མ་ཕྱི་གཏན་འབེབས་གྲོས་ཚོགས་ཚོགས་འདུའི་དགོངས་དོན་གནད་བསྡུས།

[ཟླ་ཚེས། 2018-04-26 17:30:06][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཐེངས་གཉིས་པའི་སྒྲིག་ཞུའི་མ་ཕྱི་གཏན་འབེབས་གྲོས་ཚོགས་ཚོགས་འདུའི་དགོངས་དོན་གནད་བསྡུས།
1524735498296144.jpg

ཚོགས་འདུ་འདི་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་འགན་བཞེས་ཤིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་ཟུང་འབྲེལ་གྱིས་གཉེར་བ་དང་། བོན་གྱི་བཀའ་འགྱུར་ཆེན་མོ་པར་སྐྲུན་ཞུ་བའི་དུས་མཚམས་རང་བཞིན་གྱི་གལ་ཆེའི་ཚོགས་འདུ་ཞིག་ཡིན་པ་དང་།   ཚོགས་མི་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་ཆེན་མོ་མཁས་དབང་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་དང་།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ཟུང་གིས་དབུས།  མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་མི་སྣ་གཞན་དང་། བཀའ་འགྱུར་ཆེན་མོའི་མ་དཔེ་སྒྲིག་ཞུ་གཏན་འབེབས་ཨུ་ལྷན་གྱི་མི་སྣ།  མ་དཔེ་སྒྲིག་ཞུ་དང་བླང་བ་སོགས་འབྲེལ་ཡོད་མི་གྲངས་ལྔ་བཅུ་ཡར་འཕེལ་ཙམ་མཉམ་འཛོམས་ཀྱིས་༢༠༡༨་༤་༡༣ནས་༡༥བར་ཉིན་གསུམ་རིང་སི་ཁྲོན་ཁྲིན་ཏུའུ་རུ་འཚོགས།   དེ་ལྟ་བུའི་ཚད་མཐོ་ལ་གཞི་རྒྱ་ཆེ་བའི་ཚོགས་འདུའི་ནང་དོན་སྐོར་ལ་ཕྱོགས་བསྡུས་ཀྱིས་ཅུང་ཟད་གླེང་བ་ལ།

གཅིག ཚོགས་འདུའི་རྒྱབ་ལྗོངས་ལ་ལྟ་བ།

ལོ་རྒྱུས་ཐོག་བོད་ཀྱི་ཤེས་རིག་སྤྱི་དང་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་དང་པོ་བྱུང་བ་ནས་བར་དུ་དུས་རིམ་མི་འདྲ་བའི་ནང་དུ་དར་རྒུད་ཅི་རིགས་བརྒྱུད་པའི་མཐར།  ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ནས་དུས་རབས་ཉི་ཤུ་བའི་སྨད་ནས་བཟུང་ཆོས་དད་རང་མོས་དང་།  གནའ་རབས་རིག་པའི་གཞུང་ལུགས་གང་ཞིག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་སྲིད་བཟང་རབས་དང་རིམ་པ་སྤེལ་བ་དང་།  དེ་འབྲེལ་རྩ་ཆེའི་རིག་གཞུང་གི་དཔེ་ཚོགས་ཁག་མྱུར་སྐྱོབ་ལེགས་སྒྲིག་བྱེད་པའི་གོ་སྐབས་འོག    ཐུན་མིན་གཡུང་དྲུང་བོན་གྱི་གྲུབ་མཐའ་དང་བོད་གནའ་བོའི་ཤེས་ཡོན་རིག་གནས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའིགཡུང་དྲུང་བོན་གྱི་བཀའ་འགྱུརའདི་ཉིད་རིམ་པར་དཔེ་སྐྲུན་ལེགས་སྒྲིག་བྱ་བའི་སྐལ་བཟང་མངོན་དུ་ཤར་ཡོད། དེ་ལྟར་ནའང་ད་དུང་འཐུས་སྒོ་ཇེ་ཚང་དང་།  སྤུས་ཚད་སོགས་ཡར་རྒྱས་ལ་ཚད་བཀག་མེད་པའི་གཏན་ཚིགས་ལྟར་དང་།  ལྷག་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མངོན་གྱུར་ཡོང་བའི་འབད་བརྩོན་འོག ༼༢༠༡༦༽ལོར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ཀྱིས་ཆོག་མཆན་བཀོད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པར་མ་ཟད།   སི་ཁྲོན་ཞིང་ཆེན་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔེ་སྐྲུན་ལས་གཞིའི་རྣམ་གྲངས་འགངས་ཆེན་ཞིག་ཡིན་ལ། སི་ཁྲོན་ཞིང་ཆེན་རིག་གནས་དྲིལ་བསྒྲགས་གཙོ་གནད་ལས་གཞིའི་ཐད་ཀར་མ་དངུལ་རོགས་སྐྱོར་རྣམ་གྲངས་ཀྱི་ཁོངས་སུ་བདམས་པའི་གྲས་ཤིག་ཀྱང་ཡིན།  དེ་བཞིན་འགྲོ་གྲོན་ཐད་སྲིད་གཞུང་གིས་རོགས་སྐྱོར་ཡོད་པའི་ཐོག  དམུ་སྲས་འགྲོ་བའི་མགོན་པོས་དབུ་དྲངས་པའི་འབྱོར་ལྡན་ལྷག་བསམ་ཅན་མང་པོས་རྒྱབ་སྐྱོར་གནངས་དང་གནང་བཞིན་ཡོད་ལ།  ལས་གཞི་འདིས་ཏང་དང་སྲིད་གཞུང་གིས་མི་རིགས་ཆོས་ལུགས་རིག་གནས་ལས་དོན་འཕེལ་རྒྱས་ཐད་ལ་ཐུགས་ཁུར་བླ་ལྷག་གནང་བར་མཚོན་ཡོད་ལ།  བཀའ་འགྱུར་དཔེ་སྐྲུན་ལེགས་སྒྲིག་བྱ་བའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་གོམ་སྟབས་གསར་པ་སྤོས་པར་མཚོན་ཡོད། ལས་གཞི་འདི་ཉིད༼༢༠༢༠༽ལོར་པར་སྐྲུན་ལེགས་གྲུབ་ཡོང་དགོས་པའི་གཏན་འབེབས་གནང་ཡོད། དེ་ལྟ་བུའི་མིག་རྒྱང་རིང་གཞི་ཁྱོན་ཆེ་བའི་ལས་ཀ་དེ་འདྲ་ཞིག་དོན་འཁྱོལ་མངོན་གྱུར་ཡོང་བ་ལ།  དེ་མཚུངས་ཀྱི་འཆར་གཞི་དང་།  གོ་རིམ།  དམིགས་ཚད།  གྲོས་མཐུན་སོགས་ཕྱོགས་ཡོངས་ནས་ཐུགས་གྲ་ལེགས་འགྲིག་ཡོང་བའི་ཆེད།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་།   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་། དྲང་བདེན་འདྲ་མཉམ་གྱིས་བཀའ་གྲོས་གང་མང་བརྒྱུད་མཐར་༼༢༠༡༧༽ལོའི་ཟླ་༦པར་མཉམ་ལས་རོགས་ཟླའི་གན་ཆིངས་བཞག་སྟེ་ཁྲིམས་མཐུན་གྱི་མིང་རྟགས་བཀོད་པ་བཅས་གཞི་རྩའི་ལས་དོན་འདི་འདྲ་གཉེར་བའི་རྨང་གཞི་བཏིང་།

གཉིས།  མ་ཕྱི་གང་ལ་བཅོལ་བ་དང་དེའི་རྒྱུ་མཚན།

དེ་ལྟ་བུའི་རྒྱལ་བའི་བཀའ་རིན་པོ་ཆེ་ལེགས་སྒྲིག་པར་དུ་བསྐྲུན་པར་གཞི་རྩ་གལ་འགངས་ཆེ་བ་ཞིག་ནི་མ་ཕྱི་གང་ཞིག་བཀོལ་བ་དེ་ཡིན།  སྤྱིར་ན་སྔོན་སོང་ལོ་རྒྱུས་ཐོག་བཀའ་འགྱུར་འདི་ཉིད་ཤིང་པར་དང་ལག་བྲིས་སོགས་མ་ཕྱི་གང་མང་ཞིག་ཡོད་པའི་བདེན་དཔང་ཡོད་རུང་།  རིག་གསར་རྗེས་སུ་དཔྱད་པ་ཡིན་ན་ས་སྟེང་འདིར་བོན་གྱི་བཀའ་འགྱུར་ཞེས་པའི་གདགས་གཞི་གཅིག་མ་གཏོགས་མེད་པ་དེ་ནི་ཉག་རོང་དབལ་ཁྱུང་དགོན་པའི་ལག་བྲིས་དཔེ་རྙིང་དེ་རང་ཡིན།   དེ་ནི་ཕྱིས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་བཀའ་འགྱུར་གཅིག་པུ་དེ་དང་། ཆ་ཚང་ཤོས་ཀྱི་གཞི་གཅིག་ཏུ་བསྡོམས་པ་ཙམ་མ་ཟད། སྤྱིར་ད་བཞུགས་རྒྱལ་བའི་བཀའ་ཡིན་ནོ་ཅོག་ཐ་དག་དེར་འདུས་པའི་ངེས་པ་མེད་ནའང་།  དེར་འཁོད་རྣམས་ལུང་གི་རྒྱུད་རིམ་ཡང་མ་ཉམས་གསོན་པོར་གནས་ཤིང་དེ་འབྲེལ་བརྒྱུད་རིམ་དང་། དཔེ་རྩིས་དཀར་ཆག་དང་བཅས་པ་མཉམ་དུ་ཡོད་པ་སོགས་ཕྱོགས་མང་པོ་ཞིག་ནས་བཀའ་འགྱུར་གྱི་མ་ཕྱི་བྱ་བ་ལ་གཞན་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དེ་གྱུར་ཡོད་པ་ལྟར།  སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་དམ་པའི་སྐྱེས་བུ་དུ་མའི་ཐུགས་ཀྱི་དགོངས་གཞི་ཡང་དེར་མ་བགྲོས་དགོངས་པ་གཅིག་ཏུ་བབ་ཡོད།   འོན་ཀྱང་དཔེ་ཚོགས་དེར་དངོས་སུ་མ་འདུས་པའི་བཀའ་ཡི་རིགས་གང་བཞུགས་པ་རྣམས་ཀྱང་རིམ་པས་ཞིབ་འཇུག་ཕྲ་མོའི་སྒོ་ནས་བཀའ་འགྱུར་དེར་ཁ་སབ་བྱེད་པའི་འཆར་གཞི་ཡང་བཀོད་འདུག་པ་ནི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་རྩ་དོན་དང་ཡོངས་སུ་མཐུན་པ་ཞིག་ཡིན།

གསུམ།  དེ་སྔོན་ལས་ཀའི་གྲུབ་དོན་སྐོར།

གོང་གསལ་ལྟར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཞི་རྩའི་འགན་ཁུར་འོག   མ་ཕྱི་ལེགས་སྒྲིག་དང་ཞུ་དག་ཐད་གཙོ་འགན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཞེས་ཡོད་པ་ལྟར།    ཨ་ཡོད་ནང་གི་ད་ཡོད་དང་།  སྒོ་ངའི་ནང་གི་གསེར་ཐིགས་ཅེས་པ་ལྟར།   ཕྱོགས་སོ་སོའི་དགོན་སྡེ་ཁག་གི་མཁན་པོའམ་སློབ་དཔོན།  དེ་བཞིན་རབ་འབྱམས་དགེ་བའི་བཤེས་གཉེན་སོགས་གཞུང་དོན་དང་།  རིག་གནས།   ཉམས་མྱོང་བཅས་ཚད་གཞི་ངེས་ཅན་ལྡན་པའི་དཔེ་སྒྲིག་ཞུ་དག་གཏན་འབེབས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་པ་བཅོ་ལྔ་དང་གཞན་དང་བླང་སྒྲིག་ཞུའི་མི་སྣ་བཅས་དཔུང་ཁག་གཉིས་ལས་གྲུབ་པའི་བསྡོམས་མི་སྣ་བརྒྱད་ཅུ་ཙམ་གྱིས། གཞི་རྩའི་མ་ཕྱི་དབལ་ཁྱུང་ཅན་དེ་བྱས་པའི་ཀུན་གསལ་སྙིང་པོ་མཆོག་གིས་གཙོ་འཛིན་གྱིས་བསྒྲིགས་གནང་བ་དེ་ཉིད་སླར་ཡང་མ་ཕྱི་དངོས་དང་མཚུངས་བསྡུར་གྱི་ལས་རིམ་བརྒྱ་ཆ་དགུ་བཅུ་ཡན་གྲུབ་ཟིན།  ད་ཐེངས་ཀྱི་ལས་གཞི་འདི་ཉིད་གཞི་རྩའི་ཆ་ནས་དཔེ་བསྡུར་དཔེ་སྐྲུན་གྱི་འཆར་གཞི་མ་ཡིན་མོད།  མ་ཕྱི་དབལ་ཁྱུང་བཀའ་འགྱུར་དེ་ཉིད་གཅིག་ནས་དུས་ཡུན་རིང་པོར་ལག་བྲིས་ཀྱི་དཔེ་རྒྱུན་རང་ཡིན་པ་དང་།  དགོས་སུ་བརྒྱུད་རིམ་དེ་དག་གི་ཁྲོད་བྲིས་མཁན་གྱི་ཡིག་ནོར་དང་ལྷག་ཆད་མངོན་གསལ་ཅན་མང་བའི་དབང་གིས་མཐའ་གཅིག་ཏུ་ཡིད་རྟོན་རུང་མིན་ལ་བརྟེན།  ད་ཐེངས་ཕྱོགས་སོ་སོར་ཁ་འཐོར་དུ་བཞུགས་པའི་བཀའ་འགྱུར་གྱི་རིགས་རྣམས་བཙལ་འཚོལ་གྱིས་དཔེ་བསྡུར་གང་ཐུབ་བྱ་རྒྱུ་ནི་དུས་ཐོག་གི་ཆར་པ་ལྟར་ཡིན་གཤིས།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཚོགས་གཙོ་དང་།  དྲུང་ཡིག  ཁོངས་མི་བཅས་མི་སྣ་ལྔ་ལས་གྲུབ་པའི་བཀའ་འགྱུར་ཆེན་མོའི་དཔེ་བསྡུར་མ་ཕྱི་བཙལ་འཚོལ་གྱི་ཚོགས་ཆུང་ཆེད་དུ་བཙུགས་ཏེ།   དེ་སྔོན་པར་ཟིན་པའི་བླ་མ་ཨ་གཡུང་ཅན་དང་།  བོན་བློན་ནམ་མཁའ་བསྟན་འཛིན་ཅན།  སྟེང་ཆེན་དགོན་གྱིས་འཚོལ་བསྡུ་གནང་བའི་བཀའ་འགྱུར་མ་ཕྱིའི་རིགས།  སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་པར་བའི་བརྟེན་འགྱུར་ཁྲོད་ཀྱི་བཀའ་ཡི་རིགས།   གཞན་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་།  མི་སྒེར་སོགས་ནས་དཔྱད་ཞིབ་འཚོལ་བསྡུ་བྱས་པའི་བཀའ་འགྱུར་དཔེ་བསྡུར་རུང་བའི་ཡིག་ཆ་པོད་ཉིས་བརྒྱ་ལྷག་ཙམ་ལག་སོན་བྱུང་ཡོད་ལ་དེ་དག་ཚང་མ་པར་ལོག་བརྒྱབ་ཅིང་།  མ་འོངས་དཔྱད་གཞི་དང་དཔེ་དཀོན་སྲུང་སྐྱོབ་ཆེད་ཚང་མ་གཤེར་འབེབ་ཀྱིས་མཉམ་འབྲེལ་ལྷན་ཚོགས་སུ་ཉར་ཚགས་བྱས་ཡོད་ལ།   དེ་སྔོན་དཔེ་བསྡུར་ཡ་མ་རྙེད་པ༼མདོ་ཀ་བ་གླིང་དགུ། གཡུ་ལོའི་ཐར་མདོ་ལྟ་བུ༽མང་པོ་ཞིག་ཀྱང་ད་ལན་རྙེད་ཡོད། འོན་ཏེ་རྣམ་དག་འདུལ་བའི་འབུམ་སོགས་ད་དུང་བསྡུར་ཡ་མ་རྙེད་པ་འགའ་ཞིག་ཡོད་པ་དེ་དག་ཀྱང་རིམ་པས་འཚོལ་ཞིབ་བྱ་དགོས།

གསུམ།   ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དངོས་ཀྱི་སྐོར།

ཚོགས་འདུ་འདི་ཉིད་དུས་ཡུན་རིང་པོ་དང་མི་གྲངས་མང་པོ་དེ་འདྲ་མ་ཡིན་མོད།  བཀའ་འགྱུར་དཔེ་སྐྲུན་རྒྱུད་རིམ་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་སྟེ།  དེ་སྔོན་སྒྲིག་ཞུ་བ་རྣམས་ཀྱིས་གཞི་རྩའི་དབལ་ཁྱུང་བཀའ་འགྱུར་དེ་ཉིད་མ་བུ་ཐོད་གཏུགས་ཙམ་ཡིན་མོད།  ད་ཐེངས་མ་ཕྱི་གཞན་པ་དང་དཔེ་བསྡུར་ཇི་ལྟར་ཞུ་དགོས་པའི་སྐོར་ལ་གཅིག་གྱུར་གྱི་འཆར་གཞི་དང་།   བྱེད་ཐབས་སོགས་ཀྱི་སྒྲིག་གཞི་ཕྱོགས་ཡོངས་ནས་ཆ་ཚང་གཏན་ཁེལ་གནང་རྒྱུ་དེ་རེད།  ཚོགས་འདུའི་ཐོག་ཚོགས་གཙོ་རྩེ་ཞིག་ཚང་གིས༼༢༠༡༧་༩་༣༽ཉིན་གྲོས་འཆམ་བྱུང་བའི  ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཐད་ཀྱི་སྲོལ་ཡིགཅེས་པ་འགྲེལ་བརྗོད་གནང་བར་གཙོ་བའི་ནང་དོན་སྐོར་ནི། བསྟན་ལ་སྲི་ཞུ་སྒྲུབ་པར་ཁ་ཞེ་གཉིས་མེད་ཡིན་པ།   ལས་གཞི་འདིར་ཞུགས་ནས་མཐའ་འཁྱོང་བའི་ཆོད་སེམས་བརྟན་པ།  གོང་འོག་བར་གསུམ་ལ་བསྟུན་མཁས་ཤིང་མཉམ་ལས་ཐུབ་པ།  གཞུང་ལུགས་ཀྱི་གོ་རྟོགས་སྤྱི་དང་།  བརྡ་གསར་རྙིང་གི་ཁྱད་པར།   ལྷག་དོན་གཞུང་སོ་སོའི་གོང་འོག་སྤྱི་ཡི་བབ་ལ་དཔྱད་མཁས་པ།  མ་བུ་ཐོད་གཏུགས་སྐབས་མ་མཐའ་ལན་གཉིས་རེ་དང་།  དཔེ་བསྡུར་དངོས་ལ་ལན་གསུམ་རེ་ལྟ་རྒྱུ། དཔེ་བསྡུར་སྐབས་མངོན་གསལ་བྲིས་པའི་ལྷག་ཆད་དང་ཡིར་ནོར། གོ་རིམ་འཁྲུག་པ་རྣམས་ཐད་ཀར་བཅོས་རྒྱུ་དང་། གློག་ཀླད་དུ་སྒྲིག་དཀའ་བའི་གཏེར་རྟགས་སོགས་རི་མོའི་ལམ་ནས་འབྲི་བ། དགོས་ངེས་ཀྱི་བསྡུར་མཆན་རྣམས་ཀྱང་འགོད་སྟངས་གཅིག་གྱུར་བྱེད་པ།  ཐུན་མིན་བརྡ་རྙིང་རིགས་དང་། གཞུང་དེར་གཅིག་གྱུར་གྱི་བརྡ་ཆད་མངོན་གསལ་ཅན་རྣམས་ཕུད། གཞན་མིང་དང་། ཕྲད། བྱ་ཚིག་བཅས་ཡིག་ནོར་རིགས་དག་ཞུས་བྱེད་སའི་གཞི་གཙོ་བོ་བརྡ་སྤྲོད་ཉི་ཤུ་བདུན་པ་དང་།  སྲིད་པའི་སྒྲོན་མེ་གཉིས་ལ་བཟུང་རྒྱུ།  དཔེ་བསྡུར་བྱ་བའི་གོ་རིམ་ཁྲོད་གོ་དཀའ་བའི་དོན་ཚིག་རིགས་འབྲེལ་ཡོད་དྲྭ་ཚོམས་སུ་བགྲོ་གླེང་དོགས་གཅོད་དང་། དེ་བཞིན་ལོ་སོ་སོའི་དཔེ་བསྡུར་བགྲོ་གླེང་ཚོགས་འདུའི་ཐོག་གྲོས་མོལ་གྱིས་ཐག་གཅོད་རྒྱུ། དང་བླང་སྒྲིག་ཞུ་བ་སོ་སོར་བབ་པའི་དཔེ་བསྡུར༼༢༠༡༩་༡༠༽པའི་ཟླ་དཀྱིལ་དུ་དཔེ་བསྡུར་དཔྱད་གླེང་ཚོགས་འདུའི་ཐོག་ཁྱེར་ཏེ་རྩིས་སྤྲོད་ཐུབ་པ་བྱ་རྒྱུ་བཅས་ཡིན།

དེ་བཞིན་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་མཆོག་གིས་ཆེད་དུ་རྩོམ་སྒྲིག་གནང་བའིཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཞུ་དག་སྐོར་གྱི་གསལ་བཤད་གཅིག་ཤེས་ཀུན་གྲོལཞེས་པ་འགྲེལ་བཤད་མཛུབ་སྟོན་གནང་བ་སྟེ།  ཁོང་གིས་དཔེ་བསྡུར་བྱེད་པའི་གཞིཁམས་ཆེན་འཕྱོང་འབུམལ་དཔེ་བཞག་སྟེ་དེའི་མ་ཕྱི་གཙོ་བོ་དབལ་ཁྱུང་ཅན་དང་།  བསྡུར་དཔེ་གཞན་ཁྲོ་ཆེན་ཤིང་པར་དང་།   ཁྱུང་པོ་སྤ་ཟླ་ཁ་འོ་ཚང་གི་ལག་བྲིས་དཔེ་རྙིང་གཉིས་ལ་བཞག་པའི་ཐོག  རྩ་དཔེ་དང་བསྡུར་དཔེ་གཉིས་མི་འདྲ་བའི་རིགས་མཐའ་དག་བསྡུར་མཆན་དུ་བཀོད་ན་མཆན་ཧ་ཅང་མང་བ་དང་། གནད་དོན་ཆེ་རིགས་བསྡུར་མཆན་མ་བཀོད་ན་གཞི་རྩའི་ཁྱད་པར་གང་ཡོད་རྟོགས་དཀའ་བར་བརྟེན། མཐའ་གཉིས་སུ་མ་ལྷུང་བའི་ཐོག་ནས་གང་ཞིག་ཡིག་ནོར་མངོན་གསལ་ཅན་གྱི་རིགས་རྣམས་བསྡུར་མཆན་མི་འགོད་པར་ཐད་ཀར་བཅོས་རྒྱུ་དང་། དོགས་གཞི་ཅན་རྣམས་བསྡུར་མཆན་དུ་ཁ་གསལ་གྱིས་ཁྲོ་ཆེན་ཅན་ལ་བསྡུས་རྟགསཁྲོདང་།                     ཁྱུང་པོའི་ཅན་ལཁྱུངལྟ་བུས་མཚོན་ཏེ་བསྡུར་མཆན་གྱི་གསལ་བཤད་འགོད་རྒྱུ།  དེང་དུས་མི་སྤྱོད་ཅིང་ནོར་བ་ལྟར་སྣང་རུང་དཔེ་རྙིང་དག་ཏུ་གསལ་བའི་ཐུན་མིན་འབྲི་སྟངས་དཔེར་ན། “གཙང་མ”ལ“རྩང་མ” དང་། “དབྱར་དགུན་སྟོན་དཔྱིད”ལ།  “དབྱར་རྒུན་སྟོན་དཔྱིད”དང་།  “ལ་སོགས”ལ“ལས་སོགས”སམ“ལས་སྩོགས”ལྟ་བུའི་རིགས་གནའ་སྲོལ་སོར་བཞག་བྱེད་པ་ལས་གང་དྲན་གྱིས་མི་བཅོས་པ།  ཡང་གཞུང་གཅིག་ཏུ“གཏན་ལ་ཕབས་པ”དང་།  “གཏན་ལ་ཕབ་བ”  “བཟུངས་པ”དང་།  “བཟུང་བ”ལྟ་བུ་ངེས་མེད་ཡིན་ཚེ་ཐོབ་ཐང་ལྟར་འབྲི་བ་དང་།  གཅིག་གྱུར་ཡིན་ན་དེ་བཞིན་འབྲི་བ་སོགས་ཀྱིས་མཚོན་དཔེ་བསྡུར་ཇི་ལྟར་བྱེད་པ་དང་།  བསྡུར་མཆན་ཇི་ལྟར་འགོད་པ་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་མཛད་ཡོད་ལ་ཞིབ་ཕྲ་སྒྲིག་ཞུ་་བ་སོ་སོས་ཡིག་ཆ་དངོས་ལ་མཇལ་ཏེ་མཁྱེན་དགོས་པ་ཡིན།  མདོར་ན་ཡིག་ཆ་འདི་ནི་ཐེངས་འདིའི་དཔེ་བསྡུར་ཞུ་སྒྲིག་གི་རྩ་བའི་གཞི་འཛིན་ས་དཀྱིལ་འཁོར་གྱི་ཚངས་ཐིག་ལྟ་བུ་ཞིག་ཡིན་པས་ཚོགས་འདུ་འདིའི་ཆེས་བཀྲག་མདངས་འཚེར་ས་ཞིག་དང་།  གཙོ་གནད་ཀྱི་ཁ་ཕྱོགས་གཏན་ལ་འབེབས་པའི་ཕྱོགས་སྟོན་འཁོར་ལོ་ཞིག་ཏུ་གྲུབ་ཡོད། 

དེ་མཚུངསགཏན་འབེབས་བྱ་དགོས་སྐོར་གྱི་གསལ་བཤདཅེས་པའི་ཡིག་ཆ་དེ་ཉིད་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་འགྲེལ་བཤད་གནང་སྟེ།  དེའི་ནང་དོན་གཙོ་བོ་ཁག་ནི།  སྒྲིག་ཞུ་བ་སོ་སོས་དཔེ་བསྡུར་གནང་བའི་དཔེ་ཆ་དེ་ཉིད་ཀྱི་དཀར་ཁག་རྒྱས་གསལ་དང་།  དཔེ་ཆ་དེའི་ནང་དོན་གནད་བསྡུས།  དེ་བཞིན་དཔེ་ཆ་དེའི་ནང་དོན་དང་འབྲེལ་བའི་དཔྱད་རྩོམ་ཡིག་འབྲུ་ཉིས་སྟོང་ཙམ་དང་།  སྒྲིག་ཞུ་བ་སོ་སོའི་ལོ་རྒྱུས་གནད་བསྡུས་ཡིག་ལྔ་བརྒྱ་ཙམ་རེ།  སྒྲིག་ཞུ་བ་སོ་སོའི་གཅིག་གྱུར་གྱི་མཚན་དང་། སྐུ་པར་རེ་ཡང་དགོས། དཔེ་ཆའི་ཁ་བྱང་ངམ་མིང་གཅིག་ཀྱང་ནང་དོན་མི་འདྲའམ། ༼ཀླུ་འབུམ་དཀར་པོ།  བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་ལྟ་བུ།༽ ཡང་ན་ནང་དོན་གཅིག་ཀྱང་མིང་མི་འདྲ་བ༼གཡུང་དྲུང་སྡེ་ལྔ།  ཕན་བྱེད་གཟུངས་སྡེ་ལྔ་པ། གཟུངས་གྲ་ལྔ་ལྟ་བུ།༽བའི་རིགས་རྣམས་གང་དགོས་བཀའ་གྲོས་གནང་རྒྱུ།   མ་ཡིག་དང་བསྡུར་དཔེ་གཉིས་ཚིག་དོན་མི་འདྲ་བའམ་དོགས་གཞི་ཆེ་ལ་ཐག་གཅོད་དཀའ་བ་རྣམས༼ཀུན་འབྱུང་དབྱིངས་དག་གི་གཞུང་ཚིག    ལྷ་སྲས  ཡན་ལག་ཤེས་གྱིན་དཔེ་དཔོན་འབྱོར།     རྩེ་དྲུག ཡན་ལག་ཤེས་ཤིང་དེས་དཔོན་འབྱོར། སྣང་ཞིགཡན་ལགས་ཤེས་ཀྱིན་དཔེ་དཔོན་འབྱོར།   སྟེང་དགོན ཡན་ལག་ཤེས་ཀྱིན་དཔེ་དོན་འབྱོར།  ལྟ་བུ།༽ ཟུར་འགོད་ཀྱིས་ཚོགས་འདུར་བགྲོ་གླེང་གནང་རྒྱུ།   སྒྲིག་ཞུའི་སྐབས་བྲིས་པའི་ལག་ནོར་སོགས་མངོན་གསལ་ཅན་རྣམས་ཕུད།  དེ་མིན་མ་དཔེ་དང་བསྡུར་དཔའིེ་བར་ཁྱད་པར་མངོན་གསལ་ཡོད་རིགས་བསྡུར་མཆན་འགོད་དེ་གསལ་བཤད་བྱེད་རྒྱུ།  བསྡུར་མཆན་གྱི་ཨང་རིམ་ཤོག་ངོས་རེ་བཞིན་མ་ཡིན་པས་དཔེ་ཆ་སོ་སོའི་མཇུག་མ་གྲུབ་པར་ཨང་རིམ་བརྒྱ་སྟོང་སོགས་ག་ཚད་དགོས་ཀྱང་དེ་ལུགས་འབྲི་རྒྱུ། གཞན་ཡང་བཀའ་འགྱུར་སྤྱིའི་དཀར་ཆག་རྩོམ་སྒྲིག་བྱེད་རྒྱུ་སྟེ།  དེའི་ནང་དོན་བོན་བསྟན་སྤྱི་ཡི་བྱུང་འཕེལ་དང་།  སྟོན་པའི་མཛད་རྣམ།  དགོས་སུ་མདོ་འབུམ་རྒྱུད་མཛོད་བཞིའི་རྣམ་བཤད། དེ་འབྲེལ་སྐབས་བབ་བཀའ་འགྱུར་གྱི་དཀར་ཆག་ཕྱོགས་བསྡུས་འགོད་རྒྱུ་བཅས་ཡིན།   རྩོམ་སྒྲིག་ཨུ་ལྷན་མི་སྣ་རྣམས་འདི་ལོའི་སྤྱི་ཟླ་དགུ་པའི་ཚེས་གཅིག་ནས་གཅིག་གྱུར་གྱིས་ཁྲིན་ཏུར་མཉམ་བཞུགས་ཡོང་བའི་གྲ་སྒྲིག་གནང་རྒྱུ་བཅས་རེད། 

དེ་བཞིན་ཚོགས་ཞུགས་རྣམ་པ་ཡོངས་ཀྱིས་ཚོགས་འདུའི་དུས་ཚོད་སྐར་ཆ་རེ་ཡང་དམ་འཛིན་གྱིས་སོ་སོའི་དེ་སྔོན་སྒྲིག་ཞུའི་སྐོར་གྱི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་།  འཕྲད་པའི་དཀའ་ངལ་སེལ་ཐབས་ཀྱི་དྲི་བ་དང་བགྲོ་གླེང་།   མ་འོངས་པའི་ལས་གཞི་དང་འབྲེལ་བའི་གྲོས་གཞི་དང་ཐབས་ལམ་སོགས་ཕྱོགས་གང་ཐད་ནས་བཀའ་མོལ་ལྷུག་པོར་གནངས།  དེ་དག་ཚོགས་མི་གཞན་དག་གིས་ཟིན་ཐོ་བཀོད།  མཇུག་ཏུ་ཟིན་ཐོ་ཚང་མ་ཚོགས་ཆེན་དུ་གསལ་བསྒྲགས་དང་འབྲེལ།  སྤྱི་ཁྱབ་རྩོམ་སྒྲིག་པ་མཆོག་གིས་དེ་དག་དོན་ཚན་བཅུ་རུ་ཕྱོགས་བསྡོམས་ཀྱི་སྒོ་ནས་དཀའ་ཁག་རིགས་ཇི་ལྟར་སེལ་བའི་ཐབས་ལམ་དང་།  གྲོས་གཞི་གསར་པ་ལ་དཔྱད་བརྗོད་དང་།  འཕྲད་པའི་དོགས་གནད་རིགས་ལ་གསལ་བཤད་གནད་སྨིན་བསྩལ།  མཇུག་ཏུ་ཚོགས་གཙོ་ཨ་ལགས་ཚང་གིས་ཐེངས་འདིའི་ཚོགས་འདུ་དེ་བཞིན་ཕྱོགས་ཡོངས་ནས་ཐུགས་གྲ་ལེགས་འགྲིག་ཇི་ལྟར་བྱུང་བའི་སྐོར་གྱི་ཕྱོགས་བསྡུས་གསུང་བཤད་དང་།   མ་འོངས་པར་ཡང་དེ་བཞིན་བགྱི་བ་རླབས་པོ་ཆེ་ཕྱོགས་ཡོངས་་ནས་ལམ་སློང་ལེགས་གྲུབ་ཡོང་བའི་ཤིས་སྨོན་དང་།  ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཐུན་མོང་ངོས་ནས་ཚོགས་ཕེབས་ཀྱི་མི་སྣ་ཡོངས་ལ་རྟེན་འབྲེལ་ཕྱག་རྟགས་ལེགས་འབུལ་གྱི་མཛད་སྒོ་བཟང་པོས་མཐའ་བརྒྱན་པ་དང་བཅས།

ཐེངས་འདིའི་ཚོགས་འདུའི་དགོངས་དོན་གོ་ཚོད་གནད་བསྡུས་ཟིན་ཐོ་ཙམ་ཞིག་བྲིས་པ་ལགས་སོ། །
ཐ་ཚན་མུ་ཙུག་སྨར་རོ། །༢༠༡༨་༤་༢༤

1524735498320027.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།