ལུང་དཀར་དགོན་མཁན་སློབ་ཁྲི་བཞེངས་མཛད་སྒོ།

[ཟླ་ཚེས། 2018-09-14 14:44:03][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལུང་དཀར་དགོན་པའི་བཤད་སྒྲུབ་སྒོམ་གསུམ་མཁན་སློབ་ཁྲི་གསོལ་དང་སྒོམ་སྒྲུབ་མཐར་ཕྱིན་མཛད་མཛད་སྒོ།
QL5A9921.JPG

   ད་ལམ་ཁམས་སྟོད་རྔུལ་རྫ་ཟལ་མོའི་སྒང་རྒྱུད་ཆེན་པོ་ཧོར་གྱི་ཡུལ་གྲུ་སྦྲ་ཆེན་གསེར་ལུང་ཕྱུག་མོ་གནམ་ས་བར་གསུམ་བཟང་དགུ་ལེགས་བཅུའི་རྟགས་མཚན་ཕུན་སུམ་ཚོགས་པའི་ཁྱད་བོན་རྣམ་པར་བཀྲ་བ།  གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་མར་ཞབས།   ས་པད་མ་འདབ་བརྒྱད་ཀྱི་ཡང་སྟེང་།    བར་བཀྲ་ཤིས་རྟགས་བརྒྱད་ཀྱི་རྭ་བ།    གསང་དྲག་ནོར་བུ་ལྷ་རྩེའི་མདུན་ཞོལ།  ཡེ་ཆབ་བདུད་བརྩི་འབབ་པའི་གོང་ང་།  བོད་ལྗོངས། ནག་ཆུ་གྲོང་ཁྱེར།  སྦྲ་ཆེན་རྫོང་། བྱ་མང་ཤང་ལུང་དཀར་དཔལ་གཤེན་བསྟན་རིན་ཆེན་གླིང་དུ། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོར་ཟླ་བ་བདུན་པའི་ཚེས་༢༢་དང་སྤྱི་ལོ་༢༠༡༨་ལོའི་སྤྱི་ཟླ་དགུ་པའི་ཚེས་༢་ཉིན་དུས་ཚིགས་ཁྱད་པར་ཅན་ཏེ།

IMG_4373.JPG

    གཅིག   སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ལ་ཐོ་བཙམས་པའི་ཁྱབ་པའི་བདུད་དམག་བཏུལ་བའི་ཉེར་གཉིས་ཉ་ཆེན་དུས་བཟང་།   གཉིས།   གསང་བདག་གྲུབ་པའི་དབང་པོ་ཉག་གཏེར་གསང་སྔགས་གླིང་པས་དབལ་ཆེན་གེ་ཁོད་གནས་མཆོག་གསང་བྲག་ནོར་བུ་ལྷ་རྩེ་གནས་སྒོ་ཕྱེས་པའི་དུས་བཟང་།  གསུམ།   ཡང་དར་བོན་བསྟན་ཉི་མ་སླར་ཡང་ཤར་བའི་ལུང་དཀར་དཔལ་གཤེན་བསྟན་རིན་ཆེན་གླིང་བསྐྱར་གསོ་བྱས་ཏེ་གཤེན་གྱེར་བསྟན་པའི་དར་ཆེན་སླར་ཡང་བསྒྲེངས་བའི་སུམ་བཟང་དུས་ཚིགས་ཁྱད་པར་ཅན་འདི་ལ་བསྟན་པ་ཡང་དར་དུས་སུ་ཧོར་ཁྱུང་ཁུལ་དུ་ལུང་རིག་རྩོད་པའི་ཐལ་སྒྲ་ཐོག་མར་བསྒྲོག་ས་ཡིན་པར་བསྙོན་མེད་རེད།   དེ་ཡང་ཆེན་པོ་ཧོར་གྱི་རྒྱལ་ཁམས་ཡེ་ཐ་ལུང་དཀར་དགོན་དུ་སྤྱི་ལོ་“༡༩༢༤“ལོར་བཤད་སྒྲུབ་ཀྱི་སྡེ་ཐོག་མར་དབུ་འཛུགས་ཏེ་དཔོན་སློབ་ཁྲི་རབས་སྐུ་གསུམ་གྲངས་འཛིན་ཕེབས་ཏེ་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་གི་མཚན་གྱི་ཅོ་པན་གསོལ་ཞིང་རྒྱལ་བསྟན་སྤྱི་ལ་ཞབས་ཞུ་བླ་ལྷག་གྲུབ་ཡོད།   སླར་རིག་གསར་རྗེས་སུ་སྤྱི་ལོ་”༡༩༨༦”ལོར་ལུང་དཀར་དཔོན་སློབ་ཁྲི་རབས་བཞི་པ་ཡོངས་ཀྱི་སློབ་དཔོན་དམ་པ་ལུང་དཀར་དགེ་སློང་མཆོག་གིས་བཤད་སྒྲུབ་བསྟན་པ་བསྐྱར་འཛུགས་ཀྱི་དབུ་ཁ་ཕྱེས་ཤིང་ཧོར་ཁྱུང་གཙོས་དགོན་སྡེ་ཉི་ཤུ་ཡན་མན་སློབ་གཉེར་བ་བརྒྱ་ཕྲག་གནས་གཅིག་དུ་མདོ་སྔགས་རྫོགས་གསུམ་དང་རིག་པའི་གནས་ལ་འབད་འབུངས་ཀྱི་ངལ་བ་བགྱིས་འབྲས་སུ།  སློབ་གླིང་འདི་ནས་ཐོན་པའི་མཁས་དབང་སྟག་སེང་ཁྱུ་ཚོགས་དེང་བོད་ཕྱི་ནང་དང་ཧོར་ཁྱུང་གཙོ་གནད་དགོན་སྡེ།  ཀྲུང་གོ་ནང་བསྟན་སློབ་གླིང་བཅས་སུ་དགེ་རྒན་ཆེན་མོའི་ལས་འགན་བསྟན་དོན་མཛད་པ་སྐྱོང་བཞིན་ཡོད།   ད་རེབ་ཡང་གནས་འདིར་ཕྱི་མཚན་ཉིད་ཀྱི་སྡེ་ལ་རིག་བྱན་ཆུབ་པའི་མཁས་དབང་དགེ་བཤེས།  ནང་སྔགས་རྫོགས་ཀྱི་གནད་ལ་ཉམས་རྟོགས་ཕྱུག་པའི་སྒོམ་ཆེན་བ།   བཅས་རྣམ་པ་དགུ་ལ་བསྟན་བདག་ཁྲི་འཛིན་རིན་པོ་ཆེ་མཆོག་དབུས་པའི་སྡེ་དགོན་གཉིས་དང་གོང་རིམ་སྲིད་གཞུང་བཅས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དཔོན་སློབ་ཁྲི་རབས་ལྔ་པ་དང་།  སྒྲུབ་གྲྭ་མཁན་པོ།  སྒོམ་གྲྭ་མཁན་པོ།  གྲྭ་ཚང་མཁན་པོ།   དེ་བཞིན་བཤད་སྒྲུབ་མཁན་པོ་སོགས་འོས་ཐོབ་ལྟར་གྱི་མཚན་གནས་གསོལ་བ་སྦྲགས་ཐེངས་གསུམ་པའི་གཤེན་གྱི་སྒྲུབ་ཐོན་བཅུ་གཅིག་དང་ཐེངས་དང་པོའི་གཤེན་གྱི་སྒོམ་ཐོན་གསུམ་བཅས་བགྲང་བྱ་ལོ་ཆེན་ལྔ་ཡི་སློབ་འཆར་མཐར་ཐོན་བཀྲ་ཤིས་ཁྲི་བཞེངས་ལས་སོགས་དགའ་འོས་པའི་གཏམ་བཟང་ཁུ་བྱུག་མགྲིན་གླུའི་དཔལ་ལ་འཁུ་བའི་རྟེན་འབྲེལ་གསུམ་བརྩེགས་མཛད་སྒོ་ཉིན་བཞི་ཡི་རིང་འཚོགས་ཡོད། 

1536975612140559.jpg

    ཉིན་དང་པོར་བོད་ཟླ་བདུན་པའི་ཚེས་༢༢་ཉིན་ནང་པར་ཕྱག་ཚོད་བརྒྱད་པའི་ཐོག་༧དཔོན་སློབ་རིན་པོ་ཆེ་དབུས་པའི་མཁན་པོ་རྣམས་ཀྱིས་བསྒྲུབ་ཁང་དམར་པོ་ནང་དུ་མ་མདུད་བཙན་རྒྱལ་ལས་སོགས་བོན་སྐྱོང་སྲུང་མར་བསྐང་གསོ་འཕྲིན་བཅོལ་ཞུས་ནས་སྙན་དར་ཕུལ།  དེ་མུས་ནས་འདུ་ཁང་དཀྱིལ་ན་འདུས་པ་རྒྱ་མཚོ་འཚོགས་ཤིང་རྩ་བའི་༧བླ་མ་ཚུལ་ཁྲིམས་འབྱུང་གནས་རིན་པོ་ཆེ་མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་ཕང་བཞུགས་པར་དཀར་གཙང་དྲི་མེད་ལྷ་དར་སྲིད་ན་རིང་བར་ཕུལ་ཏེ་མཇལ་ཁ་ཞུས་པ་དང་རིན་པོ་ཆེས་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་བསྟན་འགྲོའི་དོན་ཆེན་ནུས་པའི་ཐུགས་སྨོན་རྣམ་དག་གནང་ཞིང་སྲུང་མདུད་བྱིན་རྟེན་དང་ལས་གནས་སོ་སོའི་ཕྱག་འཁྱེར་བསྩལ་ཏེ་འདུ་ཁང་རྡོ་གཅལ་ཁར་རིན་པོ་ཆེ་དང་མཁན་སློབ་ལྷན་ཅིག་དད་རྟེན་སྐུ་པར་བསྐྱོན།       ཕྱག་ཚོད་བཅུ་པའི་ཁར་དྲི་བཟང་སྤོས་དུད་སྔོན་མོས་འདུ་ཁང་ཐོག་འཁོར་ཉི་འོད་ཁང་དུ་སྤྱན་དྲངས་ཏེ་དཔོན་སློབ་རིན་པོ་ཆེ་དབུས་པའི་མཁན་པོ་རྣམས་ཁྲི་ལ་བཀོད་དེ་སེམས་པ་རྒྱ་མཚོས་བླ་མ་མཆོད་པ་གྱེར་བཞིན་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་མཁན་སློབ་རྣམ་པའི་ནང་མི་ཉེ་འབྲེལ་གཙོས་པས་འབྲས་སིལ་མར་ཁུ་སྐུ་འགྱེད་མང་ཇ་འདེགས་འབུལ་ཞུས།  ཉིན་གོང་པོར་དད་ལྡན་ལྷ་སྡེ་མང་པོས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་སྨོན་ལམ་བཏབ་སྟེ་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཞིང་མཇལ་ཁ་ཞུས་ནས་དགོང་མོར་བསྟན་འབར་སྨོན་ལམ་ཆེན་པོས་མཇུག་བསྡུས

1.JPG

སློབ་དཔོན་ཆེན་མོ་ངུ་འབྲོང་དགེ་བཤེས་བསྟན་འཛིན་འགྱུར་མེད་མཆོག་གི་མཚམས་སྦྱོར་མདོར་བསྡུས།

   སྤྱི་ལོ་༡༩༧༦ལོར་མདོ་སྟོད་རྔུལ་རྫ་ཟལ་མོའི་སྒང་རྒྱུད་ཡེ་ཐ་དགུ་སྤྱང་གསེར་མགུལ་ངུ་འབྲོང་ཚང་ཞེས་མི་རབས་ནས་ཕ་ཆོས་གཡུང་དྲུང་བོན་ལ་སྤྱོད་ཅིང་། འཚོ་བ་ནས་དཀར་རྩམ་པ་དང་། ཕྱུགས་རིགས་དཀར་ནག་ཁྲ་གསུམ་ལ་བརྟེན་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ངུ་འབྲོང་ཕུར་བུ་ཚེ་རིང་དང་དམར་རྩ་བཟའ་ཇ་ཐོག་ཅེས་པའི་སྟང་དབྱར་ཟུང་ལས་དལ་འབྱོར་གྱི་རྟེན་བཟང་རྙེད་ཅིང་ངུ་ངག་གི་དབྱངས་རྟ་དང་བཅས་ཤིང་ལྟེ་མཚལ་དམར་པོ་འཇིག་རྟེན་གྱི་ཁམས་དེ་རུ་འཐོར། དེ་ནས་རིམ་བཞིན་དྲིན་ཅན་ཕ་མ་གཉིས་ཀྱི་བྱམས་སྐྱོང་ཁོ་ནའི་འོག་ཏུ་འཚར་ལོངས་བྱུང་ཞིང་རིམ་བཞིན་གོག་འགྲོས་དང་རྐང་གཉིས་འཁྱལ་འཁྱོལ་ལ་བརྟེན་ནས་བསམ་མེད་བྱིས་པའི་རང་གཤིས་ཀྱི་ངང་ནས་བགྲང་བྱ་ལྔ་དྲུག་རིང་ས་རྩེད་རྡོ་རྩེད་རྩེས་ཤིང་དུས་ཚོད་ཕྱིན། དེ་ནས་ལོ་ངོ་བདུན་ཐོག་དྲིན་ཅན་ཕ་རྒན་དམ་པ་དེ་ཡིས་ཤེས་རིག་གི་གཞི་མ་འཕྲུལ་གྱི་ཡི་གེ་ཀ་མད་སུམ་བཅུ་ནས་འགོ་བཟུང་ནས་ཀློག་འདོན་བསླབས། ལོ་ངོ་དགུ་ཡི་སྟེང་སུམ་སྣ་དམངས་བཙུགས་སློབ་གྲྭར་ཞུགས་ནས་འབྲི་ཀློག་སྐོར་མུ་འཐུད་ནས་སྦྱང་རྒྱུའི་གོ་སྐབས་ཐོབ་པ་ཞོར་དུ་འདོན་ཆོག་སྐོར་ཀློག་འདོན་སྦྱངས་པས་གྲོང་ཆོག་རིམ་གྲོ་བསྒྲུབས་པའི་ཨ་མཆོད་ཀློག་འདོན་བྱང་ཆ་ཅན་ཞིག་ཏུ་འགྱུར་ཡོད། ༡༩༩༡ལོར་རང་ལོ་བཅོ་ལྔའི་ཐོག་དྲིན་ཅན་ཕ་མ་ཟུང་གི་རེ་དོན་ལྟར་གདན་ས་ལུང་དཀར་དགོན་དུ་༧བླ་མ་ཉི་མ་བློ་གྲོས་རིན་པོ་ཆེའི་མདུན་དུ་སྐྲ་ཕུད་ཕུལ་ནས་ཚུལ་མིང་བསྟན་འཛིན་འགྱུར་མེད་ཅེས་གནང་ཏེ་དགོན་པའི་སྒྲིགས་ཁོངས་སུ་ཞུགས་རྒྱུའི་སྐལ་བཟང་ཐོབ། དེ་ནས་སྤྱི་ལོར་༡༩༩༢རང་ལོ་བཅུ་དྲུག་ཐོག་ལུང་དཀར་བཤད་གྲྭ་ལ་ཞུགས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སློབ་དཔོན་དྲང་སྲོང་གཡུང་དྲུང་རིན་པོ་ཆེའི་མདུན་ནས་བསྡུས་རྟགས་བློ་རིག་སོགས་རིམ་བཞིན་སྦྱང་རྒྱུའི་སྐལ་བཟང་ཡང་ཐོབ། ཞོར་དུ་རྒན་ཚེ་རིང་དབང་ཐུབ་མདུན་ནས་ཡིག་ནག་སྒུར་ལྗིབ་སོགས་འབྲི་རྒྱུ་དང་ལས་བཞིའི་དཀྱིལ་འཁོར་སོགས་སྦྱངས། དེ་སྐབས་སྤྱི་ཚོགས་ནང་ཡོན་ཏན་ཅན་གྱི་བླ་དྭགས་ནི་གསང་སྔགས་སྐོར་ཆོ་གའི་ཕྱག་ལེན་སྐོར་ཤེས་མཁན་ལ་ཞིག་འདོགས་ཀྱི་ཡོད་པས། རང་ཉིད་ལ་བློ་དཀར་མཁན་གྱི་གྲྭ་རྒན་རྣམ་པས་ཀྱང་ཆོ་གའི་ཕྱག་ལེན་སྐོར་སྦྱང་དགོས་པའི་ཞལ་ཏ་མང་པོ་གནང་ཡང་དེ་ཙམ་ཞིག་གོ་སྐབས་མ་བྱུང་ནས་གནས་སྐབས་ལུས། སྐབས་ཤིག་ཏུ་ཁ་འོ་རྟོགས་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་འབུམ་དགུ་ཡང་ཞུས། ༡༩༩༤ལོར་རང་ལོ་བཅུ་དགུ་ནས་དགེ་བཤེས་གཤེན་བསྟན་ལྷུན་འགྲུབ་མདུན་ནས་རྟགས་རིགས་ནས་རིམ་བཞིན་ཕར་ཕྱིན་དང་དབུ་མ་མཛོད་དང་འདུལ་བ། སྔགས་ཡེ་ཤེས་ཐིག་ལེའི་མཆན་འགྲེལ་དང་རྫོགས་ཆེན་དྲང་ངེས་གཉིས་བཅས་ཁྲིད་ཞུས་ནས་རང་ལོ་ཉེར་གསུམ་བར་སྦྱངས་ཞོར་དུ་བརྡ་དག་སྙན་གསུམ་ཡང་སྦྱངས།༧སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་འཁྲུངས་གཞིས་གངས་ལྗོངས་སུ་ཕེབས་སྐབས་ལུང་དཀར་དགོན་དུ་ཆིབས་སྒྱུར་མཛད་པས་རིན་པོ་ཆེའི་མདུན་ནས་རབ་བྱུང་གཙང་གཙུག་གི་སྡོམ་པ་ཞུས་ནས་མིང་དྲང་སྲོང་སྨོན་ལམ་ཞེས་པ་གནང་བ་དང་། ཡང་སྐབས་ཤིག་ཏུ་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་དང་དངོས་གཞི་འཕོ་ཁྲིད་བཅས་ཞུས། ༢༠༠༡རང་ལོ་ཉེར་དྲུག་ཐོག་ཁྱུང་པོ་རི་བོ་རྩེ་དྲུག་གི་བཤད་གྲྭར་ཞུགས་ནས་སླར་ཡང་བློ་རྟགས་ནས་བཟུང་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས་པ་དང་བར་བར་དུ་ཆེད་མངགས་དགེ་རྒན་གདན་ཞུས་མཛད་པའི་རྒྱལ་བ་སྨན་རིའི་དགེ་བཤེས་ཟླ་བ་བསྟན་འཛིན་དང་། བཟོད་པ་འགྱུར་མེད། ཡོན་ཏན་ཕུན་ཚོགས། འཕགས་མཆོག་སེམས་དཔའ་སོགས་ཀྱི་དྲུང་ནས་རྟགས་རིག་དང་། ཚད་མ། ཐེག་རིམ། ཕར་ཕྱིན་དང་མ་རྒྱུད་སོགས་ཁྲིད་བཀའ་ཞུས་པ་མ་ཟད་ཞོར་དུ་རིག་གནས་སྐོར་སུམ་རྟགས་དག་གསུམ་དང་དགེ་བཤེས་སྐལ་བཟང་བསྟན་འཛིན་མདུན་ནས་ནག་རྩིས་སོགས་སྦྱངས་པ་དང་། ལོ་རུ་མཁན་པོ་བསོད་ནམས་འགྱུར་མེད་མདུན་ནས་ཡེ་ཁྲི་མཐའ་སེལ་སོགས་ཁྲིད་ཞུས། ༢༠༠༦ལོར་རང་ལོ་སུམ་ཅུ་སོ་གཅིག་ཐོག་ཁྱུང་པོ་རི་བོ་རྩེ་དྲུག་ཏུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ། དེ་ནས་བཟུང་རྩེ་དྲུག་དགོན་པའི་མཚན་ཉིད་དགེན་ལགས་མཛད་པས་འཛིན་གྲྭ་ཁག་ལ་སློབ་ཁྲིད་བྱས་ནས་བསྡད་པ་དང་ཞོར་དུ་དགེ་བཤེས་དྲང་སྲོང་བློ་གྲོས་མདུན་ནས་དཀྱིལ་འཁོར་ཐིག་རྩ་དང་ནམ་མཁའ་འདྲེན་སྟངས་ཙི་ཏ་གུར་ནམ་གཟུངས་གཞུག་ལག་ལེན་སོགས་བསླབས། ༢༠༡༡རང་ལོ་སོ་དྲུག་ཐོག་༧རྒྱལ་བ་གཤེན་སྲས་རིན་པོ་ཆེ་དང་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཟུང་གི་བཀའ་མངགས་བཞིན་པེ་ཅིང་ནང་བསྟན་སློབ་གླིང་སྐབས་བཞི་པའི་འབྲིང་རམས་པའི་འཛིན་བདག་དགེ་རྒན་བྱས། རང་ལོ་སོ་བདུན་ཐོག་སྣང་ཞིག་སློབ་དཔོན་ཀུན་བཟང་ལྷུན་འགྲུབ་མདུན་ནས་ནག་རྩིས་དང་དབྱངས་ཅན་གྱི་སྒྲ་མདོ་སྦྱངས། སྤྱི་ལོ་༢༠༡༣དང་རང་ལོ་སོ་བརྒྱད་ཐོག་ལུང་དཀར་བཤད་གྲྭ་བསྐྱར་འཛུགས་སྐབས་བཤད་གྲྭའི་དགེ་རྒན་ཆེན་མོར་བྱས་པ་སྤྱི་ལོ༢༠༡༨དང་རང་ལོ་ཞེ་གསུམ་ཐོག་ལུང་དཀར་དགོན་པའི་མཚན་ཉིད་དཔོན་སློབ་ཏུ་ཁྲི་གསོལ་བྱས་པའི་མཚམས་སྦྱོར་མདོར་བསྡུས་པའོ།།

2.JPG

དགེ་བཤེས་གཤེན་བསྟན་ལྷུན་གྲུབ་མཆོག་གི་མཚམས་སྦྱོར་མདོར་བསྡུས།

   བོད་འབྱུང་རྒྱལ་ཆུ་སྟག་༡༩༦༢་ལོར་སྐྱེས། ༡༩༨༣་ལོར་ལུང་དགོན་ཁྲི་འཛིན་བརྒྱད་པ་༧ཨུར་བླ་ཚུལ་ཁྲིམས་རྒྱལ་མཚན་དྲུང་ནས་ཨ་ཁྲིད་སྔོན་འགྲོ་འབུམ་དགུའི་ཁྲིད་ལུང་ཞུས་ཏེ་བསགས་སྦྱང་ཚད་དང་ལྡན་པར་བྱས། ༡༩༨༤་ལོར་རྩེ་དྲུག་སྒྲུབ་མཁན་གཙུག་ཕུད་རིན་པོ་ཆེའི་དྲུང་དུ་རབ་བྱུང་སྡོམ་པ་མནོས། ཨུར་བླ་ཉི་མ་བློ་གྲོས་མདུན་དངོས་གཞིའི་སེམས་ཁྲིད་དང་འཕོ་བ་རྟགས་ཐོན་བྱས། ༡༩༨༥ལོར་ངེས་པ་དོན་ཀྱི་རྣལ་འབྱོར་རྟོགས་ལྡན་ཤེས་རབ་ཕུན་ཚོགས་དྲུང་དུ་རྩ་རླུང་ཞག་བརྒྱ་དང་དེ་མིན་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཐོབ། ༡༩༨༦ལོར་ལོ་སྟོད་སྟོད་ཀྱི་གངས་སྐོར་ཕྱིན་ཞིང་ལམ་བར་དུ་བོན་གྱི་རྩ་བའི་གྲྭ་ས་གོང་འོག་བར་གསུམ་ལ་སྐུ་འགྱེད་དང་མང་ཇ་ཕུལ་བ་དང་ལྷག་པར་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གདན་སར་གཙང་གཙུག་གི་སྡོམ་པ་ཞུས། ལོ་སྨད་སྐྱབས་རྗེ་རྩ་བའི་བླ་མ་སྨན་རིའི་དགེ་བཤེས་དྲང་སྲོང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེས་དུས་འགྱུར་རྗེས་བོན་གྱི་བཤད་གྲྭ་ཐེངས་དང་པོ་ལུང་དཀར་དགོན་དུ་གསར་འཛུགས་གནང་བ་དང་འབྲེལ་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཁག་སྦྱངས་ཏེ་༡༩༩༤ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་ཐོབ། ༡༩༩༢་ལོ་ནས་༡༩༩༧་ལོ་བར་ལུང་དཀར་དགོན་མཚན་ཉིད་དཔེ་ཁྲིད་དགེ་རྒན་དང་། ༡༩༨༦་ལོ་ནས་བཟུང་༡༩༩༧་བར་དགོན་པ་དམངས་གཙོ་བདག་ཉར་ཨུ་ཡོན་དང་ཀྲུའུ་རིན་རྒན་གཞོན་སོགས་ཀྱི་འགན་དུ་ཁུར། དེ་རྗེས་ལོ་ཤས་རིང་འཚམ་པ་དང་གྲྭ་བཙུན་དུ་མར་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། དངོས་གཞི་རྩ་རླུང་སྐོར་དང་འདུལ་བ་སོགས་དཔེ་ཁྲིད་བྱས། དེ་ནས་སྤ་བླ་བསྟན་པ་འབྲུག་གྲགས་རིན་པོ་ཆེ་དང་ཨ་ཀྲོང་རི་ཁྲོད་ཀྱི་ཁྲི་འཛིན་བླ་མ་མཆོག་དང་སྔགས་པ་རྣམས་ཀྱིས་དགོང་བཞེད་ལྟར་ཨ་ཀྲོང་རི་ཁྲོད་དུ་ལོ་གཅིག་ཙམ་རིང་བླ་གྲྭ་མང་པོར་རིག་ལམ་བསྡུས་གྲྭའི་རྣམ་བཞག་སྐོར་དཔེ་ཁྲིད་དང་། དེ་མིན་བླ་སྔགས་དང་མཚམས་པ་ཨ་ནེ་སོགས་མི་གྲངས་སུམ་བཅུ་ཡས་མན་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། དངོས་གཞིའི་སྐོར་རྫོགས་ཆེན་འོད་གསལ་ལྟ་བའི་གླུ་དབྱངས་སོགས་དཔེ་ཁྲིད་བྱས། རི་ཁྲོད་བླ་མ་ཚུལ་ཁྲིམས་དཔལ་ལྡན་རིན་པོ་ཆེ་དང་མཚམས་ཆེན་ཚུལ་ཁྲིམས་གྲགས་པའི་དྲུང་ནས་ཤར་རྫའི་བཀའ་སྐོར་གྱི་ཁྲིད་ལུང་མང་པོ་ཞུས། ༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་དྲུང་ནས་ཚེ་དབང་བོད་ཡུལ་མའི་དབང་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་ཡིད་དམ་ལྷ་རྒོད་དང་སྨྲ་སེང་ཤེས་རབ་བློ་འཕེལ་མ་རྒྱུད་དབང་བཞི་དྲང་སྲོང་ཁྲིམས་ཆེན་སྲུང་ཁྲིམས་ཐོབ། རྟོགས་ལྡན་དྲི་མེད་གཡུང་དྲུང་མདུན་དངོས་གཞིའི་སྐོར་དང་བྱང་སེམས་ཀྱི་སྡོམ་པ་ཞུས། ༧བོན་རྒྱ་རིན་པོ་ཆེའི་མདུན་ནས་ཁོང་གི་མཛད་པའི་ལམ་རིམ་ཆེན་མོའི་ཁྲིད་དང་དངོས་གཞིའི་ཡང་ཏིག་གི་ཟབ་གདམ་དང་། ཁྲོ་བོ་འབུམ་པའི་དབང་ཚེ་དབང་བོད་ཡུལ་མའི་དབང་སོགས་ཞུས། ༧ ཤར་རྫའི་རྒྱལ་ཚབ་ཨ་འཇིག་རིན་པོ་ཆེའི་དྲུང་ནས་དབང་ལུང་ཟབ་གདམ་མང་པོ་ཞུས། ༢༠༠༥་ལོར་བླ་བྲང་སྐུ་གདུང་ཁང་དུ་ལུང་དགོན་ཁྲི་འཛིན་༧ཨུར་བླ་ཚུལ་ཁྲིམས་རྒྱལ་མཚན་གྱི་གདུང་རྟེན་གསེར་ཟངས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་སྨིན་དྲུག་བྱས་པ་བཞེངས་པ་དང་དེར་གཟུངས་གཞུག་དང་མངའ་དབུལ་རབ་གནས། འདུ་ཁང་ཆེན་མོའི་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་སྟོན་པ་ལོངས་སྤྱོད་རྫོགས་སྐུ་སྨད་བདུན་ཅན་བཞེངས་པ་དང་། དེ་མིན་བ་ཡན་ཉེ་འབྲེལ་རྣམས་ཀྱི་སྦྱིན་བདག་ཞུས་པའི་སྨད་བདུན་ཅན་དུས་འཁོར་ཡབ་ཡུམ་སྐུ། ཇུ་མུར་ཚོགས་པས་སྦྱིན་བདག་ཞུས་པའི་འདུ་ཁང་སྟེང་རི་དྭགས་བོན་འཁོར་དང་རྒྱལ་མཚན། ཨུར་བླ་ཚུལ་ཁྲིམས་རྒྱལ་མཚན་འདྲ་སྐུ་སྨད་གཉིས་ཅན། ཨ་རིག་ཚོགས་པས་སྦྱིན་བདག་ཞུས་པའི་སློབ་དཔོན་ཚུལ་ཁྲིམས་ཡེ་ཤེས་འདྲ་སྐུ་སྨད་དོ་ཅན། བོད་རྩ་ཚོགས་པས་སྦྱིན་བདག་ཞུས་པའི་ཨུར་བླ་ཉི་མ་བློ་གྲོས་འདྲ་སྐུ་སྨ་དོ་ཅན་དང་དངུལ་ཀོང་སོགས་བཞེངས་རྒྱུའི་འགན་ཁུར། ༢༠༠༧་ལོ་ནས་དགོན་པ་ཉམས་གསོ་ཚོགས་ཆུང་ཙུག་ཀྲང་དང་དངུལ་ཉར་སོགས་ཀྱི་འགན་ཁུར་བ་དང་། ༢༠༡༣་ལོ་ནས་བཟུང་ལུང་དགོན་ལྔ་རིག་ནོར་བུའི་སློབ་གླིང་སྒྲུབ་གྲྭའི་དགེ་རྒན་ཆེན་མོའི་མིང་ཐོག་ནས་སྒྲུབ་གྲྭ་བ་རྣམས་ལ་དཔེ་ཁྲིད་བྱས། སྦྲ་ཆེན་རྫོང་སྲིད་གྲོས་ཨུ་ཡོན་དང་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་ཁུར་ཡོད། ད་ལན་དགོན་པ་དོ་དོམ་ཨུ་ཡོན་ལྷན་ཁང་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་ཚོགས་གཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་གི་སྒྲུབ་གྲའི་མཁན་པོའི་ཁྲི་ལ་མངའ་རུ་གསོལ།

3.JPG

དགེ་བཤེས་བསམ་གཏན་འགྱུར་མེད་ཀྱི་ལོ་རྒྱུས་མདོར་བསྡུས།

    བོད་རབ་བྱུང་བཅོ་བརྒྱད་སྤྱི་ལོ་༡༩༧༢་ལོར་མདོ་མེད་ཞིག་པོ་བཅོ་བརྒྱད་དམ་ཞིག་ཆེན་དགུ་པའི་རུས་ཀྱི་ནང་ཚན་འགྲུ་ཞིག་ཚང་གཡུ་འཕྲུ་སྟོང་འཚེར་ཁ་ཕ་ཨ་མཁྱེན་དང་མ་བོན་བཟའ་གཡུང་དྲུང་བཟང་མོ་ལས་སྐྱེས་ཤིང་རང་ལོ་གཅིག་ནས་བཅུ་གཅིག་བར་བྱིས་པའི་རོལ་རྩེད་དང་ཕྱུགས་ཀྱི་བཙའ་རྫི་དང་ཕ་མའི་ཞབས་ཞུས་བསྒྲུབས། ༡༩༨༢་ལོར་དགོན་གྱི་བླ་རབས་བརྒྱད་པ་བླ་མ་སེམས་དཔའ་འམ་ཚུལ་ཁྲིམས་རྒྱལ་མཚན་མདུན་ནས་བསྙེས་གནས་སྡོམ་པ་ཞུས་ཏེ་མིང་ལ་གཡུང་དྲུང་ལྷུན་འགྲུབ་གནང་། བོན་གྱི་གཞི་མ་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་འབོགས་ནས་བླ་ལ་རྟེན་འབྲེལ་འགྲིག་འདུག་ཞེས་ལུང་བསྟན་གསུངས་ནས་རྗེས་མར་གྲྭ་པ་དགོས་ཞེས་གསུངས། ༡༩༨༤་ལོར་རིག་གསར་རྗེས་དགོན་པ་ཉམས་གསོ་ཆེན་མོའི་སྐབས་སྒྲིག་ཞུགས་བྱས་ཤིང་དགུན་ཁར་འབུ་མཛད་ཆེན་མོ་སྟག་ལ་བཟོ་པ་དང་འགར་རུ་རྒྱལ་གསས་རྣམ་གཉིས་དྲུང་ནས་ཡི་གེ་ཀློག་འདོན་སྦྱངས་ཤིང་དབྱར་དུས་སུ་དགོན་གྱི་ཉམས་གསོ་ཨར་ལས་ཆེ་ཆུང་ཚང་མར་ཆག་མེད་དུ་ལས་ནུས་སྲིང་ཞིང་སླར་༡༩༨༦་ལོར་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་བསྟུན་རྩ་བླ་ཁྲི་འཛིན་ཉི་མ་བློ་གྲོས་མདུན་ནས་རྩ་བཞི་དགེ་བསྙེན་སྡོམ་པ་ཞུས་ཤིང་ཚུལ་མཚན་གཡུང་དྲུང་ལྷུན་གྲུབ་གསོལ། དེ་འོན་རྩ་བླ་ཉི་མ་བློ་གྲོས་དྲུང་ནས་ཡིད་དམ་ཕྱི་ནང་གསང་གསུམ་གྱི་དབང་གང་མང་དང་ཨ་ཁྲིད་བཀའ་ལུང་རྒྱ་མཚོའི་ཁྲིད་ཞུས། རང་གིས་འབུམ་དགུའི་བསགས་སྦྱང་ཚུལ་བཞིན་བྱས་པ་མ་ཟད་རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་ཁྲིད་ཀ་བསུར་དང་ལུས་སྦྱིན་བསྔོ་བཀའ་བགོ་བཅས་ཀྱི་ཟབ་གདམ་མང་པོར་ཐོབ་པ་དང་རང་གིས་་རྩ་རླུང་ཞག་བརྒྱར་བརྩོན་པར་བྱས་ཤིང་ཞོར་དུ་བསྟན་འཛིན་ལྷུན་འགྲུབ་མདུན་ནས་དཀྱིལ་འཁོར་ཐིག་རྩར་སྦྱངས། དེ་སྐབས་དགོན་གྱི་དུང་པའི་འགན་ཁུར། ༡༩༨༥་ལོ་ནས་༡༩༨༦་བར་དབྱར་དུས་སུ་ས་ལས་དགུན་དུས་སུ་སྒར་རུ་དགེ་རྒན་ཚུལ་ཁྲིམས་རྣམ་རྒྱལ་དང་འབུ་ཚང་གོ་ནག་གཉིས་ཀྱི་མདུན་ནས་བྲུ་ལུགས་བསང་བཀའ་སྐྱོང་དང་ཚེ་སྒྲུབ་བྱ་རི་མ་དང་ཀློང་རྒྱས་སྐྱེ་སྒོ་གཅོད་པ་བོན་སྐྱོང་སྤྱི་སོགས་བཅའ་འདོན་སྦྱངས། ༡༩༨༧་ལོར་དགོན་གྱི་ཁྲི་འཛིན་ཉི་མ་བློ་གྲོས་རིན་པོ་ཆེ་དང་དགོན་གྱི་གྲྭ་རྒན་ཆོས་རྒྱལ་རིན་ཆེན་དང་རྣམ་དག་ཡེ་ཤེས་སོགས་ལྷ་འབངས་ཡོངས་ཀྱི་གསོལ་བ་བཏབ་དོན་བཞིན་ཡོངས་ཀྱི་གཤེན་གཉེན་ཆེན་མོ་འཛམ་བྷ་སློབ་དཔོན་དྲང་སྲོང་གཡུང་དྲུང་མཆོག་ཕྱིར་ཕེབས་ཏེ་སྟོན་དུས་བོད་ཟླ་དགུ་པའི་ཚེས་ལྔ་ཉིན་ལུང་དགོན་བཤད་གྲྭ་དབུ་ཕྱེས་ཤིང་སྐབས་དེར་གུས་པ་བཤད་གྲྭར་ཞུགས་ཏེ་རྩོད་དམ་གཉིས་ཀྱི་ཡོངས་པའི་ནང་དུ་མདོ་སྔགས་སེམས་གསུམ་གྱི་སྦྱང་བྱའི་གཞུང་ལུགས་ཁག་ལ་རང་གི་བློ་ཚོད་འཚམས་པའི་བློ་སྦྱོང་ཉི་མཚན་ལྟོས་མེད་དུ་བརྩོན་ཞིང་མཐར་སྤྱི་ལོ་༡༩༩༤་ལོར་བོད་ཤིང་ཁྱི་ཟླ་བ་ལྔ་པའི་ནང་དུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། གོང་གི་བཤད་གྲྭ་སྦྱོང་རིང་དུ་དབུ་མཛད་བློ་གྲོས་དབང་ལྡན་མདུན་ནས་དུས་ཆེན་གྱེར་དང་བཀའ་སྐྱོང་གདངས་གྱེར་སོགས་བསླབས། གཞན་ཡང་ལོ་ཧ་རྒྱལ་བ་གཡུང་དྲུང་དང་བྲ་བོ་དགེ་རྒན་རྣམ་དག་ཡེ་ཤེས་དྲུང་ནས་དགོན་གྱི་གར་འཆམ་ཁག་ལ་སྦྱང་བ་དང་འཆམ་དཔོན་སྐལ་བཟང་གཡུང་དྲུང་མདུན་ནས་ཁྲོ་འཆམ་ཕུར་འཆམ་བཅས་ལ་ཟབ་སྦྱོང་མཛད། སྤ་དགོན་མཁན་པོ་ཟླ་བ་རྒྱལ་མཚན་མདུན་ནས་རིག་འཛིན་གསང་སྒྲུབ་སོགས་ཀྱི་དབང་དུ་མར་ཞུས་ཞིང་ཁ་བོ་རྟོགས་ལྡན་དྲུང་ནས་རྣམ་རྒྱལ་རྒྱ་ནག་དང་ཕུར་པ་སོགས་ཀྱི་དབང་དུ་མ་དང་རྫོགས་ཆེན་དངོས་གཞི་ཡང་ཏིག་གི་ཟབ་ཁྲིད་ཞུས། རག་ཤི་རྟོགས་ལྡན་མདུན་ནས་སེམས་ཆུབ་སེམས་སྡོམ་ཞུས་ཏེ་མཚན་ལ་བསམ་གཏན་རྒྱལ་བ་གསོལ་ཞིང་ཨ་ཁྲིད་ཐུ་མཚམས་བཅོ་ལྔའི་ཁྲིད་ཞུས་ཤིང་རང་གིས་འབུམ་དགུ་བསགས་སྦྱོང་ཚུལ་བཞིན་བྱས་པ་དང་དངོས་གཞི་རིམ་པ་རྣམས་ཟབ་སྦྱོང་བྱས། གསང་སྔགས་ལྷ་གཉེན་ཤེལ་སྒོང་དང་བྱང་ཁྲིད་འཕོ་བ་འཇའ་གུར་མའི་ཁྲིད་དང་དབང་ལུང་མན་ངག་མང་ཐོབ་པར་མ་ཟད་མ་བདུད་བཙན་གསུམ་བཀའ་གཏད་རྗེས་གནང་བྱས། སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མའི་མདུན་ནས་ཀློང་རྒྱས་དང་མཉམ་མེད་བླ་སྒྲུབ་གྱི་དབང་ཐོབ། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མདུན་ནས་གཙང་མ་གཙུད་ཕུད་སྡོམ་པ་ཞུས་ནས་ཚུལ་མཚན་ལ་བསམ་གཏན་འགྱུར་མེད་ཅེས་གསོལ། སྨྲ་སེང་དབང་དང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་དབང་དང་བསྙན་རྒྱུད་མཉམ་བཞག་སྒོམ་པའི་ཁྲིད་སོགས་ཐོབ། ༡༩༩༧་ལོ་ནས་དགོན་གྱི་དམངས་ཀྱི་དམངས་གཙོ་བདག་གཉེར་ཀྲུའུ་རིན་བཞོན་པའི་ལས་འགན་ལོ་བདུན་རིང་ཁུར་ཏེ་དགོན་གྱི་འདུ་ཁང་གྲྭ་ཁང་སོགས་རྒྱས་བསྐྲུན་དང་ལྷ་འབྲི་རྟེན་བཞེངས་སོགས་ལས་དཀའ་གྱ་ནོམ་པར་བསྒྲུབས། ༢༠༠༦་ལོར་བོད་ཟླ་༩་ཚེས་༨་ཉིན་དགེ་སྒྲུབ་གཟའ་སྐར་འཕྲོད་སྦྱོར་བཟང་པོར་བསྟུན་ཏེ་ཡིད་དམ་དབལ་ཁྱུང་དམར་པོའི་བསྙན་མཚམས་བསྡམས་ཤིང་ལོ་གཉིས་ལྷག་རིང་ཁྱུང་དམར་དང་ཚེ་སྒྲུབ་བྱ་རི་མ་དང་སྒྲིབ་སྦྱོང་བཅས་ཀྱི་བསྙན་ཆེན་བསྐྱལ་བ་དང་རྣལ་བབས་ཞག་བརྒྱ་བཅས་བརྩོན་པ་མ་ཟད་གྲྭ་ཆུང་བརྒྱད་དགུ་བཅས་ཡིག་ཀློག་བསླབས། ༢༠༠༩་ལོར་ཁྱུང་པོ་སྟེང་ཆེན་དགོན་དུ་ཕེབས་ཏེ་སྟེང་ཆེན་དགོན་མཁན་རྒྱ་མཚོ་ནོར་བུའི་མདུན་དུ་དབྱིངས་རིག་མཛོད་ཆ་ཚང་ཁྲིད་ཞུས། ཞོར་དུ་ཁྲིད་ཆོད་དང་ཐོ་བརྒལ་སོགས་སྦྱངས་པ་མྱོང་བ་ཐོན་པར་བྱས། རྫོགས་ཆེན་སྡེ་བདུན་དབང་བཞི་དང་དྲན་པ་ཡང་གསང་དབང་སོགས་ཞུས། སྟེང་དགོན་སློབ་དཔོན་རྒྱལ་བསྟན་འཛིན་མདུན་དུ་བསྙན་རྒྱུད་རྒྱས་འབྲེང་བསྡུས་གསུམ་སོགས་ཁྲིད་ལུང་མང་པོར་ཞུས། ཡིད་དམ་མེ་རིའི་དབང་དང་བསྙན་རྒྱུད་ཡེ་དབང་ཡེ་ཆེན་མོར་ཞུས། སྟེང་དགོན་སྒྲུབ་མཁན་འཕགས་མཆོག་སེམས་དཔའ་དྲུང་བསྙན་བརྒྱུད་བཀའ་བརྒྱུད་སྐོར་བཞིའི་ཆ་ལག་ཆ་རྐྱེན་དང་རྟོགས་ལྡན་ཉམས་བརྒྱུད་རྣམ་ཐར་བྲུ་ཡི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་ངོ་སྤྲོད་རིན་ཆེན་རྒྱབ་སྐྱོར་གཉིས་སོགས་ཁྲིད་ལུང་མང་པོར་ཞུས། སྟེང་དགོན་སྒོམ་མཁན་ནོར་བུའི་དྲུང་ནས་རྫོགས་ཆེན་བསྙན་བརྒྱུད་སྔོན་འགྲོ་ཟབ་མོའི་གནད་ཀྱི་གདམ་པ། དངོས་གཞི་རང་ངོ་སྤྲད་པ་གཅེར་མཐོང་ལྟ་བའི་ཁྲིད། ལམ་ཉམས་སུ་སྒོམ་པ་འོད་གསལ་སྒོམ་པའི་ཁྲིད། རྐྱེན་ལམ་དུ་སློང་བ་རྩལ་སྦྱོང་སྤྱོད་པའི་ཁྲིད། འབྲས་བུ་རང་ས་བཟུང་བ་སྐུ་གསུམ་དམར་ཐག་གཅོད་པའི་ཁྲིད། འོད་གསལ་དམིགས་པ་དང་གག་སེལ་སྐོར་བསྙན་རྒྱུད་གག་སེལ་འཁྲུལ་འཁོར་རིམ་པ་བསྙན་རྒྱུད་འོད་གསལ་བདུན་སྐོར་རྫོགས་ཆེན་དངོས་གཞི་ཡང་ཏིག་ཀུན་བཟང་སྙིང་ཏིག་ཡོངས་རྩེ་ཀློངས་ཆེན་ངེས་དོན་སྐུ་གསུམ་རང་ཤར་ལས་ཐུན་མོང་གཏུམ་མོའི་ལག་ལེན་བོན་དོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ་འཁྲུལ་འཁོར་བསྡུ་མ་གསེར་གྱི་ཐུར་མ་ལས་སོགས་ཁྲིད་ལུང་མང་པོ་ཐོབ། རང་གིས་དེ་སྐབས་དགོན་དུ་དགུན་དུས་རྩ་རླུང་ཞག་བརྒྱ་དང་རྒྱབ་ཐུར་བཅུད་ལེན་བཅས་ཆ་ཚང་སྦྱངས། བསྙེན་སྙུང་ཆ་ཁ་ཤས་སྦྱངས། ལོ་སར་སྐབས་རྣལ་བབས་བསྡད་པར་བསོད་ནམས་ཚོགས་ཆེན་པོར་བསགས་ཡོད། སྟེང་དགོན་རི་ཁྲོད་མཁན་པོ་མེ་སྟོན་ལྷུན་འགྲུབ་རྒྱལ་མཚན་མདུན་ནས་ཕྱི་རྒྱུད་ཆོ་ག་བཅུ་གཉིས་དབང་ལུང་ཆ་ཚང་ཐོབ། རྩེ་དྲུག་མཁན་པོ་གཙུད་ཕུད་དྲུང་དུ་གེ་ཁོད་གསང་དྲག་དབང་ཐོབ་བསྙད་རྒྱུད་སྐོར་བཞི་ལུང་དང་ཤར་རྫའི་རྒྱུན་སྤྱོད་ལུང་དང་རྒྱལ་བཀའ་འགྱུར་ཆེན་མོའི་དཔེ་ལུང་ཐོབ། རྩེ་དགོན་སྟག་ལ་མཚམས་པ་ཡེ་ཤེས་རྒྱལ་མཚན་དྲུང་ནས་སྟག་ལའི་བཅུད་དྲིལ་སྣ་ཚོགས་པོད་ཏིའི་ལུང་དང་བྱིན་རླབས་ཐོབ། རྣལ་འབྱོར་བ་ལྷ་རལ་དྲུང་ནས་བྱམས་མའི་སྔགས་སྟོད་དང་འབུམ་ཆུང་ལུང་གི་བྱིན་རླབས་ཐོབ། དཔལ་ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མདུན་ནས་གུས་པས་དངོས་གཞི་རྒྱུགས་སྤྲད་པ་དང་ཁོང་གིས་ཉམས་ཁྲིད་མང་པོར་གསུངས་པ་མ་ཟད་རི་ཁྲོད་གོང་འོག་བར་གསུམ་ལ་གསུམ་གསུམ་དུ་ཐུན་སྒོམ་ལ་བརྩོན་དགོས་ཞལ་སྟོན་འབྲེལ་དཔལ་ཤར་རྫ་བའི་དབང་གཞི་ལ་བྱིན་རླབས་ལེན་ཚུལ་སོགས་རྟེན་འབྲེལ་འགྲིག སྐབས་དེར་རྒྱལ་ཚབ་ཨ་འཇིག་རིན་པོ་ཆེའི་དྲུང་ནས་ཤར་རྫའི་བླ་སྒྲུབ་དབང་དང་བོན་རྫོགས་སྤྲུལ་གསུམ་སྨོན་ལམ་གྱི་ཁྲིད་དང་ཀུན་བཟང་སྙིང་ཏིག་གི་ཁྲིད་ལུང་ཐོབ། མཁན་པོ་རིག་འཛིན་དབང་རྒྱལ་མདུན་ནས་རྫོགས་ཆེན་དངོས་གཞི་ཡང་ཏིག་ཁྲིད་ཐོབ། ༢༠༡༡་ལོར་རང་དགོན་དབུ་མཛད་ཆེན་མའི་འགན་ཁུར་བ་དང་ལོ་དེར་རྫོང་སྲིད་གྲོས་ཨུ་ཡོན་བསྐོས་བཞག་བྱས། ༢༠༡༠་ལོར་ལུང་དཀར་སྒྲུབ་གྲྭ་གསར་འཛུགས་སྐབས་གུས་པ་སྒྲུབ་གྲྭར་ཞུགས་ཏེ་རྩ་བླ་སྦྱིན་པ་བསྟན་འཛིན་གྱི་བཀའ་དྲིན་ཟབ་མོའི་ཉེར་ལེན་ལས་སྒྲུབ་གྲྭའི་སྦྱང་བྱ་ཁག་མཐར་ཕྱིན་ཏེ།་་་༢༠༡༣་ལོ་སྒྲུབ་ཐོན་གཤེན་གྱི་རྣལ་འབྱོར་ཆེན་མོ་ཁྲི་བཞེངས་བྱས། ༢༠༡༣་ལོ་སྐྱབས་རྗེ་ཚུལ་ཁྲིམས་འབྱུང་གནས་ཀྱི་ཞལ་བཀོད་ལྟར་ལུང་དགོན་བཤད་སྒྲུབ་སྒོམ་གསུམ་བསྐྱར་འཛུགས་བྱས་ཏེ་ཁོང་ཉིད་ནས་སྒོམ་གྲྭའི་དགེ་རྒན་ཆེན་མོའི་ཐུགས་འགན་ཁུར་ནས་སྒོམ་གྲྭའི་སློབ་མ་རྣམས་ལ་ཉིན་རེའི་ཁྲིད་ཀ་ཁྲིད་ཅིང་སྒོམ་གྲྭ་བ་དང་མཉམ་དུ་ཉི་སྣང་དང་མཚན་སྣང་སྦྱོང་བ་སོགས་ཐུན་བཞི་བསྐྱངས་ནས་བསྡད། ༢༠༡༥་ལོར་བོད་ལྗོངས་ནང་བསྟན་སློབ་གྲྭ་སྐབས་པའི་ཡོན་གནས་སློབ་གྲྭར་ཅིག་རིང་ཕྱིན་ཞིང་བན་བོན་རིས་མེད་ཀྱི་ངང་ནས་བོན་པོའི་བླ་མ་ཀུན་གསལ་སྙིང་པོའི་མདུན་ནས་ལམ་རིམ་སུམ་བརྒྱ་བ་དང་རྙིང་བླ་མ་ཚེ་དབང་དོན་འགྲུབ་མདུན་ནས་སྙིང་ཐིག་སྔོན་འགྲོའི་ཁྲིག་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་བཀའ་རྒྱུད་བླ་མ་ཆུང་བདག་གི་མདུན་དུ་དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེ་ཡི་རྒྱན་ས་སྐྱ་བླ་མ་བློ་གྲོས་ཡོན་ཏན་མདུན་ནས་ཐུབ་པའི་དགོངས་པ་རབ་དུ་གསལ་བ་དགེ་ལུགས་བའི་བཀྲ་ཤིས་རྒྱལ་མཚན་དྲུང་ནས་བློ་བཟང་གྲགས་པའི་བྱང་ཆུབ་ལམ་རིམ་དང་ཚད་མ་རྣམ་འགྲེལ་དགེ་ལུགས་བའི་དགེ་བཤེས་བསམ་གཏན་ཆོས་བཟང་གི་མདུན་ན་སློབ་དཔོན་སེང་གེ་བཟང་པོའི་ཕར་ཕྱིན་འགྲེལ་པ་དོན་གསལ་སོགས་སྦྱངས། ༢༠༡༧་ལོར་དཔལ་ཤར་རྫའི་རི་ཁྲོད་རྒྱལ་ཚབ་འཇིག་མེད་དབང་ཕྱུག་རིན་པོ་ཆེ་དྲུང་ནས་ཕྱི་རྒྱུད་བཀའ་གསར་རྙིང་གི་དབང་ཉི་ཤུ་ལྷག་ཙམ་དང་ནང་རྒྱུད་གེ་ཁོད་དང་དབལ་གསས་སོགས་ཀྱི་དབང་མང་པོ་ཐོབ་པོ་སོགས་མདོར་བསྡུས་ཙམ་ད་དུང་ཆ་ཚང་བྲིས་མེད། ད་ལན་དགོན་པ་དོ་དོམ་ཨུ་ཡོན་ལྷན་ཁང་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་ཚོགས་གཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་གི་སྒོམ་གྲྭའི་མཁན་པོའི་ཁྲི་ལ་མངའ་རུ་གསོལ།

4.JPG

དགེ་བཤེས་བློ་གྲོས་བརྟན་པ་མཆོག་གི་མཚམས་སྦྱོར་རགས་བསྡུས།

   སྤྱི་ལོ་༡༩༧༡་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕག་ལོར་སྐྱེས་ཤིང་མིང་ལ་ཁྱི་ཐར་རྒྱལ་པོ་བཏགས། ལོ་ངོ་བདུན་ནས་ཕ་ཡི་མདུན་ནས་ཀ་ཁ་བསླབས་པ་དང་དེ་ནས་དབུ་བརྩམས་ཏེ་འབྲི་ཀློག་སྦྱང་བ་དང་སྤ་སྟོན་གཏེར་གསས་ཚེ་དབང་ཐོག་མེད་ནས་མིང་ལ་རྣམ་རྒྱལ་སྲི་ཐར་གནང་། ༡༩༨༡་ནས་༡༩༨༤་ལོ་བར་སུམ་སྣ་ཤང་དམངས་བཙུགས་སློབ་གྲཱར་ཕྱིན་པ་དང་སྤྱི་ལོ་༡༩༨༤་ལོར་ལུང་དཀར་དགོན་ཤུལ་དུ་ཉམས་གསོའི་སྐར་འཛིན་མཛད་པར་མཉམ་དུ་ཞུགས། ༡༩༨༦་ལོར་ཁྲི་འཛིན་ཉི་མ་བློ་གྲོས་རིན་པོ་ཆེའི་མདུན་ནས་རྩ་བཞིའི་སྡོམ་པ་ནོད་པ་དང་ཨ་ཁྲིད་སྔོན་འགྲོ་ཞུས་ཏེ་བསགས་སྦྱང་ཆད་ལྷག་མེད་པར་བྱས་ཤིང་མིང་ལ་བློ་གྲོས་བརྟན་པ་གནང་། ༡༩༨༦་བོད་མེ་ཡོས་བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ཁྲི་འཛིན་མཁན་པོ་ཉི་མ་བློ་གྲོས་དང་ལུང་དཀར་སློབ་དཔོན་ཆེན་མོ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ་རྣམས་གཉིས་ཀྱིས་མཚན་ཉིད་བཤད་ཁྲིད་ཀྱིས་སྐར་འཛིན་མཛད་པར་མཚན་ཉིད་དཔེ་ཆ་བའི་ཁོངས་སུ་ཞུགས་ནས་མཐར་སྤྱི་ལོ་༡༩༩༤་བོད་ཤིང་ཁྱི་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ལ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། དེའི་སྐབས་ཟུར་དུ་དབུ་མཛད་གོང་མ་བློ་གྲོས་དབང་ལྡན་མདུན་ནས་བྲུ་ལུགས་ཀྱི་ཆོ་ག་ཕྱག་ལེན་བསྐང་གྱེར། དུས་ཆེན་གྱེར།  ཁྲོ་ཕུར་གྱེར་ཆེན། བཀའ་སྐྱོང་གདངས་གྱེར་བཅས་ལ་སྦྱངས་པ་དང་དགོན་གཞུང་དང་མཚན་ཉིད་པའི་དབུ་མཛད་བྱས། སྤྱི་ལོ་༡༩༩༢་ལོར་ཡོངས་འཛིན་སྨྲ་བའི་དབང་པོའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་པས་མིང་ལ་ཁྲི་གཙུགས་སྨོན་ལམ་གནང་།  སྤྱི་ལོ་༡༩༩༣་ལོར་རང་དགོན་ཕུར་སྒྲུབ་ཆེན་མོ་ཐེངས་དང་པོ་འཚོགས་པའི་སྐབས་མཁས་དབང་གསལ་འཕེན་གཡུང་དྲུང་ཚུལ་ཁྲིམས་དྲུང་ནས་སྒྲུབ་པ་ཆེན་མོའི་འཕྲིན་ལས་བྱ་བཞག་ཆ་ཚང་ཞལ་ཁྲིད་ཞུས་ནས་ཚོགས་ཆེན་དབུ་མཛད་ཀྱི་མཚན་སྙན་གནང་། སྤྱི་ལོ་༡༩༩༥་ལོར་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས་པས་མིང་ལ་དྲང་སྲོང་གཡུང་དྲུང་བློ་གྲོས་བརྟན་པ་གནང་།   ཡང་སྐབས་དེར་རྩ་བླ་ཉི་མ་བློ་གྲོས་རིན་པོ་ཆེའི་མདུན་ནས་རྩ་རླུང་མཁའ་འགྲོ་གསང་མཛོད་གདམ་པ་ཞུས་ནས་རྩ་རླུང་སྦྱངས་བ་དང་མཁས་དབང་གསལ་འཕེན་གཡུང་དྲུང་ཚུལ་ཁྲིམས་དྲུང་ནས་སྐུ་གདུང་ཐིག་རྩ་དང་གཟུངས་རྫོང་རྒྱས་པའི་ལག་ལེན་ཆ་ཚང་ཟབ་ཁྲིད་ཞུས། དགེ་རྒན་བསྟན་འཛིན་ལྷུན་གྲུབ་མདུན་ནས་ཕྱི་ནང་གསང་བའི་དཀྱིལ་འཁོར་ལག་ལེན་དང་མཁའ་ཀློང་སོགས་ནམ་རྒྱང་འགྲོས་སོགས་ལ་སྦྱང་པ་བྱས།  སྤྱི་ལོ་༢༠༠༣ནས་༢༠༠༥་བར་ལས་ཞོར་དུ་དུང་དཀར་སྐད་ཡིག་སློབ་གྲཱ་ནས་དབྱིན་ཡིག་སློབ་སྦྱོང་བྱས། སྤྱི་ལོ་༡༩༨༦་ནས་སྤྱི་ལོ་༢༠༡༨་བར་ལོ་ངོ་སོ་གཉིས་རིང་དགོན་པའི་འགན་ཁུར་བ་དང་།  ལྷག་པར་དུ་སྤྱི་ལོ་༢༠༠༥་ལོ་ནས་འདི་ལོའི་སྤྱི་ཟླ་བདུན་པའི་བར་དགོན་པ་བདག་གཉེར་ཨུ་ལྷན་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའི་འགན་ཁུར་བ་དང་དགོན་པ་ཉམས་གསོ་ཚོགས་ཆུང་གི་གཙོ་བོའི་འགན་ཁུར། སྤྱི་ལོ་༢༠༠༣་ལོར་ཉི་མ་བློ་གྲོས་རིན་པོ་ཆེའི་མདུན་ནས་ཨ་ཁྲིད་དངོས་གཞིའི་གདམ་པ་ཆ་ཚང་དང་དགོན་པའི་ལོ་རྒྱུས་ཀྱི་དེབ་ཐེར་བཟོས། སྤྱི་ལོ༢༠༠༢་ནས་ད་བར་སྦྲ་ཆེན་རྫོང་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་དགོན་པའི་བཤད་གྲཱའི་དགེ་རྒན་བཅས་བྱས།  ད་ལན་དགོན་པ་དོ་དམ་ཨུ་ལྷན་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་འཚོགས་ཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་གི་གྲྭ་ཚང་མཁན་པོའི་ཁྲི་ལ་མངའ་གསོལ།

5.JPG

དགེ་བཤེས་རྣམ་དག་ཚུལ་ཁྲིམས་མཆོག་གི་མཚམས་སྦྱོར་མདོར་བསྡུས།

   སྦྲ་ཆེན་བྱ་མང་ཤང་འབྲོག་སྡེ་དཀྱུས་མ་འགྲུ་ཞིག་ཚང་དུ་བཙས་ཤིང་རག་འགྲུབ་ཞེས་མིང་དུ་བཏགས། དེ་ནས་༡༩༨༧་ལར་མེ་ཏོག་གོང་ནས་ཕོག་པའི་ལྷ་སྐལ་་དཔལ་གཤེན་བསྟན་རིན་ཆེན་གླིང་གི་ཁྲི་འཛིན་རིན་པོ་ཆེ་༧དབུ་སྟོན་ཉི་མ་བློ་གྲོས་མཆོག་གི་དྲུང་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱང་དང་དངོས་གཞི་ཆ་ཚང་ཞུས་ནས་རང་རྒྱུད་བོན་ལ་འདྲེས་པར་བྱས།     དེ་ནས་གོང་དེའི་དྲུང་ནས་གཙང་གཙུག་གི་སྡོམ་པ་མནོས་ནས་ལུང་དཀར་དགོན་པའི་ཚོགས་གྲལ་ཞུགས།  ལོ་དེར་མཆོད་དཔོན་གྱི་ལས་གནས་ཁུར།  དེ་ནས་རང་དང་མཆེད་གྲོགས་གསུམ་བཅས་ཀོང་པོ་བོན་རིར་རྐྱང་ཕྱག་དང་སྐོར་བ་ཟླ་བ་གསུམ་རིང་གང་ཐོབ་བསྐོར་ཞིང་དབུས་རི་བར་སྐོར་ནས་རིམ་པས་གྲྭ་ས་གོང་འོག་བར་གསུམ་ནས་ཁུར་པོ་ཁུར་ནས་སྟོད་མངའ་རིས་ཕྱོགས་གངས་རིན་པོ་ཆེར་ཕྱག་སྐོར་གང་ཐུབ་བསྒྲུབས།  ཁྱུང་ལུང་དངུལ་མཁར་བསྟན་འཛིན་དབང་གྲགས་ཀྱི་མདུན་ནས་ཚེ་དབང་བྱ་རི་མའི་དབང་ལུང་ཞུས་ནས་མར་ཕ་ཡུལ་ལོག་སྟོན་ཁར་དཔོན་སློབ་དྲང་སྲོང་གཡུང་དྲུང་རིན་པོ་ཆེས་རང་དགོན་ལ་ཧོར་ཁྱུང་གཉིས་གཙོས་པའི་དགོན་ཁག་མང་པོའི་བླ་གྲྭ་བརྒྱ་ལ་ཉེ་བ་འཆད་རྩོད་རྩོམ་པའི་འཁོར་ལོ་སྐོར་བཞིན་ཡོད་པའི་སྐབས་དང་བསྟུན་ནས་བཤད་གྲྭའི་ནང་ལ་ཞུགས་ནས་བློ་རྟགས་བསྡུས་གསུམ་སྦྱོང་ཁུལ་བྱས། དེ་ནས་ས་གསུམ་འགྲན་ཟླ་བྲལ་བའི་སྐྱབས་རྗེ་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསེར་ཞལ་ཐོག་མར་མཇལ་ནས་གཙང་གཙུག་གི་སྡོམ་པ་དང་མ་རྒྱུད་དབང་བཞི་ཆ་ཚང་ཐོབ།    མཁན་པོ་བཀྲ་ཤིས་མདུན་ནས་ཡེ་ཤེས་ཐིག་ལེའི་མཆན་འགྲེལ་སོགས་མདོ་སྔགས་ཀྱི་གཞུང་འགའ་ཁྲིད་ལུང་ཞུས།   དེ་ནས་བོན་འབངས་ཡོངས་ཀྱི་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་དཔལ་བཟང་པོ་མཆོག་གི་གསེར་ཞལ་མཇལ་བའི་སྐལ་པ་ཐོབ།   དམ་པ་ཁོང་ནས་ཤེས་རབ་སྨྲ་སེང་དབང་དང་ཚེ་དབང་བྱ་རི་མ་དང་ཚེ་དབང་བོད་ཡུལ་མའི་དབང་སོགས་ཐོབ།    དེ་ནས་ལུང་དཀར་སློབ་དཔོན་རིན་པོ་ཆེ་སྙུང་གཞིས་རྐྱེན་པས་རང་ཅག་བསོད་རེའི་ནེམ་ཐིག་བསྐམས་ནས་གདམ་ཁྲིད་ཟབ་མོ་ཆུ་རྒྱུན་ཆད།   དེ་ནས་ལུང་དཀར་དགོན་གྱི་སྒྲུབ་མཁན་རིན་པོ་ཆེ་གཤེན་བསྟན་ལྷུན་གྲུབ་གྱི་མདུན་ནས་བློ་རྟགས་བསྡུས་གསུམ་དང་ཕར་ཕྱིན་དབུ་མ་མཛོད་འདུལ་དྲང་ངེས་གཉིས་སོགས་རྩོད་སྦྱང་བྱས།  དཔལ་སྦྲ་ཆེན་རྟོགས་ལྡན་རྣམ་གསུམ་ཡ་གྱར་རག་ཤི་རྟོགས་ལྡན་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་དང་དངོས་གཞི་ཟབ་གདམ་མང་པོར་ཞུས་དོན་ལྟར་བསགས་སྦྱང་ཚད་ལྡན་བྱས།  དེ་ནས་ཁྱུང་པོ་རི་བོ་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་དུ་ལུང་དགོན་གྱི་དཔོན་སློབ་ཁྲི་རབས་ལྔ་པ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་དང་ལྷན་དུ་བཤད་གྲྭར་ཞུགས་ནས།  དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེའི་མདུན་ནས་བློ་བསྡུས་རྟགས་གསུམ་དང་དབུ་ཕར་མཛོད་འདུལ་གསང་སྔགས་བཀའ་འགྲེལ་སྡེ་སྣོད་མཛོད་གསང་སྔགས་བསྐྱེད་རྫོགས་སྟོན་པའི་ཐེག་འགྲེལ་རྫོགས་ཆེན་གལ་མདོ་སོགས་རྫོགས་ཆེན་གྱི་བོན་སྡེ་མང་པོ་ཞུས།   མཁན་པོ་བསོད་ནམ་འགྱུར་མེད་མདུན་ནས་ཡེ་ཁྲི་མཐའ་སེལ་སོགས་རྫོགས་ཆེན་གྱི་བོན་སྡེ་འགའ་ཁྲིད་ལུང་ཞུས། ཀོ་དགོན་སློབ་དཔོན་རིན་པོ་ཡོན་ཏན་ཕུན་ཚོགས་དང་སྟེང་དགོན་སྒྲུབ་མཁན་འཕགས་མཆོག་སེམས་དཔའ་སྨན་རིའི་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་དགེ་ལེགས་རྒྱ་མཚོའི་མདུན་དྲུང་ཐེག་འགྲེལ་རྗེ་ཡི་ཚད་མ་སོགས་ཟབ་གདམས་མང་པོ་ཞུས་བ་ཡིན།  ༢༠༠༤་ལོར་དགེ་བཤེས་མཚན་རྟགས་ཀྱི་སྐལ་པ་ཐོབ།   ཡང་བསྐྱར་རྩེ་དགོན་གྱི་སྒྲུབ་མཁན་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེའི་མདུན་ནས་དཔལ་ཀུན་མཁྱེན་ཤར་རྫ་བའི་སྐུ་གསུམ་རང་ཤར་ཀྱི་རྩ་རླུང་དང་འཁོར་འདས་རུ་ཤན་དང་གསུང་འབུམ་ཆ་ཚང་ཁྲིད་ལུང་ཞུས།  ༢༠༡༠་ལོར་ཟླ་བ་༩ ་པར་རྩ་བླ་ལུང་དཀར་ཁྲི་འཛིན་རིན་པོ་ཆེ་དང་བཀའ་དྲིན་སུམ་ལྡན་རྩེ་དགོན་སློབ་དཔོན་རིན་པོ་ཆེ་དང་བཀའ་དགོངས་ལྟར་ཁྱུང་པོ་བྱ་འཕུར་བླ་མ་འམ་མཚན་ཡོངས་གྲགས་གྲུབ་ཆེན་བཟོད་པ་རིན་པོ་ཆེའི་གདན་སར་གཡུང་དྲུང་དཔལ་རི་དགོན་པར་བཤད་སྒྲུབ་དགེ་རྒན་བསྐོས་བཞག་བྱས་པར་བརྒྱུད་དགོན་དེས་བཤད་སྒྲུབ་གྱི་དགེ་རྒན་གོ་ས་དགག་ནས་བསྡད་ཡོད་།    ༢༠༡༧་ལོར་ཞེ་གཡུང་དྲུང་དཔལ་རི་གྲུབ་ཆེན་བཟོད་པ་རྒྱལ་མཚན་རིན་པོ་གོང་དེའི་གདན་ས་རུ་དཔོན་སློབ་ཁྲི་རུ་མངའ་གསོལ་ཏེ་བཤད་སྒྲུབ་གཉིས་ཀའི་སྣོད་ལྡན་སློབ་མ་མང་པོར་སློབ་ཁྲིད་ཆ་ཚང་ཉིན་རེར་ཆག་མེད་བསྩལ།   ད་ལན་དགོན་པ་དོ་དམ་ཨུ་ལྷན་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་འཚོགས་ཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་གི་བཤད་སྒྲུབ་མཁན་པོའི་ཁྲི་ལ་མངའ་གསོལ།

1536909032353118.jpg
འཁོར་ལྡན་མཚམས་པ་སྨོན་ལམ་མཐར་ཕྱིན་མཆོག་གི་མཚམས་སྦྱོར་རགས་བསྡུས།

   ༡༩༦༦་མེ་རྟ་ལོར་ཡབ་འཁོར་ལྡན་ཚེ་རིང་ལྷ་སྲུང་དང་ཡུམ་བ་བཟའ་སྲུང་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ནས་ལོ་ངོ་བཅུ་གཅིག་མ་ཟིན་བར་བྱིས་པའི་རོལ་རྩེད་དང་ཕྱུགས་ལུག་བཙའ་རྫི་སོགས་འབྲོག་པའི་མི་བུ་རྣམས་ཀྱི་རང་བཞིན་དུ་གནས། དགུང་ལོ་བཅུ་གཅིག་ནས་འགོ་བཟུང་སྟེ་དགེ་རྒན་སུམ་སྣ་དམངས་བཙུགས་སློབ་གྲྭའི་དགེ་རྒན་གད་སྐྱག་ཨ་མཆོག་གི་དྲུང་ནས་ཤེས་རིག་གཞི་མ་ཡི་གེ་ཀློག་འདོན་བསླབས་པ་དང་དེ་ནས་རིམ་བཞིན་དུ་དམངས་བཙུགས་དགེ་རྒན་རྣམས་ཀྱི་དྲུང་ནས་འབྲུ་དེད་དང་སྡོམ་དེད་བཅས་བསླབས། དགུང་ལོ་བཅོ་ལྔ་ནས་བཅུ་བདུན་བར་བླ་མ་ཉི་མ་བློ་གྲོས་དང་བླ་མ་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་ཀྱི་དྲུང་ནས་ཀློག་འདོན་བསྐྱར་སྦྱོང་སྦྱངས། དགུང་ལོ་བཅུ་བདུན་ཐོག་བླ་མ་ཚུལ་ཁྲིམས་རྒྱལ་མཚན་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་ཚུལ་མཚན་སྨོན་ལམ་མཐར་ཕྱིན་དུ་བཏགས། དགུང་ལོ་བཅོ་བརྒྱད་ཐོག་ལུང་དཀར་དགོན་དུ་ལྕག་མོ་མཚམས་པ་ཚུལ་ཁྲིམས་བསྟན་དབང་གི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་དེ་མཚམས་པའི་ཞབས་ཕྱི་མཛད་པ་དང་། དགུང་ལོ་བཅུ་དགུའི་ཐོག་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་ཆེམས་བཞིན་བླ་མ་ཉི་མ་བློ་གྲོས་མདུན་ནས་དངོས་གཞིའི་ཁྲིད་གདམས་ཞུས་ནས་དངོས་གཞིའི་བདར་ཤ་ལེགས་པོར་བཅད། དེ་ནས་དགུང་ལོ་ཉི་ཤུའི་ཐོག་ཀང་པོ་བོན་རིར་རྐྱང་ཕྱག་དང་སྐོར་བརྒྱ་ཕུལ། དེ་ནས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་ལྷན་དུ་ཀང་པོ་ནས་སྟོད་གངས་རིར་གོམ་བགྲོད་བྱས་པ་དང་གངས་སྐོར་ཉི་ཤུ་རྩ་གསུམ་བརྒྱབས། དེ་སྐབས་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་གངས་སྐོར་ཕེབས་པ་མཇལ་ནས་སྔོན་འགྲོ་དང་དངོས་གཞིའི་གདམ་པ་བསྐྱར་དུ་ཞུས་པ་དང་། གྲྭ་ས་གོང་འོག་མཆོད་མཇལ་ཞུས་ཤིང་ཀླུ་ཕུག་དགོན་དུ་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་མཇལ་ནས་བྱང་ཆུབ་སེམས་སྡོམ་དང་སྔོན་འགྲོ་དངོས་གཞིའི་གདམ་པ་ཞུས། མཚན་ལ་གཞན་ཕན་བྱང་ཆུབ་ཏུ་གནང་། དགུང་ལོ་ཉེར་གཅིག་ཐོག་ནམ་མཁའ་རྒྱལ་མཚན་དང་ལྷན་དུ་རྩེ་དྲུག་སྒྲུབ་གྲྭར་ཟུར་ཞུགས་མཛད་མཁན་པོ་འབྲོག་པ་གཙུག་ཕུད་མདུན་ནས་ལོ་གསུམ་རིང་ཤར་རྫ་རིན་པོ་ཆེའི་བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་མཛོད་སོགས་ཁྲིད་ལུང་ཐོབ་པ་དང་སྐུ་གསུམ་རང་ཤར་གྱི་རྩ་རླུང་བཅུད་ལེན་མུན་མཚམས་སོགས་སྦྱོང་། དེ་ནས་མཚམས་པ་ཡེ་ཤེས་རྒྱལ་མཚན་མདུན་ནས་ཤར་རྫའི་མཛོད་དང་སྤྲུལ་སྐུ་བདེ་གླིང་གི་བཀའ་སོགས་ཁྲིད་ལུང་ཞུས་པ་དང་། རྩ་རླུང་མཁའ་འགྲོ་གསང་མཛོད་དང་མུན་མཚམས་ཀྱང་སྦྱོང་། ནག་རུ་མཁན་པོ་བསོད་ནམས་སྐལ་བཟང་མདུན་ནས་དབྱིངས་རིག་མཛོད་ལུང་ཞུས། དགུང་ལོ་ཉེར་ལྔའི་ཐོག་ཨ་ཀྲོང་རི་ཁྲོད་དུ་བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བའི་མདུན་ནས་བརྟེན་འགྱུར་སྐོར་ལུང་མང་པོ་ཞུས། དེ་ནས་རག་ཤི་རྟོགས་ལྡན་མདུན་ནས་ཡང་སྐྱར་སྔོན་འགྲོ་དངོས་གཞི་ཞུས་པ་དང་། ཁྲོ་བོ་ཉི་ཟེར་ཞགས་པའི་བྱང་ཁྲིད་དང་འཕོ་བ་འཇའ་གུར་མའི་ཁྲིད་ཞུས་པ་དང་། དེ་ནས་རང་དགོན་ལུང་དཀར་དགོན་དུ་མཚམས་བཞུགས་ནས་ཞོར་དུ་ལོ་དྲུག་རིང་སློབ་དཔོན་དྲང་སྲོང་གཡུང་དྲུང་མདུན་ནས་ཤར་རྫའི་མཛོད་སྐོར་དང་། སྤ་ཚང་དགོན་དུ་ཁ་འོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་མདུན་ནས་བཀའ་འགྱུར་གྱི་ལུང་དང་བྱང་ཁྲིད་ཞུས་པ་དང་བླ་མ་ཉི་མ་བློ་གྲོས་མདུན་ནས་བྱང་ཁྲིད་ཞུས་ནས་གཞན་དོན་འཕོ་བ་སྦྱངས། སྨན་རི་མཁན་ཆེན་སོ་གསུམ་པའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནས་རྫོགས་ཆེན་དངོས་གཞིའི་གདམས་པ་དང་སྲུང་མ་མ་བདུད་བཙན་གསུམ་གྱི་རྗེས་གནང་ཞུས། དགུང་ལོ་ཉེར་ལྔ་ནས་མུ་འཐུད་དེ་དགུང་ལོ་ཞེ་ལྔའི་བར་དུ་མཚམས་བཞུགས་ནས་ཡི་དམ་དབལ་གསས་དང་གེ་ཁོད། གདུགས་དཀར། ཚེ་སྒྲུབ་བྱ་རི་མ་དང་། ཁྱུང་དམར་སྒྲིབ་སྦྱོང་བཅས་ཀྱི་བསྙེན་སྒྲུབ་མཐར་ཐོན་མཛད། དེ་ནས་དགོན་པས་བཀོད་སྒྲིག་གནང་བ་བཞིན་ལྡོམ་བུ་ཕེབས་ནས་བལ་ཡུལ་ལི་མ་ཁྱུང་དམར་སྐུ་སྨད་གང་ཙམ་ཞིག་བཞེངས། ༢༠༡༣ལོར་དགོན་པས་སྒོམ་གྲྭའི་དགེ་རྒན་བསྐོས་ནས་༢༠༡༨བར་བར་དུ་སྒོམ་གྲྭ་རྣམས་ལ་དཔེ་ཁྲིད་མཛད། ཤར་རྫའི་རྒྱལ་ཚབ་འཇིག་མེད་དབང་ཕྱུག་སོགས་བླ་མ་སྐྱེ་ཆེན་མང་པོའི་མདུན་ནས་རྫོགས་ཆེན་གྱི་དབང་བཞི་དང་ཡི་དམ་གསས་མཁར་མཆོག་ལྔ་སོགས་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་མང་པོ་ཞུས། ད་ལན་དགོན་པ་དོ་དོམ་ཨུ་ཡོན་ལྷན་ཁང་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་ཚོགས་གཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་གི་སྒྲུབ་གྲའི་མཁན་པོའི་ཁྲི་ལ་མངའ་རུ་གསོལ།

1536908880236502.jpg

 ངུར་འབྲོང་མཚམས་པ་ཤེས་རབ་མཐར་ཕྱིན་མཆོག་གི་མཚམས་སྦྱོར་རགས་རིམ།

   དེས་ན་ངེས་པ་དོན་གྱི་རྫོགས་ཆེན་རྣམ་འབྱོར་ཆེན་མོ་༧ངུར་འབྲོང་མཚམས་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་༡༩༧༡་ལྕགས་ཕག་ལོར་ཁམས་སྟོད་ཧོར་གྱི་རྒྱལ་ཁམས་ཡེ་སྟོད་ས་ཡི་ཐིག་ལེ་མམ་གཞུང་སེ་དམར་ཁ་རུ་ངུར་འབྲང་ཚང་ཕ་ངུར་འབྲོང་ཚེ་བརྟན་དང་མ་འོབ་བཟའ་ཕྱུག་པར་གཉིས་ལ་མཚན་ལྡན་ཁྱེའུ་བཙས་ནས་ཕ་མ་གཉིས་ཀྱིས་བུ་སྡིས་ཞེས་གཅེས་མྱིང་དུ་བཏགས།  དྲིན་ཕ་མའི་སྙོར་སྐྱོང་བཟང་པོའི་ཁོ་ལག་རིམ་གྱིས་རྫོགས་ཏེ་རྡེའུ་ནོར་དུ་བསྒྲིགས་ཤིང་དབྱུག་པ་རྟ་རུ་སྒོམ་པའི་བྱིས་པའི་རོལ་རྩེད་ངང་ནས་ནར་སོང་།   དགུང་ལོ་༡༡-སྤྱི་ལོ་༡༩༨༡་ཐོག་མམ་མཐའ་ཤང་གཞུང་བཙུགས་སློབ་གྲྭ་རྫ་རིང་དུ་དབྱར་ཚེ་ཅིག་རིང་སློབ་ཆུང་འགྲིམས་ནས་འཕྲུལ་ཡིག་བཞི་བཅུར་ཀ་ཁའི་གོ་རིམ་ཤེས་ཙམ་བསླབས།  འབྲོག་པའི་ལྷས་འདབ་ནས་ན་འཕར་ཏེ་གཡང་གི་ར་བ་སྒོ་བཞི་འཚོ་སྐྱོང་བྱས་པའི་གོམ་ཁ་དང་པོར་ཆུ་སྒང་གང་རྒྱུད་ན་དམར་མེ་ཏོག་གླིང་དུ་དུད་འགྲོ་ཕྱུགས་ཀྱི་འཕེལ་ཁ་བསྐྱངས་བཞིན་སྒྲུང་ཡིག་ཉིན་ལྟར་བཀླགས་ནས་རང་སྦྱོང་རྐྱང་པས་ཡི་གེ་ཀློག་ཐུབ་སྦྱངས་ཤིང་དཀར་ནག་ཕྱུགས་ཀྱི་རྨིག་རྗེས་བསྙེགས་པའི་བགྲང་བྱ་མང་པོར་འབྲོག་ཕྲུག་ཡང་རྩེའི་རྐང་རྗེས་རི་ལ་བྲིས། 

གཉིས་རང་དོན་ཐོས་བསམ་སྒོམ་སྒྲུབ་མཛད་པའི་ལེའུ།

   སྐབས་ཞིག་ལ་སྔོན་གྱི་ལས་འཕྲོ་སད་དེ་བློ་སྣ་དགེ་ལ་ཕྱོགས་པའི་འདུ་ཤེས་བཟང་པོ་ཁུ་བོ་དམ་པ་བསམ་དགའ་སོགས་འགའ་དང་མཉམ་དུ་གྲོ་ཐེབས་རྟ་ལ་བཀལ་ནས་རྐང་ཐང་དུ་དགུང་ལོ་༢༡-༡༩༩༣-ལོར་སྦྲ་ཆེན་རྟ་རྫ་འགག་རག་ཤི་རྣམ་ཚང་སར་ཕེབས་ནས་རག་ཤི་རྟོག་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེ་ཡི་མདུན་ནས་མི་རྟག་དགེ་བའི་བསྐུལ་མ་བློ་ལྡོག་རྣམ་བཞི་ལས་སོགས་བོན་སྤྱོད་ཀུན་གྱི་རྨང་གཞི་ཨ་ཁྲིད་སྔོན་འགྲོ་དང་རྒྱུ་ནོར་མི་རྟག་རྩ་མགོའི་ཟིལ་པ་འཁོར་བ་སྡུག་བསྔལ་རྒྱ་མཚོ་རུ་བསྒྲུབ་པའི་གདམས་ངག་མང་པོར་ཞུས་མཐར་སླར་ཕ་ཡུལ་ལོག་སྟེ་འབུམ་དགུའི་ཁས་ལེན་ཆད་ལྷག་མེད་པར་བསགས་སྦྱངས་ཚད་ལྡན་བསྒྲུབས།

   དགུང་གྲངས་༢༢-༡༩༩༤་ལོར་དོན་གྱི་རྟོགས་ལྡན་ཆེན་མོ་རག་ཤི་དྲི་མེད་གཡུང་དྲུང་ཞབས་དྲུང་བསྐྱར་ནས་འབུམ་དགུའི་ཁས་བླངས་བསགས་སྦྱང་མཐར་ཕྱིན་གྲུབ་པའི་སྙན་གསན་ཕུལ་ཞིང་སེམས་དོན་དངོས་གཞི་ཉམས་ལེན་འཕོ་ཁྲིད་དང་མཚན་བཅས་ཨ་ལ་གཏད་དེ་སེམས་བཟུང་བ་མཚན་མེད་སེམས་ཉིད་དམར་ཐག་ཆོད་པའི་གདམས་པ་ཟབ་མོར་ཞུས་བར་བརྟེན་རང་གིས་ཡང་དངོས་གཞི་ཁྲིད་རིམ་བུམ་པ་གང་བྱོའི་ཚུལ་དུ་སྦྱོང་པ་མི་དམན་པར་བརྩོན་ཡོད།   དེ་ནས་ལོ་གྲངས་དུ་མའི་རིང་རྐྱེན་ཁག་དུ་མས་བྱ་བོ་སྙམ་པའི་དགེ་བ་བླེས་ལ་བོར་ཞིང་གཞན་བསྐུལ་ངན་པས་དུད་ཁྱིམ་གཞན་སར་མག་པར་འགྲོ་སྟེ་ཁྱིམ་ཐབས་འཛིན་དགོས་པའི་ཡ་མ་ཟུང་གིས་དགེ་བར་ཕྱི་བཤོལ་མང་པོར་བྱུང་ཡང་མཐར་ཚེ་སྔོན་བསགས་པའི་བསོད་ནམས་དང་རྩ་བའི་བླ་མའི་ཐུགས་བསྐྱེད་སྨོན་ལམ་དང་རང་གིས་ཡང་སྐྱེས་ནས་ད་བར་མི་ལུས་ཆུད་ཟོས་མི་གཏོང་བར་དལ་འབྱོར་དོན་ཡོད་བསྒྲུབ་པའི་རེ་བ་ཆེན་པོའི་རྒྱུ་རྐྱེན་འཛོམས་པ་ལས་འཁོར་བ་སྤངས་ཤིང་ཚུལ་གོས་ལུས་ལ་གསོལ་བའི་བསྐལ་བཟང་ཤར།  དེ་ཡང་སངས་རྒྱས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན།   ཚུལ་ཁྲིམས་མེད་ན་བསྟན་པ་མེད། ཅེས་པའི་ལུང་དོན་ལྟར་ཟད་མེད་འཁོར་བའི་གྲོང་ལ་སྙིང་པོ་མེད་པར་འཇིག་རྟེན་སྒྱུ་མ་མིག་རིས་སུ་གཟིགས་ནས་ངེས་འབྱུང་གཤའ་མ་རྣམ་དཀར་དགེ་བའི་ས་བོན་བཟང་པོར་སད་དེ་ཞལ་ངོ་ཁྱིའུ་ཚེ་རིང་<ད་ལྟ་ཞལ་ངོ་མཚམས་པ་བསམ་གཏན་མཐར་ཕྱིན་ཡིན་>མཉམ་དུ་དགུང་ལོ་༢༧-༡༩༩༧་ལོར་བསླབ་གསུམ་རྣམ་པར་དག་པ་དྲང་སྲོང་ངུར་སྨྲིག་མདངས་འཛིན་རག་ཤི་རྟོགས་ལྡན་རིན་པོ་ཡི་མདུན་ནས་སངས་རྒྱས་བསྟན་པའི་རྩ་བ་སྤྱོད་པ་མས་ཡར་འཛེག་བྱེད་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཚུལ་བཞིན་མནོས་ཤིང་ཚུལ་མཚན་དུ་ཤེས་རབ་མཐར་ཕྱིན་ཞེས་གསོལ་བ་དང་ལྟ་བ་ཡས་མར་དབུབ་པ་རྫོགས་ཆེན་གནས་ལུགས་དམར་ཁྲིད་རྗེན་པར་གནང་བའི་བྱིན་རླབས་སེམས་ལ་ཞུས་ནས་ཕ་ཡུལ་དུ་ཕྱིར་ཕེབས་ནས་རང་དགོན་དུ་བཞུགས།  དགུང་གྲངས་༢༨-༡༩༩༨་ལོར་ཁྱུང་པོ་རི་རྩེ་དྲུག་དགོན་དུ་ཕེབས་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་སྙིང་གི་རྩ་བའི་བླ་མར་བསྟེན་ནས་མཁའ་འགྲོ་གསང་མཛོད་རྩ་རླུང་ཞག་བརྒྱ་དང་མུན་མཚམས་ཞེ་དགུ་འཁོར་འདས་རུ་ཤན་ཟླ་བ་གཅིག་སོགས་བརྩོན་འགྲུས་དྲག་པོས་སྦྱངས་འབྲས་འདྲ་འདྲའི་ནང་ནས་མ་འདྲ་བར་རྩ་རླུང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་མྱོང་བ་ཐོན་སྟངས་དང་མུན་མཚམས་འོད་གསལ་འཆར་སྒོ་ལས་སོགས་གཞན་དྲིང་མི་འཇོག་པར་ཉམས་ལེན་བོགས་སྐྱེད་ཐོན་པར་རྩ་བའི་བླ་མའི་ཞལ་མངའ་ནས་བསྔགས་བརྗོད་མཛེས་པོའི་མེ་ཏོག་ཡང་ཡང་བསྩལ།  ལོ་དེར་དབྱར་ཁར་སྟོད་ཀྱི་གངས་སྐོར་ཕེབས་ཤིང་སྐོར་བ་བཅུ་དགུ་བཞེངས་ཡོད།  དགུ་གྲངས་༢༩་༡༩༩༩་ལོར་སྟོན་ཁར་ཡང་བསྐྱར་ཞལ་ངོ་བསམ་གཏན་མཐར་ཕྱིན་མཉམ་དུ་རྩེ་དྲུག་དགོན་གནམ་མཐོང་ཟླ་བའི་ཡང་རྩེ་གྲུབ་ཆེན་ནམ་མཁའ་རིན་པོ་ཆེ་ཡི་མདུན་དུ་སྐུ་གསུམ་རང་ཤར་རྩ་རླུང་ཞག་བརྒྱ་དང་མུན་མཚམས་ཞེ་དགུ་བཞུགས་ཏེ་སྦྱོང་པ་སྔར་བཞིན་རྟགས་ཚད་ལྡན་པར་བསགས་ཞོར་ཉིན་རྟག་པར་ཉིན་གུང་ངལ་གསོའི་སྐབས་བཀའ་བརྒྱུད་སྐོར་བཞི་དབྱིངས་རིག་མཛོད་ནམ་མཁའ་མཛོད་སྐོར་ཁྲིད་ལུང་ཆ་ཚང་ཞུས་ཏེ་ལུང་དོན་བརྒྱུད་ལ་འབྱར་བར་བརྩོན།   དཔྱིད་ཀར་ཡང་བསྐྱར་མཆེད་གྲོགས་གོང་དེ་དང་མཉམ་དུ་ཁུར་བོ་ཁུར་ནས་ངེས་དོན་རྫོགས་ཆེན་རྣལ་འབྱོར་རག་ཤི་རྟོགས་ལྡན་རིན་པོ་ཆེ་ཡི་སྐུ་གམ་བསྐྱར་ནས་འཇའ་ལུས་འཕོ་ཆེན་གཤེགས་པའི་གདམས་པ་ཐོད་བརྒལ་གྱི་ཉམས་ལེན་དང་དབང་ལུང་མང་པོར་དམར་ཁྲིད་མཛུབ་ཚུགས་ཞུས་སྟེ་རིག་པ་གཅེར་རེར་མཐོང་བར་སྦྱང་རྒྱུའི་ཞེ་ཐག་ཐུགས་ལ་བཅད།   ལམ་བར་དུ་འདབ་རྒྱང་རི་ཁྲོད་ཕུར་ནག་དགོན་པ་ཨ་ཀྲོང་རི་ཁྲོད་བཅས་ལ་ཞབས་ཐང་དུ་གནས་མཇལ་ཕེབས་པར་དང་ཨ་ཀྲོང་རི་ཁྲོད་བླ་མ་ཚུལ་ཁྲིམས་དཔལ་ལྡན་མདུན་དུ་འབྲུག་རིན་པོ་ཆེའི་འོད་གསལ་ལྟ་བའི་གླུ་དབྱངས་ཁྲིད་ཀ་དག་པོར་ཞུས།   དགུང་གྲངས་༣༠-༢༠༠༠་ལོར་ཡང་བསྐྱར་མཆེད་གྲོགས་ཞལ་ངོ་བསམ་གཏན་མཐར་ཕྱིན་དང་མཉམ་དུ་ལོ་གཅིག་རིང་རྩ་བླ་ནམ་མཁའ་རིན་པོ་ཆེ་མདུན་དྲུང་དུ་སྐུ་གསུམ་རང་ཤར་རྩ་རླུང་ཞག་བརྒྱར་སྦྱངས་བ་དང་མུན་མཚམས་ཞེ་དགུ་བཞུགས་རིང་ཞར་དུ་སུ་ལའི་བཀའ་ཆ་ཚང་ཁྲིད་ལུང་ཞུས་པ་དང་དེ་མཚམས་སུ་༧རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མདུན་ནས་སྡེ་སྣོད་མཛོད་སྨད་ཆ་དང་གཙུག་ཕུད་རིན་པོ་ཆེའི་མདུན་ནས་བཀའ་ལུང་རྒྱ་མཚོ་དང་སྡེ་སྣོད་མཛོད་སྟོད་ཆ་ཐར་ལམ་སྡེ་དྲུག་དངོས་གཞིའི་ཡང་ཏིག་ཀུན་བཟང་སྙིང་ཏིག་སོགས་ཁྲིད་ལུང་མང་པོར་ཞུས་པ་དང་དགུན་སྟོད་མུན་ཚམས་ཞེ་དགུ་བཞུགས་པའི་རྗེས་ཤར་རྫའི་བཀའ་ཆ་ཚང་ཁྲིད་ལུང་ཞུས་ནས་ཡིད་དམ་དབལ་ཕུར་སོགས་གསང་སྔགས་དབང་བཞི་མང་པོར་ཞུས།    རྩེ་དྲུག་སྒོམ་གྲྭའི་མཁན་རྒན་ལོ་རུ་བསོད་ནམས་འགྱུར་མེད་མདུན་ནས་སྐུ་གསུམ་རང་ཤར་དང་སྡེ་སྣོད་མཛོད་དབང་བཞི་དག་པར་ཞུས།    དགུང་གྲངས་༣༢་-༢༠༠༢་ཆུ་རྟ་ལོར་ཀོང་པོ་བོན་རི་གནས་མགྲོན་ཡིན་པས་ལོ་སྟོད་དུ་གྲུབ་ཆེན་རིན་པོ་ཆེའི་མཉམ་དུ་ཀོང་པོར་བོན་རིར་ཕེབས་པ་དང་ཟླ་བ་དྲུག་རིང་ལ་བོན་རི་སྐོར་བརྒྱ་བཞེངས་པ་དང་རྐྱང་ཕྱག་ཅིག་འཚལ་ཞིང་བར་གསེང་དུ་ལྷ་འདུས་རིན་པོ་ཆེ་མདུན་དུ་སྐུ་གསུམ་རང་ཤར་དབང་བཞི་དང་བྱམས་མའི་དབང་བཞི་སོགས་དབང་ལུང་དུ་མར་ཞུས།  ཁོང་དང་ཆོས་གྲོགས་ཁྲི་སྡེ་གཉིས་མཉམ་པོར་ཆུ་རྟ་ལོ་སྨད་དུ་སྲིན་མོ་སྒྲུབ་ཕུག་ནང་རྩང་རླུང་ཞག་བརྒྱར་སྦྱངས་བ་བདེ་དྲོད་མེ་ལྟར་འབར་བའི་གྲུབ་པ་མཆོག་ཏུ་བརྙེས་པར་བྱས།     ལྷ་འདུས་རིན་པོ་ཆེ་དང་དཔོན་སློབ་སྐལ་བཟང་ཉི་མའི་མདུན་ནས་ཕུར་པའི་དབང་བཞི་ཆ་ཚང་ཞུས་ནས་དེ་མུར་ལོ་གཅིག་རིང་ཆོས་གྲོགས་སྦྱིན་པ་རྒྱལ་མཚན་མཉམ་དུ་སྡེ་འདུས་དང་སྐུ་གསུམ་རང་ཤར་བསྙེན་ཚད་གསག་རྒྱུའི་ཁས་སུ་བླངས་ནས་སྡེ་འདུས་བསྙེན་ཚད་སྒྲུབ་འབྲིང་ཅིག་བསགས་པའི་བར་གསེང་སྔ་ཕྱི་དུ་མར་ལྷ་འདུས་རིན་པོ་ཆེ་ཡི་མདུན་དྲུང་དུ་ཉམས་ཤར་སྟངས་རྨི་ལམ་བསྒྱུར་སྟངས་རྣམ་རྟོག་འཛིན་མེད་རང་ཞི་རང་གྲོལ་འགྲོ་ཚུལ་ལས་སོགས་ཉམས་མྱོང་དངོས་ཀྱི་རྟོགས་འབུལ་མང་པོར་ཕུལ་མཐར་རིན་པོ་ཆེ་མཆོག་ནས་ཀྱང་རྫོགས་པ་ཆེན་པོའི་ཉམས་ལེན་གདེང་ཚད་ལྡན་འདུག་ཅེས་གསུང་གི་བསྟོད་པ་མང་པོར་བརྩལ་ཡོད་ལ་མུ་ནས་ཚེ་གང་སྒོམ་སྒྲུབ་ཉམས་ལེན་དགོས་པའི་མན་ངག་གནད་དུ་ཐེབས་པར་གདམས་ངག་བདུད་བརྩི་ཟེགས་མ་སྙིང་དུ་བསྟིམས།      སྡེ་འདུས་སྒྲུབ་པར་བཞུགས་སྐབས་ཁོང་དང་མཆེད་གྲོགས་གཉིས་ཀྱིས་མཆོད་གཏོར་མཉམ་དུ་བཅའ་ཡང་བདུན་ཕྲག་ཅིག་གི་ཉིན་ཞག་སོང་ཙམ་ནས་ཁོང་གིས་བཅས་པའི་མཆོད་གཏོར་རྣམས་ལོག་ཀར་ཕྱེས་པ་བཞིན་གཡག་རོག་གི་རྩིད་པ་བཞིན་སྤུ་སྣ་རིང་བ་མཐོ་གང་བ་སྨུག་སབ་བེར་ཡོད་པའི་ཡ་མཚན་རྟགས་མང་པོར་བྱུང་བ་དང་གྲོགས་མཆེད་གོང་དེས་ཁྱོད་ཀྱིས་མཆོད་གཏོར་བཅའ་དུས་དམིགས་བསལ་གྱིས་བཅའ་ལུགས་ཟིག་ཡོད་ས་རེད་ཟེར་ནས་རྩེད་མཚར་ཡང་ལབ་ཡོད་ལ་དད་པའི་བ་སྤུ་གཟེངས་ཏེ་ཏིང་འཛིན་ལས་སུ་རུང་བའི་སྒྲུབ་རྟགས་ཡིན་པར་ཧང་སང་བར་ཡང་བསྙད།  ཉིན་ཞིག་བླ་མ་ཡེ་ཤེས་ཐབས་མཁས་ཕེབས་སྐབས་སྤྱན་ལམ་དུ་སྒྲུབ་གཏོར་མཐོང་སྟབས་མཆོད་གཏོར་ཟིལ་ཐིག་བབས་ཏེ་བསྙེན་ཚད་བསགས་པའི་འགྲུབ་རྟགས་རེད་ཅེས་གསུངས་ནས་ཐུགས་མཉེས་ཆེན་པོར་བྱུང་སོང་དེ་འདྲར་ལན་རེ་ཙམ་མ་ཡིན་པར་མང་དུ་བྱུང་བར་མཆེད་གྲོགས་དང་ཁོང་གཉིས་ཀྱིས་ཟིལ་ཐིག་བབས་པའི་སྤུ་ཉག་མཉམ་དུ་སྐུད་པ་སྒྲིམ་ནས་སྲུང་མདུད་མང་པོར་མདུད་ཡོད།   སྔར་གྱི་གཡར་དམ་བཅས་པའི་ལོ་གཅིག་གི་སྒྲུབ་ཞག་ཡོལ་དུས་དཀྱིལ་འཁོར་སེལ་སྐབས་ཡར་གཞིའི་རྟེན་གཏོར་ནང་སྙིང་ད་རུང་རློན་པར་བསྡད་ཅིང་ཚ་དྲོད་འབར་བཞིན་རླངས་པ་སྤོས་ངད་འཚུབ་སེ་བཞུགས་པར་ངོ་མཚར་ཆེན་པོར་རེད་ཅེས་མཆེད་གྲོགས་མང་པོས་མིག་མཐོང་བྱུང་བའི་གླེང་བ་གང་སར་ཁྱབ།   དེ་མུས་ནས་སྟག་ལུང་སྒྲུབ་ཕུག་ཏུ་ཕེབས་ཏེ་སྔར་བཞིན་ཐུན་བཞིའི་ཉམས་ལེན་དང་སེམས་ཉིད་དམར་ཐག་ཆོད་པར་རིག་པ་རྐྱང་འདེད་ཅིག་སྒྲིལ་ཉམས་སུ་བླངས་ནས་ཟླ་བ་དྲུག་རིང་བཞུགས།   དགུང་གྲངས་༣༤-༢༠༠༤་ལོར་སྟོན་ཁར་ཕ་ཡུལ་ཕེབས་ཏེ་ལུང་དཀར་དགོན་ལོ་བཞི་ཡི་རིང་དུ་གསང་སྔགས་ཡིད་དམ་གང་མང་བསྙེན་ཚད་བསྐྱལ་ནས་བསྒྲུབས་ཡོད་ལ་ཁྱད་པར་དུ་སྒྲིབ་སྦྱོང་དུ་ཏྲི་སུ་ཡི་སྒྲུབ་པར་ཞེ་དགུ་གཅིག་བཞུགས་ཤིང་སྒྲུབ་ཞག་ཚང་མཐར་གཏོར་ཐེབ་ནང་གི་སྒྲིབ་སྦྱོང་རིལ་བུ་སྤུངས་པ་གཏོར་ཐེབ་བར་སོར་ལྔ་ཙམ་དུ་དགུང་ལ་འཕགས་པའི་ཡ་མཚན་པའི་སྒྲུབ་རྟགས་ཐོན།  ཡང་ཅིག་ལ་ཚེ་དབང་བོད་ཡུལ་མའི་སྒྲུབ་པར་ཞག་བརྒྱ་གཉིས་སྒྲུབ་རིང་ཡར་གཞི་ནང་གི་འབུལ་གཏོར་ཐོག་ཏུ་མེ་ཏོག་དཀར་པོ་ངང་ཁྲ་ཐ་ར་སྐྱེས་ཤིང་ཡ་མཚན་ཅན་དུ་མེ་ཏོག་དཀར་པོ་ཤིང་སྡོང་འདྲ་བར་ལོ་འདབ་ཕྱི་ནང་ཕྱི་སྦག་ཅན་དུ་སོར་ཚད་གསུམ་ཙམ་ཡོད་པའི་རྟགས་མཚན་རྨད་དུ་ཆེ་བར་བྱུང་དེ་བཞིན་དཀར་མཚམས་དང་མུན་མཚམས་སོགས་ཉམས་ལེན་གནད་དུ་བསྣུན་ཞིང་ལྟ་སྤྱོད་སྒོམ་སྒྲུབ་ཐུན་བཞིའི་ཉམས་ལེན་འབྲལ་མེད་བརྩོན་བཞིན་བཞུགས།   དེའི་ཚེ་བླ་རྒན་ཉི་མ་བློ་གྲོས་མཆོག་གིས་བཀའ་མངགས་ལྟར་རང་དགོན་ལྷ་སྡེ་དད་ལྡན་དུ་མར་དངོས་གཞི་ངོ་སྤྲོད་བྱིན་རླབས་གནད་དུ་བླ་རྒན་རིན་པོ་མཆོག་ནས་བསྩལ་ཞིང་ཞིབ་ཕྲའི་སེམས་ཁྲིད་དང་སེམས་རྒྱུགས་ལེན་རྒྱུ་ཚང་མར་ཁོང་གིས་བསྒྲུབ་དགོས་པའི་བཀའ་བསྩལ་པ་དང་བཀའ་དགོངས་སྐྱོག་མ་ནུས་ནས་སེམས་ཁྲིད་གནང་སར་མི་སྣ་མང་པོར་བྱུང་ཡོད་ལ་སླད་མར་ཡང་སྔོན་འགྲོ་དངོས་གཞི་དང་དགེ་སྒྲུབ་སྡིག་སྤང་དགོས་པའི་ཁྲིད་ལུང་དད་ལྡན་མི་དམངས་བསྩལ་ན་ཕན་པ་ཆེན་པོར་ཐོག་ས་འདུག་ཅེས་བླ་རྒན་ཉི་མ་བློ་གྲོས་མཆོག་གིས་ཞལ་གསུངས་དྲོད་མོའི་བཀའ་ངག་སྤྱི་བོར་ཕབས།  

གསུམ་གཞན་དོན་དུ་འགྲོ་བར་སྨིན་གྲོལ་མཛད་པའི་ལེའུ།

   སྙིང་གི་རྩ་བའི་བླ་མར་ནམ་མཁའ་རིན་པོ་ཆེས་བཀའ་བསྩལ་པ་ལྟར་དགུང་གྲངས་༣༨-༢༠༠༨་ལོར་མཁར་དཔུང་དགོན་དུ་ཕེབས་ནས་བགྲང་བྱ་གསུམ་གྱི་རིང་རྩ་རླུང་དགུན་ཚེ་གསུམ་དུ་འཚོགས་པ་དང་ཞོར་དུ་ཡིས་ཐ་དང་སྒོང་རུ་ག་ཐ་ཁྲི་རྡོ་གསེར་རྩ་སོགས་མི་སྐྱ་ཕོ་མོ་ཁྲི་ཕྲག་དུ་མར་སྔོན་འགྲོ་དངོས་གཞི་བསྙེན་སྙུང་སོགས་བོན་སྦྱིན་ཟབ་མོར་སྨིན་གྲོལ་མཛད་པའི་གྲགས་པ་གང་སར་མཆེད། བར་གསེང་དུ་དགུང་གྲངས་༤༠-༢༠༡༠་ལོར་མཁའ་འགྲོ་འུག་གདོང་དང་གླང་ཆེན་འགྱིང་རི་སོགས་མདོ་སྨད་དུ་གནས་སྐོར་རྒྱས་པར་ཕེབས་ཞིང་རང་ས་ནས་ཉག་རོང་བྱ་སྟོན་སྒྲུབ་ཕུག་ཏུ་བླ་སྒྲུབ་དཔག་བསམ་ལོ་རྒྱས་སྒྲུབ་པར་བཞུགས་པ་དང་བྱ་སྟོད་རི་ཁྲོད་དུ་སུ་ལའི་དངོས་སློབ་༧ཨ་ཀ་སྤྲུལ་སྐུའི་མདུན་ནས་སུ་ལའི་གསུང་འབུམ་ཆ་ཚང་ལུང་ཞུས་ནས་གཞན་ས་ནས་རྫོགས་ཆེན་ལྟ་བ་ཉམས་མྱོང་དངོས་དང་སྦྱར་ནས་ཁྲིད་ཀར་མང་པོར་གནང་བར་བརྟེན་ལོ་རབས་དུ་མར་སྦྱངས་པ་ལས་ད་ལན་མན་ངག་འདི་ཡིས་ཕན་པ་ཆེ་བར་དེར་བཞུགས་སློབ་མ་ཨ་ནེ་མང་པོས་བཤད་བཞིན་མིག་ཆུ་ཉིལ་ལི་ལི་བབས།   ཉག་རོང་རྫོང་བྲག་དབེན་རི་ཁྲོད་ཤར་རྫའི་སྒྲུབ་ཕུགས་ནང་དུ་ཚེ་དབང་བོད་ཡུལ་མའི་བསྙེན་སྒྲུབ་ཞག་བརྒྱར་བསྒྲུབས་པ་དང་སྒྲུབ་བུམ་ནང་དུ་ལྗང་མྱུག་སྙི་མ་མང་པོར་བྱུང་ནས་ཁ་རྒྱན་སྣེ་མོར་བུམ་ནང་འཛུལ་ཙམ་ལས་མ་བསྡད་པར་གྱེན་དུ་ཕུད་ནས་སྔོ་ལྗང་འཚུབ་བེར་སྒྲུབ་རྟགས་རྨད་དུ་བྱུང་ཞིང་ས་གནས་དེ་སྐོར་རྒན་འཁོགས་མི་སྐྱ་ཕོ་མོ་སྔོན་འགྲོ་དངོས་གཞི་དགེ་སྡིག་བླང་དོར་ཁྲིད་ལུང་གནད་དུ་སྨིན་པར་བསྩལ།

   དགུང་གྲངས་༤༡-༢༠༡༡་ལོར་ནས་༢༠༡༤ ལོར་བར་བྲག་ལུང་ནང་དུ་ཐེངས་དང་པོར་ོསོས་ཀར་ཕེབས་ཤིང་རས་གུར་ཕུབ་ནས་བཞུགས་དེ་ནས་རིམ་བཞིན་རང་ངོས་ནས་སྒྲུབ་པ་ཉམས་ལེན་རང་རྒྱུད་བོན་དང་འདྲེས་པར་མཛད་ཡོད་ལ་གཞན་དོན་དུ་རྩ་རླུང་ཐེངས་བཞི་འཚོགས་པ་དང་ཨ་ནེ་སོགས་མི་སྐྱ་ཕོ་མོ་སྟོང་ཚོ་དུ་མར་བོན་སྦྱིན་ཚད་དུ་བརྒལ་བའི་སྨིན་གྲོལ་མཛད་ཡོད་ལ་ཁྱད་པར་དུ་བྲག་ལུང་རི་ཁྲོད་ཤེལ་བྲག་ཁོ་མ་གཡུང་དྲུང་གླིང་ཕྱག་བཏབ་མཛད་དེ་སྒོར་ཁྲི་ཉི་ཤུ་རྩ་གྲངས་ཀྱིས་རྡོ་འབུམ་འབུར་མ་བརྐོས་ནས་ཕྱག་རྟེན་སྐོར་རྟེན་དུ་རྗེས་བཞག་མཛད།

   དགུང་གྲངས་༤༤-༢༠༡༤་ལོར་ལུང་དཀར་བཤད་སྒྲུབ་སྒོམ་གསུམ་བསྐྱར་འཛུགས་སྐབས་དགོན་པ་ནས་སྒོམ་གྲྭའི་དགེ་རྒན་དུ་བསྐོས་བཞག་བྱས་ཏེ་ད་ལྟའི་བར་དགུང་གྲངས་༤༨-༢༠༡༨་ལོར་ད་ལྟའི་བར་གནས་མཆོག་སྤུ་རྒྱལ་གངས་དཀར་རྒྱབ་རི་ག་པ་ལྷ་རྩེའི་མདུན་ཞོལ་རྨ་རོང་ཡུལ་གཞུང་རི་མཚོ་གངས་དཀར་རྩི་ཤིང་མེ་ཏོག་ཉམས་དགའ་དབེན་གནས་སུ་བཞུགས་ཤིང་རང་ངོས་ནས་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ཐུན་བཞི་ཉམས་ལེན་དགེ་སྦྱོར་ཆད་མེད་ཆུ་བོའི་རྒྱུན་ལྟར་བརྩོན་ཞིང་གཞན་དོན་དུ་རྩ་རླུང་མུན་མཚམས་སྔོན་འགྲོ་དངོས་བཞི་དགེ་སྡིག་བླང་དོར་གདམས་ངག་ཟབ་མོའི་བོན་སྦྱིན་ཆེན་མོའི་ཁྲིད་ལུང་མན་ངག   རྒྱུད་མ་སྨིན་པར་སྨིན།  སྨིན་པ་གྲོལ།  གྲོལ་བ་མཐའ་རུ་ཕྱིན་ཞིང་ཕྱི་མའི་ལམ་སྟོན་ནུས་པའི་འགྲོ་དོན་ཆེན་པོར་མཛད་བཞིན་བཞུགས།   ལྷག་ཏུ་ཁྱིམ་ཚང་བདེ་སྐྱིད་འབྱུང་ཕྱིར་ཁྱོ་ཤུག་གཉིས་ཀར་སྡོམ་པ་གཅིག་ཐུབ་གནང་ནས་ཁྱིམ་ཚང་དགའ་ཞེན་དང་ནད་རིགས་སྔོན་འགོག་ཡོང་བར་ནད་ཐོག་སྨན་དང་དུས་ཐོག་ཆར་ལྟར་བཟའ་ཚོ་འཆམ་མཐུན་ཡོང་བར་ཕན་པ་ཤིན་ཏུ་ཆེ་བར་བསྐྲུན་ཡོད།

   དགུང་ལོ་༤༨-༢༠༡༨་དགོན་པ་དོ་དམ་ཨུ་ལྷན་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་འཚོགས་ཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་བཤད་སྒྲུབ་མཁན་པོའི་ཁྲི་ལ་མངའ་གསོལ།

བཞི་དགོན་སྡེར་བསྟན་རྩ་དང་ཉམ་ཆུང་དབུལ་ཕོངས་རོགས་བསྐྱོར་མཛད་པའི་ལེའུ།

   སྔ་རྟིང་བར་གསུམ་དུ་རིན་པོ་ཆེ་མཆོག་གི་ཕ་དགོན་དྲི་ནག་ཅན་རྩ་བའི་བླ་མའི་གདན་ས་ལུང་དཀར་དགོན་དུ་ཀྲུང་སྒོར་ཁྲི་སུམ་བཅུ་ལྷག་ཙམ་དངུལ་སྨར་ཕུལ་ཡོད་ལ་ཞང་ཞུང་བསྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་ཆ་ཚང་གསེར་བྲིས་ཁྲི་སུམ་བཅུས་བཞེངས་པ་དང་འཇའ་ལུས་ཕོ་ཆེན་ཉེར་དྲུག་དང་དགོངས་རྒྱུད་དགུ་ཡི་ཐང་ཆེན་ལེགས་བྲིས་ཁྱོན་ཞལ་ཐང་ཉེར་བདུན་ལ་ཐང་ཤམ་སྤུས་ལེགས་དངུལ་གྱི་སྒྲིལ་ཏོག་ཆ་ཚང་བསྡོམས་པོར་སྒོར་ཁྲི་སུམ་བཅུ་སོ་དྲུག་དངུལ་སྨར་ཏག་ཏག་འགྲོ་གྲོན་བཏང་བའི་ཐང་ཀ་མང་པོར་རྟེན་བཞག་ཕུལ་བ་ལས་སོགས་མདོར་ན་ཀྲུང་སྒོར་ཁྲི་ཚོ་བརྒྱ་ལྷག་རང་དགོན་རྟེན་བཞེངས་དང་བསྟན་རྩར་ཕུལ་ཡོད།  དེ་བཞིན་འབོ་ཇོ་དགོན་པར་དངུལ་སྨར་ཁྲི་བཅུ་དང་འཕེལ་འཁོར་ཅིག་བཅས་མཐུན་རྐྱེན་སྦྱར་ཡོད་ལ་མཁར་སྤུངས་དགོན་དུ་དངུལ་སྨར་ཁྲི་ལྔ་སྒྲུབ་གྲྭའི་བསྟན་རྩར་འཛུགས་ཡོད།     སྟོན་ཁར་བཤའ་ལ་ཉེ་བའི་ཟོག་ཚོང་ལག་ནས་དགུན་བཤས་ཁལ་གཡག་ཉེར་དྲུག་སྒོར་ཁྲི་བཅུ་སྤྲད་ནས་བྲག་ལུང་ནང་དུ་སྲོག་གི་འཇིགས་པ་སྐྱོབས།   དཀར་མཛེས་ཁུལ་དུ་སྒོར་ཁྲི་གསུམ་གྱིས་ཉ་རིགས་སྲོག་བསླུ་བྱས་པ་དང་ནག་ཆུ་ཁར་སྒོར་ཁྲི་གཉིས་ཀྱིས་ཉ་སྦལ་སྲོག་བསླུ་བཏང་བ་སོགས་སྒོར་མོ་འབུམ་ཕྲག་དུ་མའི་རང་གིས་སྒྲུབ་པ་གཞན་ལ་བསྐུལ་བའི་གནག་ལུག་དང་ཆུ་གནས་བྱ་བྱའི་ཁྲི་སྟོང་མང་པོར་མི་འཇིགས་སྲོག་གི་སྦྱིན་པ་མི་ཟད་རྒྱན་གྱིི་འཁོར་ལོ་བསྐོར།   ཐུགས་བརྒྱུད་མངའ་བའི་བྱམས་དང་བརྩེ་བ་དྭངས་མ་སྙིང་རྗེའི་རོགས་སྐྱོབས་འབུར་ཐོན་མཛད་པ་ཉམ་ཆུང་སྟོབས་ཞན་སྤང་སློང་འདྲ་མན་འཕྲལ་རྐྱེན་གྲོན་ཆེ་ནད་བཅོས་སྲོག་སྐྱོབས་རྒན་གསོ་ཁང་ལས་སོགས་རོགས་བསྐྱོར་བྱས་ཚད་མང་བར་དྲགས་ནས་མིང་ནས་རེ་རེ་བཞིན་འབྲི་བར་མ་ལྕོགས་པར་རོབ་བརྩིས་བསྡོམས་འབོར་བགྲང་ན་ཀྲུང་སྒོར་དངུལ་སྨར་ཁྲི་ཚོ་ཉིས་བརྒྱ་ལྷག་གིས་ཡར་གྱི་བླ་མ་དང་དགེ་བཤེས་ལ་རྟེན་བཞེངས་ཀྱི་འབུལ་བ་དང་མར་དུ་ངན་སློང་འཁོས་ཞན་དབང་ཆུང་ནད་སྤྲང་དབུལ་གསུམ་སྲོག་བསླུ་ཚེ་ཐར་རོགས་དངུལ་སྦྱིན་ཚད་བགྲང་དུ་མི་ཐེག་པར་ངོ་འགྲོ་ཤུགས་གསུམ་ཅི་ཡང་མི་དགོས་པར་མཐེབ་ལྷེ་གནམ་དུ་སློང་བའི་སྤྲང་པོ་ཅི་ཞིག་སླེབས་ཡང་ཕྱག་ན་སྒོར་མོ་ཡོད་ཚད་བསྩལ་བའི་སེར་སྣ་མེད་པར་སྙིང་སྟོབས་ལྡན་པའི་ངེས་དོན་ཆགས་བྲལ་རྣལ་འབྱོར་ཁྱད་པར་འཕགས་པར་ཀུན་གྱིས་མཐོང་ཐོས་མིག་རིག་ལག་ཟིན་གཏོང་ཕོད་ཚོགས་ཆེན་རྫོགས་པའི་གཟི་འོད་ཡོངས་སུ་ཁྱབ་པར་ཆེ།  ཁོང་ཉིད་ཀྱི་དགུང་གྲངས་ཉི་ཤུ་རྩ་བདུན་རབ་དུ་བྱུང་ནས་ད་བར་མི་ལོ་ཉི་ཤུའི་རིང་ལ་ནམ་རྒྱུན་འཚོ་བ་ནི་རྩམ་སྐྱ་གོས་ཧྲུལ་སྤྲང་ཕྲུག་ཐ་མའི་ལོངས་སྤྱོད་ཙམ་ལས་མི་འདའ་བར་འདོད་ཆུང་ཆོག་ཤེས་ཟེར་བའི་ལུང་ཚིག་རྩིང་པོར་རྒྱུད་ལ་སྦྱར་ཏེ་འཚོ་བ་བྱ་ཚུལ་བསྟེན་ཞིང་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སྐུ་བཙུན་ཞིང་། ལམ་ཉིན་མཚན་མེད་ཏིང་འཛིན་ཟབ་མོའི་ཉམས་ལེན། འབྲས་བུ་མཐར་ཐུག་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་སྒོམ་སྒྲུབ་སྐུ་ཚེ་མཐའ་འཁྱོལ་བཏང་བ་ནི་སྔ་དར་རིག་འཛིན་གོང་མའི་མཛད་པ་དངོས་དང་འདྲ་བ་ཅི་ལ་མིན།  རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཞལ་ནས། རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག ང་ཕྱིར་འབྲེང་ན་ང་བཞིན་འོང་བར་ངེས། ཞེས་གསུངས་པ་ལྟར། ངེས་པ་དོན་གྱི་རྣལ་འབྱོར་ཁོང་ནི་བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་གཏད་ཅིང་། ཚེ་གཅིག་ལུས་གཅིག་འཇའ་ལུས་འོད་སྐུར་དེངས་པའི་དམ་བཅའ་ཐུགས་དབུས་སུ་འཛིན་ནས། ཉིན་མཚན་ལྟོས་མེད་དགེ་སྦྱོར་ཆུ་བོའི་རྒྱུན་བཞིན་སྤྱོད་ཅིང་། དུས་རབས་ཉེར་ཅིག་འདོད་ཡོན་དཀར་དམར་དག་གིས་སྣང་བར་མ་བསླུས་པར་མི་ཚེ་ཧྲིལ་པོར་སྒལ་རུས་བྲག་གཏད་ཀྱི་ཉམས་སུ་ལེན་པ་འདི་ནི། ཚིག་གི་བསྟོད་ཡུལ་དང་།  ཁ་ཡིས་འུད་བསྟོད་ཙམ་མ་ཡིན་པར་མིང་དོན་མཚུངས་པའི་དགེ་སྦྱོར་གཤའ་མ་བསྒྲུབ་མཁན་ཁོང་ནི།   ཉིན་སྐར་ལྟ་བུ་རེ་ཙམ་ལས་མ་མཆིས་པར་དགེ་བྱེད་འདི་འདྲར་ཡོད་པར་འདི་ཕྱིའི་དོན་གཉེར་སྐོམ་པ་ཆུ་འདོད་ལྟར་གྱི་ལམ་སྟོན་དཔོན་གསས་མཆོག་ཏུ་གྱུར་བ་འོ།།

8.JPG

དགེ་བཤེས་ཤེས་རབ་མཐར་ཐུག་མཆོག་གི་མཚམས་སྦྱོར་མདོར་བསྡུས།

   དགེ་བཤེས་ཤེས་རབ་མཐར་ཐུག་ནི་༡༩༨༠་ལོར་སྦྲ་ཆེན་རྫོང་བྱ་མང་ཤང་གསལ་འཕེན་ཚང་དུ་དལ་འབྱོར་མི་ཡི་རྟེན་དུ་བཙས།  ༡༩༨༨ཡོན་ཏན་ཀུན་གྱི་གཞི་མ་ཚེ་ལས་ཡོལ་བའི་ཕ་དྲིན་པོ་ཆེ་གསལ་འཕེན་སེམས་ཉིད་རྒྱལ་མཚན་མདུན་ནས་ཡི་གེ་འབྲི་ཀློག་དག་པར་བསླབས།  ༡༩༩༢ལོར་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་མནོས་ནས་ཚུལ་མིང་དུ་ཤེས་རབ་མཐར་ཐུག་ཞེས་གསོལ་བ་དང་ལུང་དཀར་དགོན་པའི་སྒྲིག་སྒོར་དུ་ཞུགས། ༡༩༩༤ལོར་ལུང་དགོན་བཤད་གྲྭར་ཞུགས་ནས་དགེ་བཤེས་གཤེན་བསྟན་ལྷུན་འགྲུབ་མདུན་ནས་བསྡུས་གྲྭ་དང་། བློ་རིག རྟགས་རིག ཕར་ཕྱིན་བཅས་ལ་སློབ་སྦྱོང་བྱས། ཞོར་དུ་རྒྱལ་བ་བྲུ་ཡི་རིང་ལུགས་ཕྱི་ནང་གསང་གསུམ་ཆོ་གའི་ཕྱག་ལེན་གྱེར་དབྱངས་འདེབས་གསུམ་སོགས་སྦྱང་པ་ཚུལ་བཞིན་བསླབས། དེ་རྗེས་༢༠༠༡་ལོར་རྩེ་དྲུག་བཤད་གྲྭར་ཞུགས་ཏེ་༧སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་མཚན་ཉིད་དགེན་ལགས་དགེ་བཤེས་བསྟན་འཛིན་འགྱུར་མེད་མདུན་ནས་སླར་ཡང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་བཀའ་པོད་བརྒྱད་ལ་སྦྱོང་བརྩོན་བྱས་ཤིང་བརྡ་དག་སྙན་ངག  རིག་གནས་སོགས་བརྩོན་པ་ཚུལ་བཞིན་བྱས། སྔ་རྗེས་རྩེ་དྲུག་བཤད་སྒྲུབ་འདུས་སྡེའི་འཛིན་སྐྱོངས་ལྷན་ཚོགས་རྒྱུན་ལས་ལས་འཛིན་དུ་དབུ་མཛད་དང་། གཉེར་པ། དྲུང་ཡིག རྩིས་པ། ཚོགས་གཙོ། ཟུར་ཁྲིད་དགེ་རྒན་བཅས་རིམ་པས་ལས་དོན་བསྒྲུབས་པར་ཕུལ་བྱུང་གི་བསྔགས་བརྗོད་མང་པོར་ཐོབ། ༢༠༡༡ལོར་རྩེ་དྲུག་བསྟན་འཛིན་འོད་ཟེར་མཆོག་གི་དྲུང་ནས་སྐུ་གསུམ་རང་ཤར་དངོས་གཞིའི་ཡང་ཏིག་གཞུང་ཆ་ཚང་ཁྲིད་གདམས་ལེགས་པར་མནོས་ཏེ་སེམས་ཁྲིད་དངོས་གཞི་ཉམས་ལེན་ཡང་དག་སྦྱར།

   ༢༠༡༢ལོར་ཞང་ཞུང་སྒོ་པའི་གནས་ཆེན་ཤིལ་ལེ་རྒྱ་དཀར་བསླབ་གསུམ་དགེ་འདུས་རྒྱ་མཚོའི་དཀྱིལ་དུ་དགེ་བཤེས་ཀྱི་མཚན་རྟགས་བཞེངས་སྟེ་གཞུང་ཁྲིད་དགེ་རྒན་མཛད།  ༢༠༡༣ལོར་རང་དགོན་དུ་ལོག་དགོས་པའི་བཀའ་མངགས་ལྟར་ལུང་དཀར་དགོན་དུ་འབྱོར་ནས་མི་སྣ་དྲུག་བཅུ་ཙམ་ལས་གྲུབ་པའི་བཤད་སྒྲུབ་འདུས་སྡེ་དགོན་པས་བསྐྱར་གསོ་བྱས་པ་དང་སྦྲགས་ཏེ་བཤད་གྲྭའི་དགེ་རྒན་བྱས།     ༡༠༡༤ལོར་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཉིས་པའི་མཐོ་རམས་པའི་སློབ་མ་བསྡུ་ལེན་བྱེད་པའི་གོ་སྐབས་བཟང་པོར་འཕྲད་དེ་གཞུང་བཀའ་པོད་ལྔ་ཡི་དམ་བཅའ་དང་རྩོད་རྒྱུག་གཉིས་ཀ་ཕུལ་བར་རྟེན་གུས་པ་ཨང་གཉིས་པའི་རྒྱུགས་འབྲས་ཐོབ་སྟེ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་རུ་བསྡུས།     ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་མཐོ་རམས་པའི་སྦྱང་བྱ་ཁག་ལ་སློབ་སྦྱོང་ཚུལ་བཞིན་བྱས་ཏེ་ལོ་འཁོར་གཉིས་རིང་ལོ་དཀྱིལ་ལོ་མཇུག་སོགས་ཀྱི་རྒྱུགས་འབྲས་སུ་ཨང་དང་པོ་དང་གཉིས་པའི་བྱ་དགའ་མང་པོར་ཐོབ།    ༢༠༡༦་ལོར་སློབ་མཐར་ཕྱིན་སྐབས་ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྲུན་ཁྲང་ལེན་དབུས་བཞུགས་ཐོག་ནས་ནང་ཆོས་ཆེད་སྦྱོང་མཐོ་རིམ་རབ་འབྱམས་པའི་ལག་འཁྱེར་བསྩལ་ནས་བསལ་གདམ་བྱས་པའི་མཐོ་རམས་པ་སློབ་མ་རྩེད་ཕུད་གྲལ་ན་བཞག

   ༢༠༡༧་ལོའི་སློབ་གླིང་སྤྱི་ཡིས་བཀོད་སྒྲིག་ལྟར་གཞུང་བཀའ་པོད་ལྔ་ལ་དགག་བཞག་སྤོང་གསུམ་གྱི་དམ་བཅའ་ཆེན་མོ་བཞག་ནས་ཀྲུང་དབྱང་ནང་བསྟན་སློབ་གླིང་ནས་དགེ་ཆེན་རིམ་པ་དང་པོའི་ལག་འཁྱེར་ཐོབ།   ༢༠༡༧ལོའི་བོད་ཟླ་བདུན་པར་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་ཅིག་གྱུར་པུའུ་ཀྱིས་བཀོད་སྒྲིག་ལྟར་བོད་ཀྱི་ནང་བསྟན་གྲུབ་མཐའ་ལྔ་ཡི་དགེ་སློབ་བཞི་བརྒྱ་ལྷག་གི་དཀྱིལ་ན་བཀའ་པོད་ལྔ་ཡི་བརྒལ་རྟགས་རིག་པ་འགྲན་རྩོད་དང་དམ་བཅའ་བཞག་སྟེ་བོད་ལྗོངས་ནང་བསྟན་སློབ་གླིང་གདན་ཞུས་དཔེ་ཁྲིད་མཁན་པོར་མིང་བཏགས་བཀོད་ཅིང་སློབ་མ་བདུན་བརྒྱ་ལྷག་གི་དཀྱིལ་ན་དཔེ་ཁྲིིད་བྱེད་བཞིན་ཡོད།  ༢༠༡༨་ལོའི་མཉམ་གཉེར་བྱས་པའི་གྲོང་ཁྱེར་རིམ་པའི་རིག་གནས་ཤུལ་བཞག་<སྦྲ་ཆེན་སྔོན་མིན་རིག་གནས་ཤུལ་བཞག་ཟབ་སྦྱོང་ལྟེ་གནས>་ཟེར་བ་ལྷ་བྲིས་ཡིག་བྲིས་སོགས་སྦྲ་ཆེན་གནའ་ཤུལ་རིག་གནས་སྦྱོང་སའི་སྡིངས་ཆ་གཉེར་སྐྱོང་བྱས་ཡོད། སྔ་རྗེས་སུ་དགུན་དུས་གཉིས་རིང་བོད་ཀྱི་ན་གཞོན་མི་སྐྱ་དུ་མར་ཕ་སྐད་མ་ཡིག་དང་བརྡ་དག་སྐོར་སོགས་ཁྲིད་དེ་ན་གཞོན་མང་པོས་མཉམ་བྲིས་སྙན་དེབ་ཁག་གཉིས་ལ་ཞུ་དག་སྒྲིག་སྦྱོར་བྱས་ནས་གཙོ་གཉེར་པའི་རམ་འདེགས་དང་སྐད་ཡིག་མྱུར་སྐྱོབས་ཡོང་བར་ཞབས་ཞུ་གང་ནུས་བསྒྲུབས་དང་སྒྲུབ་གྱིན་དུ་ནང་བསྟན་སློབ་གླིང་ངལ་གསོའི་སྟབས་བསྟུན་ལུང་དཀར་བཤད་གྲའི་སློབ་མ་རྣམས་སློབ་ཁྲིད་བྱེད་མུས་སུ་མཆིས། ད་ལན་དགོན་པ་དོ་དམ་ཨུ་ལྷན་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་འཚོགས་ཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་བཤད་སྒྲུབ་མཁན་པོའི་ཁྲི་ལ་མངའ་གསོལ།

10.jpg

ལུང་དཀར་གཡུང་དྲུང་བསྟན་འཛིན་མཆོག་གི་མཚམས་སྦྱོར་མདོར་བསྡུས།

   ༡༩༦༨་ལོར་བོད་ལྗོངས་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དུ་སྐྱེས།     ཁོང་ཉིད་ཆུང་ནས་བཟུང་སྦྲ་ཆེན་རྫོང་ལུང་དཀར་དགོན་༧དཔལ་གཤེན་བསྟན་རིན་ཆེན་གླིང་དུ་སྒྲིག་ཞུགས་མཛད།   སྔ་ཕྱིར་ལུང་དཀར་དགོན་གཤེན་བསྟན་རིན་ཆེན་གླིང་དང་། རྔ་ཡུལ་རྟོགས་ལྡན་དགོན་ཆེན། སྣང་ཞིག་དགོན་ཆེན།  ཁྱུང་ཡུལ་ཀོ་རྒྱལ་དགོན་སོགས་བོན་གྱི་གྲྭ་ས་མང་དུ་འགྲིམ་པའི་སྐལ་པ་བྱུང་།  ༢༠༡༢་ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་ཐོན་བྱུང་བ་དང་སྦྲགས་རྒྱ་བོད་ནང་བསྟན་རིག་གནས་ཉམས་མྱོང་སྤེལ་རེས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དུ་མ་དང་སྐབས་བཞི་པའི་འཛམ་གླིང་ནང་བསྟན་དཔྱད་གླེང་ཚོགས་འདུ་སོགས་སུ་གསབ་ཞུགས་གནང་།    ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་དྲུང་ཡིག་བདམས་ཐོན་བྱུང་།   ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་འབྲིང་རིམ་རབ་འབྱམས་པ།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གཞུང་སྲོག་ཤིང་དཔྱད་དེབ་གངས་ལྗོངས་བོན་རྩོམ་སྒྲིག་ཚན་ཆུང་རྩོམ་སྒྲིག་པ་དང་། བོད་ལྗོངས་བོད་བརྒྱུད་ནང་བསྟན་གཞོན་ནུ་མཐུན་ཚོགས་ཀྱི་མཐུན་མི། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྲིད་གྲོས་ཨུ་ཡོན།  སྦྲ་ཆེན་ལུང་དཀར་དགོན་༧གཤེན་བསྟན་ལྔ་རིག་ནོར་བུའི་སློབ་གླིང་མཚན་ཉིད་དགེ་རྒན་བཅས་ཡིན། དེ་སྔོན་ལུང་དཀར་གཤེན་ལྔ་རིག་ནོར་བུའི་སློབ་གླིང་གི་སློབ་གཙོའི་འགན་བཞེས་པ་དང་། དེ་ནས་ཁོང་གིས་གཙོ་འགན་བཞེས་ཏེ་ཞང་ཞུང་རིག་མཛོད་ཅེས་ཚོགས་ཆུང་ཞིག་གསར་དུ་བཙུགས་ཏེ་དུས་རབས་དང་བསྟུན་ནས་ཞང་ཞུང་སྨར་ཆེན་ཧི་གཟུགས་གཏག་ཆས་དང་མཐུན་པར་གསར་བཟོ་གནང་། ༢༠༡༨-༧་པའི་ནང་ལུང་དཀར་དགོན་དོ་དམ་དབུ་ལྷན་ཀྲུའུ་རིན་གཞོན་པར་བསྐོས་བཞག་བྱས། ད་ལན་དགོན་པ་དོ་དམ་ཨུ་ལྷན་དང་༧ཁྲི་འཛིན་རིན་པོ་ཆེ་དབུས་པའི་ལུང་དགོན་ལས་འཛིན་ལྷན་འཚོགས་ཅིག་གྱུར་གྱིས་དཔལ་གཤེན་བསྟན་ལུང་དཀར་རིན་ཆེན་གླིང་བཤད་སྒྲུབ་མཁན་པོའི་ཁྲི་ལ་མངའ་གསོལ།

1536908325995583.jpg

    ཉིན་གཉིས་པར་གོང་ཚེས་༢༣་ནང་པར་དུང་དང་རྒྱ་གླིང་དབྱངས་ཀྱིས་གསས་ཁང་བ་རབ་ཡོངས་འདུལ་མང་འདུས་སེམས་པ་རྒྱ་མཚོ་འཚོགས་དབུས་སུ་ཁྲི་འཛིན་རིན་པོ་ཆེ་དང་སྒྲུབ་གྲྭ་དང་སྒོམ་གྲྭ་མཁན་རིན་པོ་ཆེ་རྣམ་གཉིས་བཅས་སྤྱན་དྲངས་སྟེ་དབུ་བཞུགས་ཐོག་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་བ་’ཇོ་མ་བསྟན་པ་ཚུལ་ཁྲིམས།   ངུར་འབྲོང་བསྟན་འཛིན་རིན་ཆེན།   སྐྱ་ཚུགས་གཡུང་དྲུང་བློ་ལྡན།   གདོང་ལྔ་མཚུངས་མེད་བློ་གྲོས།   བ་ར་བསྟན་འཛིན་མཁས་གྲུབ། ཞལ་ངོ་མཚམས་པ་དྲང་སྲོང་ཁྲི་གཙུག་འཕྲིན་ལས་རྒྱལ་མཚན།    རྒྱ་ཚུལ་ཁྲིམས་རྒྱལ་མཚན་བཅས་གཤེན་གྱི་སྒྲུབ་ཐོན་བདུན་བསླབ་གསུམ་སེམས་པ་མང་འཚོགས་དབུས་སུ་གདན་དྲངས་ནས་བྱམས་མའི་བསྔགས་བསྟོད་གསུངས་ཤིང་སྔ་ཕྱི་དྲོ་ཉིན་གོང་པོར་སོ་སོའི་མང་མི་དང་ཉེ་འབྲེལ་མང་པོས་སྐུ་འགྱེད་དང་མ་ཇ་འདེགས་འབུལ་ཞུས་ཏེ་སྨོན་ལམ་རྣམ་པར་དག་པས་དགོང་མོའི་མཐར་བསྡམས་སོ།།

IMG_5088.JPG

    ཉིན་གསུམ་པར་གོང་ཚེས་༢༣་ནང་པར་དུང་དང་རྒྱ་གླིང་དབྱངས་ཀྱིས་གསས་ཁང་བ་རབ་ཡོངས་འདུལ་མང་འདུས་སེམས་པ་རྒྱ་མཚོ་འཚོགས་དབུས་སུ་ཁྲི་འཛིན་རིན་པོ་ཆེ་དང་སྒྲུབ་གྲྭ་དང་སྒོམ་གྲྭ་མཁན་རིན་པོ་ཆེ་རྣམ་གཉིས་བཅས་སྤྱན་དྲངས་ཏེ་འཚོགས་ཐོག་ཏུ་བཞུགས་པ་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་བ་སྒོ་སྤེ་ཤེས་རབ་ཡེ་ཤེས།   བ་ཡན་ཚེ་དབང་འགྱུར་མེད།   ཨར་ཅུང་ཚུལ་ཁྲིམས་དྲི་མེད།  ལྷ་རོགས་ཚུལ་ཁྲིམས་བསྟན་རྒྱལ།  སྒོམ་ཐོན་རྣལ་འབྱོར་བ་དྲང་སྲོང་རྣམ་དག་མཆོག་གསལ།     ཁྱུང་པོ་གཡུང་དྲུང་ཚེ་དབང་།      འོབ་བརྗེད་ཡེ་ཤེས་རྒྱལ་མཚན་བཅས་བསླབ་གསུམ་སེམས་པ་མང་འཚོགས་དབུས་སུ་གདན་དྲངས་ནས་ཁྲི་འཛིན་དཔོན་གསས་བླ་མ་རིན་པོ་ཆེ་དང་སྒོམ་སྒྲུབ་མཁན་པོ་རྣམ་གཉིས་མཆོག་ནས་སྒོམ་སྒྲུབ་མཐར་ཐོན་སློབ་མ་བྱིངས་ལ་ཕྱག་འཁྱེར་དང་བྱིན་མདུད་ཤེལ་གྱི་ཏ་པི་ཧྲི་རྩའི་སྐུ་བརྙན་གཡུང་དྲུང་ཆགས་ཤིང་བཅས་བྱིན་རླབས་བསྩལ་ཏེ་འདུས་མང་ནས་བྱམས་མའི་བསྔགས་བསྟོད་གསུངས་ཤིང་སྔ་ཕྱི་དྲོ་ཉིན་གོང་པོར་སོ་སོའི་ནང་མི་དང་ཉེ་འབྲེལ་མང་པོས་སྐུ་འགྱེད་དང་མ་ཇ་འདེགས་འབུལ་ཞུས་ཏེ་སྨོན་ལམ་རྣམ་པར་དག་པས་དགོང་མོའི་མཐར་བསྡམས་སོ།།

QL5A0776.JPG

    ཉིན་བཞི་པའི་ཚེས་༢༤་སྔ་དྲོ་སྒོམ་སྒྲུབ་མཐར་ཐོན་གཤེན་གྱི་རྣལ་འབྱོར་བ་རྣམས་བཀྲ་ཤིས་ཁྲི་བཞེངས་ཀྱི་མཛད་སྒོ་གཉེར་བ་དེ་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་བསང་དུད་སྔོན་མོ་དུང་དང་རྒྱ་གླིང་སྙན་པོས་མདུན་བསུས་ཏེ་འདུ་ཁང་ཐོག་འཁོར་ཉི་འོད་ཁང་དུ་ཁྲི་ལ་བཀོད་དེ་འདུས་མང་རྒྱ་མཚོ་བྱིང་ནས་ཕན་ཐོག་ཕུལ་བ་དང་དད་ལྡན་ལྷ་སྡེ་མང་པོས་སྒོམ་སྒྲུབ་ཉམས་ལེན་སྐུ་ཚེ་མཐའ་རུ་ཕྱིན་པའི་སྨོན་ལམ་བཏབས་པ་དང་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཞིང་བསྟན་འབར་སྨོན་ལམ་ཆེན་པོས་མཇུག་བསྡུས་ཤིང་ལུང་དཀར་དཔལ་གཤེན་བསྟན་རིན་ཆེན་གླིང་དུ་བསླབ་གསུམ་གྲངས་ལྡན་རྟེན་འབྲེལ་སུམ་བརྩེགས་མཛད་སྒོ་ཆེན་མོ་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་ལེགས་པར་གྲུབ་བོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།