སྟེང་ཆེན་ཁྱུང་ནག་ཟླ་དགོན་རི་ཁྲོད་ནས་དགོངས་རྫོགས་མཆོད་འབུལ།

[ཟླ་ཚེས། 2017-09-27 12:56:10][རྩོམ་པ་པོ། རི་ཁྲོད་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170927124533.jpg

ཁྱུང་ནག་ཟླ་དགོན་རི་ཁྲོད་ནས་དགོངས་རྫོགས་མཆོད་སྤྲིན་ཕུལ་བ།

ཨེ་མ་ཧོ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།། མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་པའི།།

ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།། ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།

ཀྱེ་མ་ཧོ། མདོ་སྡེ་འདུལ་བའི་མངའ་བདག་སྨན་རི་བ།། མདོ་ལུང་སྟོན་པར་འོག་མིན་ཕེབས་དགོངས་སམ།།

མདོ་འབུམ་འཆད་ཉན་འདུལ་འཛིན་བྱེ་བ་འབུམ།། མདོ་ཡི་དགོངས་དོན་འཆད་ལ་སྐྱོ་འམ་ཅི།།

ཀྱེ་མ་ཧོ། གསང་སྔགས་རྒྱུད་སྡེའི་མངའ་བདག་སྨན་རི་བ།། གསང་འདུས་གཤེན་དང་དབྱེར་མེད་གྲུབ་ན་ཡང་།།

གསང་སྔགས་བསྟན་པ་དར་ལ་མ་སྨིན་དུས།། གསང་ཆེན་སྔགས་འཆང་ས་ཡ་འདོར་རམ་ཅི།།

     ཀྱེ་མ་ཧོ། ཟབ་མོ་ཡོངས་རྩེའི་མངའ་བདག་སྨན་རི་བ།། ཟབ་དོན་ཉམས་ལེན་མཐའ་རུ་ཕྱིན་ན་ཡང་།། ཟབ་མོ་རྫོགས་ཆེན་རྣལ་འབྱོར་དུང་ཕྱུར་འབུམ།། ཟབ་དོན་གདམས་ངག་མི་གནང་གཤེགས་དོན་ཅི།། ཁྱེད་ཀྱིས་ཐུགས་བསྐྱེད་ཁྲི་གདུགས་འོད་པོ་ཆེས།། ཐུན་མིན་གཡུང་དྲུང་བོན་གྱི་གཞུང་ལུགས་ཏེ།། མདོ་སྔགས་རྫོགས་གསུམ་གཞི་ལམ་འབྲས་བུའི་དོན།། འདུལ་ཞིང་གོ་ལའི་ཁྱོན་ལ་ཁྱབ་པར་མཛད།།བཀའ་དྲིན་དྲན་པས་ངོས་ནས་གསོལ་བ་འདེབས།།

微信图片_20170926101333.jpg微信图片_20170926101317.jpg 

     ཞེས་གཡུང་དྲུང་བོན་གྱི་བླ་ཆེན། ༧སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཞིང་ཁམས་གཞན་དུ་ཕེབས་པར་ཐོས་པ་དང་ལྷན་དུ། སྐྱོ་གདུང་གི་སྨྲེ་ངག་འདི་ཟླ་དགོན་རི་ཁྲོད་དུ་གྱི་ནར་གནས་པའི། ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་ནས་གསལ་བའི་མཆོད་མེ་སོགས། རྣམ་ལྔའི་མཆོད་པ་བཏེགས་ནས་ཕུལ་བའོ།། སྐྱབས་གཅིག་འགྲོ་བའི་མགོན་པོ་ཞྭ་དཀར་བསྟན་པའི་བདག་པོ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་གྱ་དགུ་བཞེས་པ་སྤྱི་ལོ་༢༠༡༧ལོའི་ཟླ་བ་༩ཚེས་༡༤ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགོངས་པ་བོན་དབྱིངས་སུ་མངོན་པར་ཐིམ་པའི་གནས་ཚུལ་ཐོས་འཕྲལ།   ཉིན་དེ་ནས་བཟུང་ཉིན་གསུམ་གྱི་རིང་དུ་སྐྱབས་འོག་པ་ངེད་ཅག་ཟླ་དགོན་རི་ཁྲོད་ཀྱི་འདུས་སྡེ་དག་གིས་སྐྱོ་གདུང་དྲག་པོའི་ངང་ནས་མྱ་ངན་ཞུས་པ་དང་།  

 微信图片_20170926101339.jpg

     སྐྱབས་རྗེ་བླ་མའི་ཐུགས་དགོངས་རྫོགས་ཕྱིར་བླ་མའི་མཆོད་པ་དང་མཉམ་མེད་བླ་མའི་བླ་སྒྲུབ་སོགས་དགེ་སྒྲུབ་གང་ཆེ་བགྱིད་བཞིན་ལགས་ན་རྗེ་བླ་མའི་ཐུགས་རྗེ་བྱིན་རླབས་སྤྲོས་ཏེ། རྗེ་བླ་མའི་དགོངས་བཞེད་གཡུང་དྲུང་བོན་གྱི་བསྟན་པ་མཁའ་མཐར་ཁྱབ་པ་དང་། གཡུང་དྲུང་བོན་གྱི་བསྟན་འཛིན་གྱི་སྐྱེས་མཆོག་རྣམ་པ། ཐུགས་མཐུན་དམ་གཙང་གི་ས་སྟེང་གང་བའི་སྨོན་འདུན་ཡང་ཡང་ཞུས་པ་དང་། དེ་རྗེས་ཞག་གསུམ་དྲོས་བཞི་ཉིན་སྐྱབས་འོག་པ་ངེད་ཅག་གི་རྗེ་བླ་མའི་སྐུ་སྤར་མཐོང་གྲོལ་ཆེན་མོའི་མདུན་རྣམ་ལྔའི་མཆོད་པ་བཤམས་ནས། གུས་པས་ཕྱག་འཚལ། དད་པས་གསོལ་བ་བཏབས། མོས་པས་མཆོད་པ་ཕུལ་ཏེ། དང་པོ་སྐྱབས་རྗེ་རྩ་བའི་བླ་མའི་གསོལ་འདེབས་དབྱངས་སུ་གྱེར། དེ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་། བླ་མ་མཆོད་པ། ཚེ་དབང་སྨོན་ལམ། བོན་སྐུའི་སྨོན་ལམ་སོགས་བཏོན་པ་དང་། ངེད་ཅག་འདུས་སྡེ་དགེ་སྦྱོར་པ་ཚང་མས་དགུང་ཞག་རིང་དམར་ཟས་སྤངས་རྒྱུའི་ཁས་ལེན་ཞུས་པ་བཅས་སོ།། ༢༠༡༧/༩/༡༧ཉིན་སྟེང་ཆེན་ཁྱུང་ནག་ཟླ་དགོན་རི་ཁྲོད་འདུས་སྤྱི་ནས་ཕུལ།

微信图片_20170927124559.jpg 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།