རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པའི་དངོས་གཞིའི་རྟགས་སྒྲིལ་ལས་རིམ་དང་པོ།

[ཟླ་ཚེས། 2017-12-27 20:19:56][རྩོམ་པ་པོ། དབུས་གཡུང་དྲུང་བོན་དྲ་ཚིགས་རྒྱུན་ལས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1514378264374935.jpg

བསྟན་པའི་མཆོག་གྱུར་འཁྲུལ་མེད་བོན་ལུགས་ཀྱི། །སྐྱབས་གནས་མཆོག་གྱུར་རྩ་གསུམ་མཆོག་གསུམ་དང་།

བསྟན་སྲུང་མཆོག་གྱུར་བོན་སྐྱོང་སྡེ་དྲུག་གི། །མཁྱེན་བརྩེའི་མཆོག་གྱུར་གཡེལ་མེད་འདིར་གཟིགས་ཤིག

མཁས་པའི་མཆོག་གྱུར་མཉམ་མེད་ཤེས་རྒྱལ་གྱི། །བསྟན་འཛིན་མཆོག་གྱུར་སྐྱེས་བུ་འདི་ཡིན་ཞེས།

ལུང་བསྟན་མཆོག་གྱུར་ངེས་གསལ་བསྟན་དུ་གསོལ། །ངེས་པའི་མཆོག་གྱུར་འཁྲུལ་མེད་བསྩལ་དུ་གསོལ།

1514378264268044.jpg

   གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་མེ་བྱ་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་དགུ་ཉིན་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༧ ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་གསར་བདམས་ཀྱི་དངོས་གཞིའི་རྟགས་སྒྲིལ་དང་པོ་བསྒྲིལ་པའི་ལས་རིམ།

1514378264639151.jpg

   གོང་ཚེས་ཉིན་གྱི་སྔ་དྲོར་ཆུ་ཚོད་བཅུ་པ་ཙམ་ནས་སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་ནས་རྟགས་རིལ་གྱི་སྒྲུབ་བུམ་ཚོགས་ཁང་དུ་གདན་འདྲེན་ཞུས་ཤིང་བོན་སྐྱོང་མ་བདུད་བཙན་རྒྱལ་གྱི་གནད་བསྐང་སོགས་དྲག་ཏུ་བསྐུལ་བ་ལས་དངོས་གཞིའི་རྟགས་སྒྲིལ་དང་པོའི་ཁོངས་ལས་རྟགས་རིལ་གཉིས་ཐོན་པ་བྱུང་།

1514378264565738.jpg

   རྟགས་རིལ་གཉིས་དེ་སླར་ཡང་སྒྲུབ་བུམ་དུ་བཅུགས་ཤིང་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་གདན་ཞུས་ཀྱིས་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་པའི་གཞུང་བསྲིང་ནས་བོན་སྐྱོང་མ་བདུད་བཙན་རྒྱལ་གྱི་ཚོགས་མཆོད་མུ་མཐུད་དུ་སྒྲུབ་གནང་མཛད་པ་དང་། ནམ་མཁའ་ལ་གཞའ་ཚོན་ཤར་བ་སོགས་རྟགས་དང་རྟེན་འབྲེལ་གྱི་མཚན་མ་ཡང་མངོན་དུ་བྱུང་། 

1514378264130192.jpg

   ཕྱི་ལོ་༢༠༡༨ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པར་དངོས་གཞིའི་རྟགས་སྒྲིལ་མཐའ་མ་བསྒྲིལ་ནས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རྒྱལ་ཁའི་ངང་ཁྲི་ལ་འགོདའཆར་ཡིན་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

༧དབུས་གཡུང་དྲུང་བོན་དྲ་ཚིགས་རྒྱུན་ལས་ཁང་ནས།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།