕྱི་ལོ་  ༢༠༡༨ ཟླ་ ༡༡ ཚེས་ ༨ སློབ་མ་ ༣༢ ཙམ་ལ་སློབ་ཐོན་འབྲས་རྟགས་ཕྱག་འཁྱེར་ཕུལ་ཡོད། སྐབས་དེར་སློབ་ཡུན་ལོ་འཁོར་གསུམ་གྱི་རིང་ལ་ཐོས་བསམ་སྒོམ་སྒྲུབ་ལ་ཕྱི་ནང་གསང་བའི་ཉེར་འཚེ་གང་ཡང་མ་བྱུང་བར་ཁ་དགེ་བཀྲ་ཤིས་ངང་སློབ་མཐར་ཕྱིན་པའི་གཏང་རག་གི་ཚུལ་དུ་བླ་མ་མཆོད་པའི་ཚོགས་ཀྱི་སྒོ་ནས་རྩ་གསུམ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྒྱས་པར་ཕུལ། སློབ་གྲྭ་འདི་ཡི་སློབ་ཡུན་ལོ་རིམ་གསུམ་གྱི་འཆར་གཞི་ཡོད་ལ། དེ་ཡང་ལོ་རིམ་རེར་སློབ་དུས་བཞི་རེ་དང་། སློབ་དུས་རེར་བདུན་ཕྲག་གཉིས་རེ་སྟེ་དབྱར་དགུན་སྟོན་དཔྱད་མཚམས་ཀྱི་བཞི་ལ་སློབ་དུས་བཞི་འཚོགས་ཀྱི་ཡོད། ཁྱོན་བསྡོམ་ལོ་རིམ་གསུམ་ལ་སློབ་དུས་བཅུ་གཉིས་འགྲོ་དགོས་ཀྱི་ཡོད།  སློབ་དུས་ཅིག་ཆད་ན་ལོ་རིམ་ཅིག་ཟགས་འགྲོ་ཡི་ཡོད།

1542206353628565.jpeg

ལོ་རིམ་དང་པོའི་སློབ་དུས་དང་པོ། དགུན་མཚམས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་དང་། བསྒོམ་རིམ་ཐར་ལམ་མྱུར་སྒྲོད་ལྟར་ལམ་གྱི་རྨིང་གཞི་ཕྱི་ནང་སྔོན་འགྲོ་རྒྱུད་སྦྱོང་དང་སྡིག་སྦྱོང་སྐོར་ལ་བདུན་ཕྲག་གཉིས་རིང་བཤད་ཁྲིད་དང་ཉམས་བསོག་གནང་བ་མ་ཚད་དེ་ནས་བཟུང་ཉིན་ལྟར་སྔོན་འགྲོ་ངག་འདོན་དག་འདོན་དང་བསགས་སྦྱོང་གང་ཐུབ་གནང་གི་ཡོད། ལོ་རིམ་དང་པོའི་སློབ་དུས་གཉིས་པ། དཔྱིད་མཚམས་སྐབས་སུ་བདུན་ཕྲག་དང་པོར་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་ཨ་ཁྲིད་སྔོན་འགྲོའི་ཡང་འགྲེལ་མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲའོ་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་ལྟར་ཉེ་ལམ་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་ཁྲིད་དང་འཕོ་རྩལ་རྟགས་ཐོན་གནང་རྒྱུ།    བདུན་ཕྲག་གཉིས་པར་སེམས་འཛིན་ཞི་གནས་ལ་ཁོ་བོས་ཕྱོགས་བསྒྲིག་བགྱིས་པའི་ཐུན་མོང་གི་ཞི་གནས་སྦྱོང་བའི་ཐབས་ལ་འཇུག་པ་བློ་གསར་དགའ་སྟོན་དེ་ཉིད་བཤད་ཁྲིད་དང་སེམས་འཛིན་ལ་མྱོང་བ་ཐོན་པ་གནང་བཞིན་ཡོད། ལོ་རིམ་དང་པོའི་སློབ་དུས་གསུམ་པ། དབྱར་མཚམས་ལ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་དངོས་གཞི་ཡང་ཏིག་ལྟར་ཕྱི་ནང་འཁོར་འདས་རུ་ཤན་དང་སྒོ་གསུམ་སྦྱོང་བའི་སེམས་འཚོལ་དང་སེམས་ངོ་སྤྲོད་པ་བཅས་ཀུན་མཁྱེན་ཤར་རྫ་པའི་ཕྱག་ལེན་ལྟར་འགྲོ་གང་ཐུབ་གནང་། ལོ་རིམ་དང་པོའི་སློབ་དུས་བཞི་པ། སྟོན་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་དངོས་གཞི་ཡང་ཏིག་ལྟར་བོག་འདོན་དང་མཉམ་བཞག་མནལ་བབ་སོགས་ཀྱི་ཁྲིད་དང་ཉམས་ལེན་གནང་།

1542206954150223.jpg
གཏུམ་མོའི་འཛིན་གྲྭ།

ལོ་རིམ་གཉིས་པའི་སློབ་དུས་དང་པོ། དགུན་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་དངོས་གཞི་ཡང་ཏིག་ལྟར་སོར་གཞུག་དང་གནས་ལུགས་དོན་གྱི་ངོ་སྤྲོད་པ་སེམས་རིག་དྭངས་སྙིགས་ཕྱེ་བའི་རླུང་སྦྱོང་གནང་། ལོ་རིམ་གཉིས་པའི་སློབ་དུས་གཉིས་པ། དཔྱིད་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་དངོས་གཞི་ཡང་ཏིག་ལྟར་སྒོམ་སྐྱོན་བསལ་བ་དང་བློ་བྱས་ཀྱི་དྲི་མ་ཕྲལ་བ་སོགས་ཀྱི་བཤད་ཁྲིད་དང་ཉམས་བཞེས་གནང་རྒྱུ་བཅས་ཁྲིག་ཆོད་ཀྱི་རིམ་པ་ཆ་ཚང་ཚར་བར་གནང་། ལོ་རིམ་གཉིས་པའི་སློབ་དུས་གསུམ་པ། དབྱར་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལས་སྟོང་ར་རྣམ་གསུམ་རྩ་ལམ་སྦྱོང་བ་སོགས་གཏུམ་མོའི་སྔོན་འགྲོའི་རིམ་པ་རྣམས་ཀྱི་ཁྲིད་དང་ཉམས་ལེན་གནང་། ལོ་རིམ་གཉིས་པའི་སློབ་དུས་བཞི་པ། སྟོན་འཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལས་འཇམ་རླུང་ཟ་མ་ཏོག་དང་། སྐབས་བབ་ཀྱི་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་སྔོན་འགྲོའི་འཕྲུལ་འཁོར་དང་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་འཁྲུལ་འཁོར་བཅོ་ལྔ་པ་བཅས་ལ་ཁྲིད་དང་རླུང་སྦྱོང་གནང་།

1542206954664797.jpg
ཁྲེགས་ཆོད་བོག་འདོན་གྱི་འཛིན་གྲྭ།

ལོ་རིམ་གསུམ་པའི་སློབ་དུས་དང་པོ། དགུན་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལས་བར་རླུང་བུམ་པ་ཅན་དང་སྐབས་བསྟུན་ཨ་སྙན་གཉིས་ཀྱི་འཕྲུལ་འཁོར་སློབ་ཁྲིད་དང་རླུང་སྦྱོང་གནང་། ལོ་རིམ་གསུམ་པའི་སློབ་དུས་གཉིས་པ། དཔྱིད་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལས་དྲག་རླུང་མེ་དཔུང་མ་དང་། ཨ་སྙན་གཉིས་ཀྱི་འཕྲུལ་འཁོར་ཆ་ཚང་ཁྲིད་སྦྱོང་དང་ཉམས་ལན་གནང་། ལོ་རིམ་གསུམ་པའི་སློབ་དུས་གསུམ་པ། དབྱར་མཚམས་སྐབས་སུ་༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་༧རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་གཉིད་ལམ་རྩལ་སྦྱོང་འཁྲུལ་སྣང་རང་དག་ལྟར་རྨི་བ་ལམ་དུ་འཁྱེར་བ་དང་། གཉིད་པ་ལམ་དུ་འཁྱེར་བ་གཉིས་ཀྱི་བཀའ་ཁྲིད་དང་ཉམས་ལེན་རྩལ་སྦྱོང་གནང་། ལོ་རིམ་གསུམ་པའི་སློབ་དུས་བཞི་པ། ༧ཀུན་མཁྱེན་ཤར་རྫ་པས་མཛད་པའི་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་ཐོད་བརྒལ་སྣང་བཞིའི་ཉམས་ལེན་ངོ་མཚར་སྣང་བའི་ལྟད་མོ་ལྟར་ཐོད་བརྒལ་གྱི་སྣང་བ་བཞི་ཡི་རྩལ་སྦྱོང་ལ་བཤད་ཁྲིད་དང་སྒྲོན་མ་བཞི་ཡི་སྒོ་ནས་སྣང་བཞིའི་ཉམས་ལེན་གནང་བ་བཅས་ལོ་རིམ་གསུམ་སློབ་དུས་བཅུ་གཉིས་ཡོངས་རྫོགས་མཐར་ཕྱིན་རྗེས་གཞི་ནས་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་སློབ་མཐར་ཕྱིན་པའི་ངོ་སྤྲོད་དཔང་ཡིག་ཅིག་ཕུལ་ནས་འཇུག་ཡོངས་སུ་གྲུབ་པར་བྱེད་ཀྱི་ཡོད།

1542206964106852.jpg
འཛིན་གྲྭ་དང་པོའི་སློབ་ཐོན།

སྤྱིར་ཨུ་རུ་སུ་རྒྱལ་ས་མོ་སི་ཁོ་ལ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭས་ལོ་ལྟར་སློབ་མ་བསྡུས་ཏེ་འཛིན་གྲྭ་གསར་འཛུགས་བྱེད་ཀྱི་ཡོད་པ་དང་། མཚམས་རེར་འཛིན་གྲྭ་རེར་གསར་ཞུགས་པ་མི་གྲངས་བདུན་བཅུ་དང་བརྒྱད་ཅུའི་སྐོར་ཡོད་ཀྱང་ལོ་གསུམ་གྱི་རྗེས་སུ་དངོས་གཞིའི་སློབ་ཐོན་པ་གོང་གསལ་ལྟར་སུམ་བཅུ་ལྷག་ཙམ་ལས་ཐོན་ཐུབ་ཀྱི་མེད།  དེ་ནི་ཁོང་རྣམ་པ་ཚང་མ་ཁྱིམ་པ་བ་ཤ་སྟག་ལས་ཁྱིམ་སྤོང་རབ་ཏུ་བྱུང་བ་མིན་པས་དཔལ་འབྱོར་དང་ཁྱིམ་ཚང་ཕྲུ་གུ་སོགས་འཇིག་རྟེན་འཁོར་བའི་བྱ་བཞག་སྣ་ཚོགས་ལ་བརྟེན་ནས་སྐབས་རེར་ཁོམ་པ་མ་བྱུང་པའི་དབང་གིས་འཛིན་རིམ་འོག་མར་ཟགས་སོང་བ་མང་པོ་ཡོད་པ་ལ།   གཞན་ཡང་འགའ་ཞིག་གྲུབ་མཐའི་ཆགས་སྡང་གིས་བཟི་བའི་བླ་མིང་པ་རེ་འགས་གཡུང་དྲུང་བོན་གྱི་སྒོར་ཞུགས་མི་འོས་པའི་ལོག་བཤད་ཀྱིས་མགོ་བོ་འཁོར་ཏེ་སློབ་ཁོང་ནས་ཕྱིར་འཐེན་བྱེད་མཁན་དེ་འདྲའང་ཡོད་པས་ཡིན།   འཆར་ཅན་ལོ་ལྟར་འཛིན་གྲྭ་གོང་མ་ལོ་གསུམ་སློབ་སྦྱོང་གནང་ཟིན་པ་རྣམས་སློབ་ཐོན་གནང་བ་དང་།  འཛིན་གྲྭ་གསར་པ་རེ་གསར་བསྡུ་གནང་གི་ཡོད།    འོང་ཀྱང་རྒྱུན་འཚོགས་ཐུབ་པའི་འཛིན་གྲྭ་གསུམ་རྒྱུན་གནས་ཡོད།   འཛིན་གྲྭ་རེར་དབྱར་དགུན་སྟོན་དཔྱིད་བཞི་ལ་འཚོགས་དུས་བཞི་ཡོད་ལ།  འཚོགས་དུས་རེར་འཛིན་གྲྭ་གཅིག་ལ་བདུན་ཕྲག་གཉིས་རེ་བྱས་པའི་འཛིན་གྲྭ་གསུམ་ལ་བདུན་ཕྲག་དྲུག་སྟེ་ཉིན་བཞི་བཅུ་ཞེ་གཉིས་རེ་འཚོགས་ཀྱི་ཡོད། བསྡོམ་ལོ་རེར་ཉིན་གྲངས་བརྒྱ་དང་བདུན་ཅུ་ཙམ་འཚོགས་ཐུབ་ཀྱི་ཡོད། 

1542206954823197.jpg
འཛིན་གྲྭ་གཉིས་པའི་སློབ་ཐོན།

གཞན་ཡན་ཨུ་རུ་སུ་ཡི་གྲོང་ཁྱེར་གཉིས་པ། (སང་ཀིསི་པིས་ཊ་ས་སྦུར་གི་)ཟེར་བའི་གྲོང་ཁྱེར་ནང་དུ་སྒྲིག་གཞི་གོང་མཚུངས་ཀྱིས་ཡན་ལག་སློབ་གྲྭའི་སློབ་མ་བཞི་བཅུའི་སྐོར་ཙམ་ལ་བདུན་ཕྲག་གཉིས་རེ་བྱས་པའི་འཚོགས་དུས་གསུམ་དང་།    ཨུ་རུ་སུ་གྲོང་ཁྱེར་གསུམ་པ། (ན་བ་སིས་སྦེར་ས་ཀི་)ཟེར་བའི་གྲོང་ཁྱེར་ནང་དུ་གོང་མཚུངས་སྒྲིག་གཞིའི་འོག་ཡན་ལག་སློབ་གྲྭའི་སློབ་མ་སུམ་བཅུའི་སྐོར་སློབ་ཐེངས་གཉིས་རེ་འགྲོ་བཞིན་ཡོད་པ་དང་།   གོང་གསལ་གྲོང་ཁྱེར་ཁག་གི་ནང་དུ་གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གཞི་རིམ་སློབ་གྲྭའི་ཉིན་ལྟར་དཔེ་ཁྲིད་དང་ཉམས་ལེན་གྱི་དུས་ཚོད་དང་གོ་རིམ་གཅིག་མཚུངས་ཡིན་པ་སྟེ་དུས་ཚོད་རེའུ་མིག་གཤམ་གསལ།

canvas.jpg

 མ་ཟད་ཚོགས་དུས་སྐབས་སུ་ཉིན་ལྟར་བོན་སྤྱོད་སྦྱིན་པ་རྣམ་བཞི་དང་། བོན་ཁྲིད་ཐུན་བཞི་ཀུན་ལ་སྔལ་སྲོལ་ལྟར་ཐུན་འགོར་གསོལ་འདེབས་དང་སྐྱབས་སེམས་ཐུན་མཇུག་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱོར་སོགས་གཡུང་དྲུང་བོན་དང་མཐུན་པར་གནང་གི་ཡོད།   ༧དཔལ་གཤེན་བསྟན་སྨན་རིའི་དགེ་བཤེས་མཁན་མིང་ཙམ་འཛིན་པ་སྤུ་ལ་བ་རིན་ཆེན་བསྟན་འཛིན་གུས་པའང་བོན་ཚོགས་འཚོགས་དུས་སྐབས་སུ་ཉིན་ལྟར་ཞོགས་པ་ཆུ་ཚོད་དགུ་པ་ནས་དགོང་མོ་ཆུ་ཚོད་དྲུག་པའི་བར་དུ་དབུ་མཛད་ཀྱི་ཚུལ་དུ་སློབ་མ་རྣམས་དང་ལྷན་དུ་ཐུན་སྒོམ་ཉམས་ལེན་བྱེད་ཁུལ་དུ་ཡོད། སྐབས་རེར་ཕྱག་རོགས་དགེ་ཤེས་རྣམ་པའི་སྐུ་དྲིན་འོག་ཉིན་ཤས་ངལ་གསོའི་གོ་སྐབས་ཐོབ་པ་ཙམ་ལས་ངལ་གསོའི་དུས་ཚོད་ཤིན་དུ་ཕྲ། འོན་ཀྱང་གནའ་མིའི་དཔེ་ལྟར་སོ་སོས་གཡོས་པའི་གཡོ་ལ་སོ་སོས་ལྡག་དགོས་ཞེས་པ་ལྟར་སུ་ལ་འཁང་ར་མེད་པར་འབད་རྩོལ་མུ་མཐུད་ནས་བྱ་རྒྱུ་ལགས་སོ། །གོང་གསལ་གནས་བསྡུས་འདི་བཞིན་སྨོས་པ་ཡང་མ་མཁྱེན་པ་རྣམས་ལ་མཁྱེན་རྟོགས་ཀྱི་ཆེད་དང་། མཁྱེན་ནས་ཡི་རངས་ཀྱི་དགེ་ཚོགས་དང་མིག་ལྟོས་ཀྱི་ཆ་ཤས་རེ་འགྱུར་བའི་ཀུན་སློང་རྣམ་པར་དག་པ་ལས་ཆེ་སྙན་གྲགས་པ་དོན་གཉེར་གྱི་རྒྱུ་རྐྱེན་ཞིག་དུ་མ་དམིགས་པས་དེ་བཞིན་དུའང་དགོངས་རྟོག་མི་འཁྲུངས་བའི་སྨོན་འདུན་དང་བཅས།

མཁན་མིང་ཙམ་འཛིན་པ་དགེ་བཤེས་རིན་ཆེན་བསྟན་འཛིན་པས་ ཕྱི་ལོ་༢༠༡༨ཟླབ་༡༡ཚེས་༡༠ཉིན་རྒྱལ་ས་མོ་སི་ཁོ་ཡི་ཉེ་འདབ་ལ་གནས་པའི་དབེན་གནས་ཀྱི་རང་ཤག་ལ་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།