༧སྨན་རིའི་ཁྲི་འཛིན་༣༤པའི་རྟགས་སྒྲིལ་སྐོར་གྱི་དུས་ཚེས་གསལ་བསྒྲགས།

[ཟླ་ཚེས། 2017-12-21 14:03:26][རྩོམ་པ་པོ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོག​ས][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171221140612.jpg微信图片_20171221140618.jpg

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པའི་རྟགས་སྒྲིལ་སྐོར་གྱི་དུས་ཚེས་གསལ་བསྒྲགས།

微信图片_20171221140628.jpg微信图片_20171221140633.jpg


   ༄༅། །ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་རྒྱལ་ཕྱི་ནང་གང་ན་བཞུགས་པའི་དད་ལྡན་བོན་འབངས་ཡོངས་ཀྱི་སྙན་དབང་དུ་ཞུ་གསོལ།

    འདི་ག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སུ་རྟེན་གཞིར་བཅས་པའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ། ཞྭ་དཀར་བསྟན་པའི་གཙུག་རྒྱན་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤་པ་བསྐོ་ཕྱོགས་ཐད། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་ཇི་དགེའི་བཀའ་སློབ་ལམ་སྟོན་ཞུས་པ་གཞིར་བཟུང་ཐོག ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོ་བོར་གྱུར་པའི་འབྲེལ་ཡོད་གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དང་། ཕྱི་ནང་གི་གནད་ཡོད་མི་སྣ་མང་པོས་བཀའ་བསྡུར་རིམ་པར་གནང་སྟེ། དེ་སྔོན་བཞིན་ཁོར་ཡུག་གནས་སྟངས་དང་ཡུལ་དུས་རྐྱེན་དབང་མང་པོ་ཞིག་ལ་གཞིགས་ནས་བྱེས་ཀྱི་དགེ་བཤེས་རྣམས་ཀྱི་མཚན་བྱང་བསྡུས་ཏེ་སྔར་སྲོལ་ལྟར་ལྷ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་བདེན་བདར་གྱིས་རྟགས་སྒྲིལ་གྱི་བྱེད་སྒོ་སྤེལ་བཞིན་ལགས་ན།
      གལ་ཆེའི་བྱེད་སྒོ་འདིའི་སྦྱོར་དངོས་རྗེས་གསུམ་ཀུན་ཏུ་ཕྱི་ནང་གི་འགལ་རྐྱེན་མེད་ཅིང་། གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཐབས་མཁས་ཐུགས་རྗེ་ཅན་དང། བསྟན་འགྲོའི་མཛད་པ་རླབས་ཆེན་བསྒྲུབ་པར་ནུས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་རྟགས་སྒྲིལ་དུ་འབབ་པའི་ཕྱིར། འཛམ་གླིང་ས་ཕྱོགས་གང་ན་བཞུགས་པའི་དད་ལྡན་བོན་འབངས་རྣམས་ནས། ལྷ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་བ་སྨོན་ལམ་ཤུགས་དྲག་འདེབས་པའི་རེ་བསྐུལ་ཞུ་རྒྱུ་ཡིན།
      དེ་ཡང་ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་༡༩ ཉིན་རྟགས་སྒྲིལ་གྱི་ཁོངས་སུ་ཞུགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་རྣམས་ཀྱི་མཚན་རྣམས་ཆད་ལུས་མེད་པར་སྨན་སྤོས་དྲི་བཟང་སྦྱར་ཏེ་ཟན་བསྒྲིལ་ཞུས་ཟིན་པ་དང། ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་༢༡ཉིན་རྟགས་སྒྲིལ་གྱི་བྱེད་སྒོ་ཁག་ལ་གེགས་དང་བར་ཆད་མེད་ཅིང་ཐམས་ཅད་ལྷུན་གྱིས་འགྲུབ་ཕྱིར་སྣ་སེལ་གྱི་རིམ་གྲོ་སྟེ། རྒྱུན་བཞིའི་གེགས་སེལ་གྱི་བོན་སྤྱོད་གནང་རྒྱུ། ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་༢༢ཉིན་ཡི་དམ་ལྷ་དང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད་ཚོགས་རྒྱས་འབུལ་བཅས་རྟགས་སྒྲིལ་གྱི་སྒྲུབ་པ་དངོས་སུ་དབུ་འཛུགས་ཞུ་རྒྱུ། ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་༢༧ཉིན་གྱི་ཞོགས་པར་དངོས་གཞིའི་རྟགས་སྒྲིལ་དང་པོ་བསྒྲིལ་རྒྱུ། ཕྱི་ལོ་༢༠༡༨ ཕྱི་ཟླ་༠༡ ཚེས་༠༡ ཉིན་ཏེ། འཕྲོད་སྦྱོར་ཐམས་ཅད་དགེ་ཞིང་ཤིས་པ་ཕྱི་ལོ་གསར་ཚེས་ཀྱི་ཉིན་མོར། དངོས་གཞིའི་རྟགས་སྒྲིལ་མཐའ་མ་བསྒྲིལ་རྒྱུ་ལགས་ན་དེ་དོན་ཀུན་གྱིས་ཐུགས་དབུས་སུ་འཇགས་པར་ཞུ།།
ཟུར་ཞུ། སྔར་སྲོལ་ལྟར་རྟགས་སྒྲིལ་གྱི་དངོས་གཞིར་ཞུགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་ནས། རྟགས་སྒྲིལ་གྱི་སྒྲུབ་པའི་མཇུག་མ་གྲུབ་པའི་བར། རང་ཉིད་རྟགས་སྒྲིལ་དུ་བབས་པའི་ཕྱིར་ལྷ་སྲུང་ལ་འཕྲིན་བཅོལ་དང་ལས་རླུང་དར་ཕྱིར་གྱི་བྱེད་སྒོ་གང་ཡང་སྤེལ་དུ་མི་རུང་བའི་སྲོལ་ཡོད་པས་དེ་ལུགས་དགོངས་དབྱིངས་སུ་མངའ་བ་བཅས།།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༢༡ཉིན་དགེ་བར་ཕུལ།

微信图片_20171221135502.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།