རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པའི་གླེང་སྟེགས་དཀར་མཛེས་རྫོང་དུ་འཚོགས་པ།

[ཟླ་ཚེས། 2018-07-29 12:37:14][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པའི་གླེང་སྟེགས་ཆེན་མོའི་གྲོས་བསྡུར་ཚན་ཚུང་དཀར་མཛེས་རྫོང་དུ་དངོས་སུ་འཚོགས་པ།

 微信图片_20180729122827.jpg

རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པའི་གླེང་སྟེགས་ཆེན་མོ་ཞེས་པའི་ཚོགས་པ་འདི་བོད་ས་ཁྱིའི་ལོར་མདོ་སྨད་རྫ་རྒྱུད་བོན་དགོན་ཁག་སྟེ། ཁྲོ་ཚངས་དགོན། སྨོན་རྒྱལ་དགོན། འབུམ་སྨད་དགོན། སྟེང་ཆེན་དགོན། ཟེར་འཕྲོ་དགོན།  བོན་པོ་དགོན། གོ་ལམ་དགོན་བཅས་དགོན་སྡེ་བདུན་གྱིས་གསར་དུ་བཙུགས་པའི་ཚོགས་པ་ཞིག་སྟེ།  ཚོགས་པའི་གྲུབ་ཆ་ལ་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་བདུན་དང་བཀའ་འདྲི་མི་སྣ།  ཚོགས་གཙོ་དང་ཚོགས་གཞོན།  དྲུང་ཡིག་པ་དང་གཙོ་སྐྱོང་བ། གསར་བསྒྲག་མི་སྣ་དང་འབྲེལ་ཡོད་ཤེས་ཡོན་པའི་སྡེ་པ་བཅས་མི་སྣ་དུ་མས་གྲུབ་པའི་ཚོགས་པ་ཞིག་ཡིན། 

ཚོགས་པ་འདི་དྲ་ཚོམས་དང་ཡུལ་དངོས་ནས་སྤེལ་བའི་དམིགས་ཡུལ་ནི་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་ཤེས་བྱ་རིག་གནས་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་གནང་རྒྱུ་དང་།  ཡང་སྒོས་སུ་རྫ་ཡུལ་བོན་དགོན་ཁག་གི་ཐུན་མིན་དང་ཐུན་མོང་གི་རིག་གནས་ཇི་སྙེད་ཅིག་ཉམས་རྒུད་དུ་སོང་བ་དང་ཉག་ཕྲ་བའི་གནས་སུ་ལྷུང་བར་ཆེད་དམིགས་བགྱིས་ནས་སྔར་ཡོད་དར་སྤེལ་དང་ཕྱིས་ཡོད་གསར་འཛུགས་བཅས་རྫ་ཡུལ་བོན་དགོན་ཁག་གི་བོན་སྲིད་གཉིས་ཀྱི་རིག་གནས་ཡར་རྒྱས་གནང་རྒྱུའི་ཐད་ལ་བྱ་འགུལ་སྤེལ་བ་དང་ནུས་ཤུགས་འདོན་པ་ཚོགས་པ་འདིའི་དམིགས་ཡུལ་ཡིན།

 微信图片_20180729122840.jpg

ལོ་ལྟར་ཚོགས་ཆེན་དང་ཚོགས་ཆུང་འཚོགས་པའི་འཆར་གཞི་ལྟར་ད་ལན་རྫ་སྨོན་རྒྱལ་དགོན་པས་སྦྱིན་བདག་མཛད་དེ་རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པའི་གླེང་སྟེགས་ཆེན་མོའི་གྲོས་བསྡུར་ཚོགས་པ་ཕྱི་ལོ་༢༠༡༨་ལོའི་ཟླ་༧པའི་ཚེས་༢༥་ཉིན་དངོས་སུ་དཀར་མཛེས་རྫོང་ནོར་བུ་གླིང་གསོལ་མགྲོན་ཁང་དུ་ཉིན་ཞག་གཉིས་རིང་འཚོགས། 

དེ་ཡང་ཉིན་དང་པོའི་ཞོགས་པའི་དུས་ཚོད་༡༠་ཐོག་འབྲེལ་ཡོད་དགོན་ཁག་གི་ལས་འཛིན་མི་སྣ་དག་ནོར་བུ་གླིང་གསོལ་མགྲོན་ཁང་ཆེན་མོར་མཉམ་དུ་འཛོམས་ནས་ཐོག་མར་རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པའི་གླེང་སྟེགས་ཆེན་མོའི་གཙོ་སྐྱོང་མི་སྣ་རྫ་བསྟན་འཛིན་ནོར་བུ་དང་བྱ་རྒོད་ཉི་མ་བསྟན་འཕེལ་རྣམ་པ་གཉིས་ཀྱིས་ཚོགས་པའི་འགོ་འཛིན་གསུང་བཤད་གནང་བ་དང་།  དེའི་འཕྲོར་སྐབས་དང་པོའི་རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པའི་གླེང་སྟེགས་ཆེན་མོའི་ཚོགས་གཙོ་ཁྲོ་ཚངས་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་ཀྱིས་རྫ་ཡུལ་བོན་དགོན་ཁག་གི་ཆབ་དཔལ་རིག་གསུམ་ཡར་རྒྱས་གཏོང་ཐབས་དང་ཐེངས་འདིའི་ཚོགས་པའི་གླེང་ཕྱོགས་སྐོར་ནས་གསུང་བཤད་ཟབ་རྒྱས་གནང་བའི་མུར།  བློ་འདྲི་མི་སྣ་དང་ཚོགས་གཞོན།  དྲུང་ཡིག་ཚན་ཁག་བཅས་ཀྱིས་ཚོགས་པ་འདིའི་འདས་མ་ད་གསུམ་གྱི་ཁ་ཕྱོགས་དང་རྫ་ཡུལ་ལུང་པའི་བོན་དགོན་ཁག་གི་ན་ཆུང་བྱིས་པ་དག་ལ་ལམ་ཁ་གསར་བ་ཞིག་སྐྲུན་ཆེད་སློབ་གཉེར་བ་ཁག་སོ་སོའི་དབྱར་དགུན་ངལ་གསོའི་དུས་དང་བསྟུན་ཏེ་ཟབ་སྦྱོང་འཛིན་གྲྭ་བཙུག་རྒྱུ་དང་།  དགོན་ཁག་སོ་སོར་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་སྐབས་སུ་ཆེད་དུ་ཚོགས་པ་འདིའི་ངོས་ནས་སློབ་གསོ་བ་བཀོད་བཞག་གནང་རྒྱུ། གཤེན་བསྟན་རིན་པོ་ཆེ་སྤྱི་དང་ཁྱེད་པར་དུ་རྫ་རྒྱུད་ཕྱོགས་ཀྱི་སྦྱོང་བརྩོན་པའི་རིགས་ཏེ། རྟོག་གེ་བ་དང་། ལོ་རྒྱུས་སྨྲ་བ། རྩོམ་པ་པོ་དག་ལ་ཆེད་དུ་དམིགས་ནས་གཡས་རུའི་འཆད་རྩོད་ཆེན་མོ་དང་དཔྱད་རྩོམ་བགྲོ་གླེང་།  བཅའ་འདོན་དབྱངས་དཀྲོལ་སོགས་ཀྱི་ཐད་ནས་ཚོགས་ཞུགས་མི་སྣ་རེ་རེ་ནས་བསམ་ཚུལ་དང་འབྲེལ་ཏེ་གཏམ་བཤད་ཟབ་རྒྱས་གནང་།  ཚོགས་མི་སྒེར་རེ་རེས་བགྲོ་གླེང་གནང་མཐར་སོ་སོའི་བསམ་ཚུལ་དང་དཔྱད་སྟོབས་ལས་འཁྲུངས་པའི་བྱ་འགུལ་ལས་རིགས་དང་རེ་བ་ཀུན་ལ་ཕན་ཚུན་ཟུར་ཟ་དང་སྨ་འབེབས་མེད་པའི་ཐོག་མཉམ་དུ་ལྟ་ཚུལ་དང་དོགས་སློང་སྤེལ་རེས་ཀྱིས་ཕྱོགས་གང་སར་ཐུགས་བསམ་ནན་གཏན་བཞེས་ནས་སྙིང་དོར་བཅུད་ལེན་དང་ལེགས་ཉེས་དབྱེ་འབྱེད་ཀྱི་ཕྱོགས་ལ་གྲོས་བསྡུར་མཛད་པ་བཅས་ཉིན་དང་པོ་མཇུག་གྲུབ།   

 微信图片_20180729122849.jpg

ཉིན་གཉིས་པར་ཞོགས་པའི་ཆུ་ཚོད་བརྒྱད་ནས་ཚོགས་པའི་འགོ་བརྩམས་ཏེ་ཉིན་དང་པོར་ལས་འཛིན་མི་སྣ་རྣམས་ཀྱིས་གསུངས་པའི་རེ་བ་དང་ལྟ་ཚུལ་དག་ལ་དམངས་གཙོ།  ཐག་བཅད་རང་བཞིན་གྱིས་མཇུག་སྡོམ་གྲོས་ཆོད་བྱས་ཏེ་ལོ་ལྟར་རྫ་ཡུལ་བོན་དགོན་ཁག་གི་ཤེས་ཡོན་པ་སྐྱ་སེར་རིས་མེད་ཀྱི་ཤེས་རིག་གི་ཆུ་ཚད་མཐོ་འདེགས་གཏོང་བར་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་ཆེ་འབྲིང་ཆུང་གསུམ་གང་འཚམས་རེ་སྤེལ་བ་དང་འདིའི་ཕྱོགས་ལ་རང་ནུས་གང་འཇོན་གྱིས་འབད་པ་བྱ་རྒྱུ་གཏན་འབེབས་གནང་། 

མཐའ་མཇུག་སྔ་དྲོའི་དུས་ཚོད་༡༡་ཡས་མས་སུ་ཚོགས་གཙོ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་མཆོག་ནས་ཐེངས་འདིའི་གཏན་ཁེལ་བྱས་པའི་ལས་རིམ་དག་ཁྱབ་བསྒྲགས་གནང་།  ཚོགས་ཞུགས་ལས་འཛིན་མི་སྣ་ཡོངས་ཀྱིས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་སྒོས་རྫ་ཡུལ་བོན་དགོན་ཁག་གི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་གོང་འཕེལ་འབྱུང་བར་ཐུགས་བསྐྱེད་སྨོན་ལམ་རྣམ་དག་གིས་བསྟན་དར་སྨོན་ལམ་མཉམ་དུ་གསུངས་ཏེ་མཇུག་ལེགས་པར་བསྒྲིལ་བའོ།།

ཕྱི་ལོ་༢༠༡༨-༧-༢༧ཉིན་དྲུང་ཡིག་ཚན་ཁག་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།