ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས་ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་པ།

[ཟླ་ཚེས། 2017-12-15 16:46:02][རྩོམ་པ་པོ། གསར་འགོད་པ། ཀུན་བཟང་དབང་མོ། མཁའ་སྤྱོད་དབང་མོ།][རྩོམ་ཁུངས། ཀྲུང་དབྱངས་རླུང་འཕྲིན་ལས་ཁུངས།][ཀློག་གྲངས། ]

1513327585230263.jpg
བཞུགས་མོལ་ཚོགས་འདུའི་ཡུལ་དངོས།

   སྤྱི་ཟླ་༡༢པའི་ཚེས་༡༥ཉིན།རྔ་བ་ཁུལ་བོད་ཀྱི་ལོ་རྒྱུས་རིག་གནས་དང་གནའ་དཔེ་ཞིབ་འཇུག་མཐུན་ཚོགས་ཀྱིས་སྡུད་སྒྲིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་ཁྲེན་ཏུའུ་རུ་བདེ་ལེགས་ངང་འཚོགས་ཡོད་ཅིང་།

1513327874231123.jpg

   དཔེ་ཚོགས་འདིའི་ནང་དུ་རྒྱལ་རོང་ས་ཆའི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། བན་བོན་གྱི་ཆོས་ལུགས། མི་སྣའི་རྣམ་ཐར།དམངས་ཁྲོད་སྒྱུ་རྩལ། སྐར་རྩིས། མོ་རྩིས། གཞུང་ཡིག གནས་རི་དང་བན་བོན་དགོན་སྡེ་ཁག་གི་རིག་གནས་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རྩ་ཆེན་མང་པོ་ཕྱོགས་བསྒྲིགས་བྱས་ཡོད།

ཐེངས་འདིའི་ཚོགས་འདུའི་ཐོག་དཔེ་ཚོགས་བསྡུ་སྒྲིག་དང་སྒྲིག་སྒྱུར་གནང་མཁན་མི་སྣ་རྣམས་དང་། རྒྱལ་མོ་ཚ་བ་རོང་གི་ཤེས་རིག་སྐོར་གྱི་ཆེད་མཁས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན་དང་ལས་མི་སོགས་ཞུགས་ཡོད།

ཚོགས་འདུ་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཞེས་པ་དཔེ་སྐྲུན་གནང་བའི་བརྒྱུད་རིམ་དང་། དོན་སྙིང་བཅས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་བ།

བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་ལགས།

བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་ལགས་ཀྱིས་གཙོ་བྱས་པའི་རྩོམ་སྒྲིག་པ་རྣམ་པས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གཙོས་པའི་སློབ་གྲྭ་དང་ལས་ཁུངས་བདུན་ལྷག་ལ་པོད་བཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་ལེགས་སྐྱེས་སུ་ཕུལ།

མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས།

ཐེངས་འདིའི་ཚོགས་འདུར་ཕེབས་པའི་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་རྒྱལ་མོ་ཚ་བ་རོང་གི་ཤེས་རིག་ལོ་རྒྱུས་སྐོར་གྱི་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་དཔེ་ཚོགས་འདི་རྩོམ་སྒྲིག་གནང་བའི་དམིགས་ཡུལ་དང་། ནང་དོན། ཡིག་ཆའི་ཁུངས། རིན་ཐང་བཅས་ཀྱི་ཐད་གསུང་བཤད་ལྷུག་པོར་གནང་བ་དང་། རྒྱལ་མོ་ཚ་བ་རོང་གི་ཤེས་རིག་སྐོར་གྱི་ཆེད་ལས་མཁས་པ་རྣམས་ཀྱིས་དཔེ་ཚོགས་འདི་ཉིད་པར་སྐྲུན་གནང་བ་དེས་བོད་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་རྒྱལ་རོང་གི་ཤེས་རིག་ཐད་ནས་སྔར་མེད་པའི་དཔྱད་གཞིའི་ཡིག་ཆ་དང་ལོ་རྒྱུས་ཀྱི་སྟོང་ཆ་གསར་བ་ཞིག་བསྐངས་ཡོད་པ་དང་། འདིས་ཕྱིས་འབྱུང་གི་རྒྱལ་རོང་ས་ཆའི་ཆོས་ལུགས་རིག་གནས་དང་། ལོ་རྒྱུས། སྐད་བརྡ། ཡུལ་སྲོལ་གོམས་གཤིས་བཅས་རྒྱུད་འཛིན་དང་དར་སྤེལ་དང་། ཡང་ན་ཞིབ་འཇུག་བྱེད་པ་སོགས་ལ་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་འདོན་གནང་བར་གདེང་འཇོག་ཆེན་པོ་གནང་ཡོད།

རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལས་གཞི་རླབས་ཆེན་འདི་ཉིད་༢༠༠༦ལོ་ནས་འགོ་བརྩམས་པ་ཡིན་ལ། སྔ་ཕྱིར་བགྲང་བྱ་བཅུ་གཉིས་ལྷག་གི་རིང་མ་ཕྱི་འཚོལ་སྡུད་དང་དག་སྒྲིག ལོ་ཙཱ་བཅས་ཀྱི་ལས་ཀ་ལེགས་པར་གྲུབ་སྟེ།ད་ལམ་པོད་བཅུ་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་ཉིད་བློ་ལྡན་དོན་གཉེར་ཅན་དག་གི་བསོད་ནམས་ཀྱི་བགོ་སྐལ་དུ་འབུལ་ཐུབ་པ་བྱུང་བས་ཀུན་ལ་ཕན་པར་གྱུར་ཅིག

ཡོང་ཁུངས། ཀྲུང་དབྱངས་རླུང་འཕྲིན་ལས་ཁུངས།
གསར་འགོད་པ། ཀུན་བཟང་དབང་མོ། མཁའ་སྤྱོད་དབང་མོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།