རྫོགས་པ་ཆེན་པོ་ཞང་ཞུང་ཉམས་རྒྱུད་ནས་གང་ཟག་ཉི་ཤུ་རྩ་བཞིའི་ཟབ་གདམས་ཀྱི་གསུང་ཁྲིད་བཀའ་དྲིན་བསྐྱངས་པ།

[ཟླ་ཚེས། 2018-08-25 10:34:05][རྩོམ་པ་པོ། མེ་ལོང་།][རྩོམ་ཁུངས། མེ་ལོང་ཡེ་ཤེས།][ཀློག་གྲངས། ]

1535164496223593.jpg

   དེང་འདིར་ཆོས་ལུགས་གྲུབ་མཐའ་སོ་སོའི་བླ་མ་སྐྱེས་ཆེན་རྣམས་ཀྱིས་ཟབ་གདམས་ཀྱི་ཁྲིད་རྒྱུན་ལུང་རྒྱུན་རྣམས་འཇིག་རྟེན་འདིར་ཡུན་རིང་གནས་པའི་ཆེད་སྤྱོད་སྦྱོང་སྤེལ་གསུམ་གྱི་ཐབས་ལམ་ལ་མཇུག་པ་ནི། སྐྱེ་འགྲོ་བདེ་སྐྱིད་ཀྱི་གཞི་རྩ་སེམས་ཀྱི་ཞི་བདེ་སྒྲུབ་པའི་ལམ་ཡང་དག་པ་ཞིག་ཏུ་བརྩིས་པ་དང་། དེ་བཞིན་གསུང་སྐྱེས་སློབ་བུ་རྣམས་ལ་གདམས་པའི་དངོས་གྲུབ་སྦྱིན་པ་ནི་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་པའི་བསྟན་པ་འཕེལ་རིམ་གྱི་བླང་དོར་མཇུག་ལྡོག་ཞིག་ཏུ་ཆགས་ཡོད། དེས་ན་གསུང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ད་བར་བོན་གྱི་གྲུབ་མཐའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གལ་གནད་རྣམས་དམིགས་སུ་ཕྱེས་ནས་མཆན་འགྲེལ་ངོ་སྤྲོད་དང་། མདོ་སྔགས་རྫོགས་གསུམ་གྱི་གལ་ཆེའི་ཟབ་གནད་རྣམས་ལ་ཁྲིད་ཀ་བཏབ་ཅིང་ཁྲིད་ལུང་མན་ངག་གི་རྒྱུན་སྤེལ་ནས་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་ཡོད་པ་རྣམས་ནི་བཀའ་དྲིན་གཞལ་བར་མི་ནུས་པའི་ཆ་ཞིག་ཡིན། དེ་ལྟར་ཉིད་ཀྱི་གསུང་སྐྱེས་སློབ་མ་རྣམས་ནི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མི་འདྲ་བ་ཤ་སྟག་ནས་ཕེབས་པ་ཡིན་ཞིང་ཁོང་ཚོས་ཉིད་ཀྱི་གསུང་གདམས་ཚིག་འབྲུ་རེ་རེ་ནི་ཉམས་ལེན་གྱི་ཁེ་ཕན་དང་། བློ་གྲོས་ཀྱི་གོ་རྟོགས་སད་པའི་སྨན་ཆེན་ཞིག་ཏུ་ངོས་འཛིན་ཐེབས་ཏེ། ལོ་བསྟུད་མར་ནར་མའི་ཟས་ལ་བསྟེན་པ་བཞིན་གདམས་ངག་གི་ཕ་འབབ་ལེན་བཞིན་པ་ནི་སེམས་ཀྱི་བདེ་སྐྱིད་ལོངས་སུ་སྤྱོད་པར་ངོས་འཛིན་གནང་འོས།

1535164496719448.jpg

   ད་རེས་འདི་གར་བདུན་ཕྲག་གསུམ་རིང་གི་དབྱར་ཁྲིད་ཆེན་མོ་ལེགས་པར་གྲུབ་རྗེས་ཕྱི་ཟླའི་ ༠༨ ཚེས་ ༡༩ ནས་ ༢༤ བར་དམིགས་བསལ་རྫོགས་ཆེན་ཞང་ཞུང་བཀའ་ཉམས་གཉིས་ལས་ཉམས་རྒྱུད་ནོར་བུའི་ཕྲེང་བ་ནས་འཇའ་ལུས་འཕོ་ཆེན་ཉེར་བཞིའི་ཞལ་གདམས་རྣམས་བླ་མའི་རྣལ་འབྱོར་དང་སྦྲགས་ཏེ། བདུན་ཕྲག་གཅིག་རིང་ཁྲིད་སྒོམ་སྤེལ་མ་མཛད་དེ་བློ་སྦྱོང་དང་། ཐུན་སྦྱོང་ཟུང་དུ་སྦྲེལ་ནས་ཉམས་ལེན་བོག་འདོན་དང་བྱིན་རླབས་རྒྱུད་ཐོག་ཏུ་སྨིན་པར་བྱེད་པའི་ཐབས་ལ་བརྩོན།

དེ་ཡང་དུས་ཕྱིས་བཀའ་ཉམས་ཆུ་བོ་གཉིས་ཀྱི་འདུས་སོའི་གདམས་ངག་གི་རྒྱུད་པའི་རྐང་འཛིན། རྫོགས་པ་ཆེན་པོའི་ལུང་རིག་མན་ངག་གསུམ་གྱི་གདམས་པའི་མངའ་བདག གསང་གསུམ་བོན་གྱི་མཛོད་འཛིན་ཏེ། དོན་གྱི་སླད་དུ་སྨོས་ན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་གདམས་པའི་དབུགས་དབྱུང་བའི་སྐལ་བཟང་ཐོབ་པ་དང་། དེ་མུས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཉིན་ལྟར་ཁྲིད་སྒོམ་སྤེལ་མའི་སྒོ་ནས་སློབ་མ་རྣམས་ལ་རྫོགས་པ་ཆེན་པོའི་གསུང་གདམས་ཀྱི་དངོས་གྲུབ་སྦྱིན་པའི་ལེའུ་ཚན་བཀའ་དྲིན་བསྐྱངས། དེ་ལྟར་ལྟ་བ་གུ་ཡངས་དང་སྤྱོད་པ་འཚེ་མེད་ཀྱིས་བདག་གཞན་དོན་ཀུན་སྒྲུབ་མཁན་སྐྱེས་བུ་རྣམས་ནི་ཨེ་མ་ངོ་མཚར་ཆེའོ་ཞེས་ཀྱང་སྨྲ།

1535164496233834.jpg

   དེ་རིང་ནི་དུས་ཀྱི་བཅས་མཚམས་ཉིན་མཐའ་མ་དེ་ཡིན་པས་སྔ་དྲོ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གཤེན་བསྟན་དར་རྒྱས་གླིང་གི་ཚོགས་ཁང་དུ་སྤྱན་དྲངས་ནས་གདམས་ངག་གི་གནང་སྦྱིན་བསྩལ་ཏེ། “ཁྱེད་ཚོས་ཉིན་ལྟར་འཇའ་ལུས་ཉེར་བཞིས་རྗེས་སུ་བཞག་པའི་ཞལ་གདམས་རྣམས་ལ་རིམ་པས་ཉམས་ལེན་གནང་ཡོད་རྒྱུ་རེད། འཇའ་ལུས་ཉེར་བཞི་ནི་གཅིག་རྗེས་གཉིས་མཐུད་བར་མ་ཆད་པར་འཇའ་ལུས་སུ་ཕེབས་པའི་ཞང་ཞུང་སྙན་རྒྱུད་ཀྱི་བླ་མའི་གྲངས་ཀ་བརྩིས་བཞག་པ་ཞིག་རེད། རེད་དེ། འཇའ་ལུས་ཉེར་བཞིའི་གོང་དུ་དགོངས་རྒྱུད་སྟོན་པ་དགུ་དང་། ཉེར་བཞིའི་རྗེས་ཀྱི་ཉེར་ལྔ་པ་སྤྲུལ་སྐུ་ཏ་པི་ཧྲི་ཙ་དང་། ཉེར་དྲུག་པ་གྱེར་སྤུངས་སྣང་བཞེར་ལོད་པོ་གཉིས་ལ་སྤྲུལ་སྐུ་དྲིན་ཆེན་གཉིས་ཟེར་གྱི་ཡོད་རེད། དེ་ནས་མར་ལ་ཞང་ཞུང་སྨར་གྱི་གྲུབ་ཆེན་དྲུག་ཡོང་གི་ཡོད་རེད།” ཅེས་པ་སོགས་དང་། ཞང་ཞུང་སྨར་གྱི་གྲུབ་ཆེན་རེ་རེའི་རྣམ་ཐར་དང་སྦྲགས་ནས་གདམས་ངག་ཉམས་སུ་ལེན་པར་སྙིང་རུས་བསྐྱེད་དགོས་པའི་དཔེ་མཚོན་ཡ་མཚན་ཅན་རྣམས་གསུངས་པ་དང་། དེ་བཞིན་རྒྱུད་པ་འཁྲུག་ཅན་དང་འཁྲུག་མེད། བཀའ་ཉམས་གཉིས་ཀྱི་རྒྱུད་པའི་འདུས་སོ་བཅས་ཇི་ལྟར་བྱུང་ཚུལ་བཅས་ཀྱི་གསུང་ཁྲིད་ཤིན་ཏུ་སྨར་བར་གསུངས།

1535164496370847.jpg

   དེར་མཚུངས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཇའ་ལུས་སུ་གཤེགས་མཁན་ནི་ཉེར་བཞིའི་གྲངས་ཀ་ཙམ་མ་ཡིན་པར་རྒྱུད་རིམ་བླ་མའི་ནང་འཇའ་ལུས་སུ་གཤེགས་པ་མང་བ་དང་། དུས་ཕྱིས་དུས་རབས་བཅོ་བརྒྱད་དང་། བཅུ་དགུའི་ནང་ཚུད་དུའང་དབྲ་སྲས་ཟླ་བ་གྲགས་པ་དང་། རྙིང་མའི་རྫོགས་ཆེན་ཉམས་ལེན་པ་འཇའ་ལུས་སུ་གཤེགས་མཁན་ཡང་བྱུང་མྱོང་ཡོད་པའི་གསུང་གདམས་མང་པོ་བསྩལ་གནང་། མཇུག་ཏུ་”ཁྱེད་ཚོས་རང་མགོ་རང་གིས་མ་གཡོག་པར་ཉམས་ལེན་ལ་གད་བདར་མཛད་དེ། རང་གིས་རང་ལ་ཡིད་ཆེས་ཐུབ་པ་ཞིག་དང་། གསལ་པོ་ཞིག་ངེས་པར་དུ་ཡོང་དགོས་ཀྱི་རེད་མ་གཏོགས། ཅི་རེད་ཟེར་ན་འདི་རེད་ཟེར་རྒྱུ་མེད་པར་བྱས་བསྡད་ན་དུས་ཚོད་ཁྲོག་བརླག་རེད། ཉམས་ལེན་གསལ་པོ་དང་ཡག་པོ་ཡོང་བར་བྱེད་དགོས་ན་ངེས་པར་དུ་དད་པ་དང་། བླ་མའི་རྣལ་འབྱོར་ལ་བསྟེན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད།” ཅེས་པ་སོགས་ཞལ་གདམས་ཤིན་ཏུ་སྨར་བ་མང་པོ་གསུངས། ཉིན་རྒྱབ་དགེ་སློབ་ལྷན་རྒྱས་ཀྱིས་ཞང་ཞུང་མེ་རིའི་བོན་སྐོར་ལས་མེ་རི་བཅུད་དྲིལ་གྱི་ཚོགས་མཆོད་ཕུལ་ཞིང་བླ་མའི་གསོལ་འདེབས་དང་། ཞབས་བརྟན་ཚེ་སྒྲུབ། སྨོན་ལམ་བཅས་ཀྱིས་མཚམས་སྦྱར་ཞུས་ནས་སྐབས་འདིའི་གསུང་ཁྲིད་ལེའུ་ཚན་རྣམས་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

1535164496112248.jpeg

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༢༤ ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།