ཁྱུང་མཆུའི་མག་གསར་ཁྱུང་པོ་གཡུང་དྲུང་དར་རྒྱས་གླིང་ནས་བོན་བརྒྱ་རིན་པོ་ཆེར་གདུང་མཆོད་འཚོཊ་པ།

[ཟླ་ཚེས། 2018-08-30 12:05:39][རྩོམ་པ་པོ། གཡུང་དྲུང་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1535601948236201.jpg

   དུས་གསུམ་སངས་རྒྱས་ཀུན་གྱི་མཁྱེན་པ་དང་བརྩེ་བའི་མེ་ཏོག་གི་ཆུན་པོ། སྲིད་ཞིའི་དབྱིངས་ན་ཉི་ཟླ་དཔག་བསམ་ཡིད་བཞིན་ནོར་བུའི་མཆོད་ཟླར་འབར་ཞིང་ལྷ་དང་ལྷ་མ་ཡིན་གྱི་གཙོ་བོའི་བྱེ་བྲག་བརྒྱ་ཡི་ཅོད་པན་གྱིས་མངོན་པར་བདུད་པ། སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནམ་མཁའི་མཐའ་རུ་གསལ་ཞིང་རྒྱས་པར་བྱས་པའི་དེད་དཔོན། ཉི་ཟླ་ལྟར་གསལ་བའི་བསྟན་པའི་སྒྲོན་མེ། གསེར་རི་ལྟར་བརྗིད་པའི་བསྟན་འཛིན་གྱི་སྐྱེ་བུ། རྒྱ་མཚོ་ལྟ་བུའི་མདོ་སྔགས་ཡོངས་ཀྱི་བཤེས་གཉེན། སེང་གེ་མཁའ་ལ་མཆོང་འདྲའི་དཔལ་ལྡན་རིག་པ་སྨྲ་བའི་དབང་བོ། དོན་གྱི་སླད་དུ་མཚན་གྱི་སྨོས་ན། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གདུལ་བྱ་རྟག་འཛིན་ཅན་རྣམས་སུན་འབྱིན་པའི་སླད་གཟུགས་སྐུའི་བཀོད་པ་རེ་ཞིག་བོན་དབྱིངས་བསྡུས་པའི་གནས་ཚུལ་ཤེས་རྟོག་བྱུང་བ་དང་བསྟུན་ནས།

1535601948127042.jpg

   མག་གསར་ཁྱུང་པོ་གཡུང་དྲུང་དར་རྒྱས་གླིང་གི་རིག་འཛིན་འདུས་པ་རྒྱ་མཚོ་སྤྱི་ནས་ཐུགས་གསོའི་མཚམས་འདྲིར་ཕེབས་པ་དང་། སྐུ་གདུང་ཞུགས་འབུལ་གྱི་སྔ་ཉིན་ཚེས་བཅུ་བདུན་ཉིན་རང་དགོན་གྱི་འཚོགས་ཆེན་འདུ་ཁང་གི་མདུན་ནས། མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་ཀ་ཆེན་བོན་བརྒྱ་རིན་པོ་ཆེའི་སྐུ་པར་མཐོང་བ་ཀུན་སྨོན་གྱི་དྲུང་ནས་རྣམ་ལྔའི་མཆོད་པ་རྒྱ་ཆེན་པོ་དང་། ཁྲི་མཆོད་སོགས་བཤམས་ཏེ་རིག་འཛིན་འདུས་བ་རྒྱ་མཚོ་སྤྱི་དང་མག་གསར་སྨྱུང་གནས་ཚོགས་པ་སོགས་ཀྱི་སེམས་རྩ་གདུང་བས་མནར་བཞིན་ཚེ་དབང་སྨོན་ལམ་དང་མར་མེ་སྨོན་ལམ། སྙིང་པོ་རྣམ་གསུམ་སོགས་དབྱངས་སུ་གྱེར་ནས་ཕྱག་སྒོར་ཕུན་སུམ་ཚོགས་པ་བགྱིས། ཉིན་གཉིས་པ་སྟེ་ཚེས་བཅོ་བརྒྱད་ཉིན་རིན་པོ་ཆེའི་སྐུ་གདུང་མེ་ལྷར་འབུལ་བའི་དུས་དང་བསྟུན་ནས།

1535601948125235.jpg1535601948260815.jpg1535601947120962.jpg

   མག་གསར་ཁྱུང་པོ་གཡུང་དྲུང་དར་རྒྱས་གླིང་གི་རིག་འཛིན་འདུས་པ་རྒྱ་མཚོ་སྤྱི་ནས་ཚེ་དབང་བོད་ཡུལ་མའི་ཁྲི་ཚོགས་རྒྱས་འབུལ་དང་མག་གསར་སྡེ་བའི་སེར་སྐྱ་ཀུན་གྱིས་འཚོགས་ཆེན་འདུ་ཁང་གི་མདུན་ནས་མར་མེ་བསྒྲོན་ཞིང་། ཚེ་དབང་སྨོན་ལམ་དང་སྙིང་བོ་རྣམ་གསུམ་སོགས་གྱེར་ནས་ཕྱག་སྐོར་བགྱིས་པ་སོགས་མཆོད་པའི་སྤྲིན་ཚོགས་རྒྱ་ཆེན་ཕུལ་ཞིང་མར་རིགས་དུག་སྦྱིན་པའི་གནས་ལ་འདོད་ཡོན་གྱི་དྲི་གསུར་རྒྱ་ཆེན་བཏང་བ། མདོར་ན་ཡབ་རྗེ་བླ་མའི་བྱིན་རླབས་འགྲོ་བ་ཡོངས་ཀྱི་རྒྱུད་ལ་ཞུགས་ཅིང་ཡང་སྤྲུལ་ཉི་གཞོན་ཤར་རིའི་དབུ་རྩེ་རུ་ཤར་ནས་མི་འཇིག་གདོང་ལྔའི་བཏེགས་པའི་གསེར་གྱི་ཁྲི་ལ་བཞུགས་དེ།གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་ནུབ་མེད་སྲིད་རྩེར་བསྒྲེང་བ་སོགས་ཀྱི་སླད་དུ་གདུང་མཆོད་ཉིན་གཉིས་ལ་རྒྱས་འབུལ་བྱས་པར་དགེ་བ་གང་མཆིས་སེམས་ཅན་ཐམས་ཅད་ཐར་བའི་གོ་འཕངས་ཐོབ་པའི་རྒྱུར་གྱུར་ཅིག

པར་བ། དགེ་འདུན་བསམ་འཕེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།