ཁམས་ཉག་ཤོད་བྱ་བཏང་རི་ཁྲོད་ནས་མྱ་ངན་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-21 22:37:46][རྩོམ་པ་པོ། ཁྲི་གཙུག་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


1506004831103620.jpg

1506004831122627.jpg


 ཞྭ་དཀར་བསྟན་པའི་གཙུག་རྒྱན། བོན་འབངས་ཡོངས་ཀྱི་ལྷ་སྐལ། སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སུམ་ཅུ་སོ་གསུམ་པ་ལུང་རྟོགས་བརྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཚེ་ལུས་ལོངས་སྤྱོད་ཡོད་དོ་ཅོག་རྣམས་བསྟན་པ་དང་སེམས་ཅན་ཁོ་ནའི་དོན་དུ་བཏང་སྟེ། འདས་ཟིན་པའི་ལོ་རྒྱུས་ཁྲོད་བོད་ཀྱི་རྒྱལ་རབས་དང་བླ་རབས་མང་པོའི་རིང་ཁས་ཞེན་དབང་ཆུང་གིས་དུས་འདས་ཞིང་། མཐོང་ཆུང་དང་དབང་ཡོད་ཀྱི་འོག་ནས་མགོ་བོ་དགྱེ་མ་མྱོང་བའི་སྔ་དར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་གོ་ལའི་ཁྱོན་ལ་ཁྱབ་པར་མཛད་ཅིང་བོན་འབངས་འགྲོ་བ་མཐའ་དག་གི་འདོད་དོན་ཡོངས་སུ་བཀོད་མཐར། དམ་པ་ཉིད་ལ་མཚོན་ན་འཆི་མེད་གཉུག་མའི་དོན་རྟོགས་ཤིང་། མི་འགྱུར་གཡུང་དྲུང་གི་སྐུ་ཡེ་ནས་བརྙེས་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་དགེ་ལ་བསྐུར་བའི་ཕྱིར་དུ། 

1506004832132981.jpg

1506004832236674.jpg

   དགུང་ལོ་གྱ་དགུ་འཁོར་བའི་དུས་ཏེ་སྤྱི་ལོ་2017ལོའི་ཟླ་བ་9ཚེས་ཉིན་ཕྱི་དྲོ་རྒྱ་གར་ཆུ་ཚོད་6དང་སྐར་25ཐོག་གདན་ས་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་མི་འདོད་པའི་གཏམ་ངན་ཞིག་རྣ་བར་ལྷུང་མ་ཐག དབང་མེད་ཀྱི་མིག་ཆུ་དང་དབུགས་རིང་ཞིག་གི་ལྷན་དུ་རེ་ཞིག་འདི་སྣང་གི་ཚོར་བ་ཡོད་ཚད་འགག་པ་ལྟ་བུར་གྱུར་སོང་། ཡིན་ན་ཡང་སྐབས་འདི་ལྟར་བུ་ལ་སླེབས་དུས་བསམ་བློ་ནང་དུ་བསྐོར་ཏེ་བླ་མའི་གདུང་འདབས་མཆོད་འབུལ་གྱི་བྱ་བ་འགོ་བརྩམས་པ་ལས་བྱ་ཐབས་གཞན་གང་ཡང་མ་འཆིས་སྙམ་ནས། 

1506004831124938.jpg

1506004833926216.jpg

   འདི་གའི་ཉག་ཤོད་བྱ་བཏང་རི་ཁྲོད་འདུས་པ་ཡོངས་ནས་དམ་པ་གང་གི་གདུང་འདབས་མཆོད་འབུལ་དུ། བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་ཆོ་ག་དང་། མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར། དེ་བཞིན་གསོལ་འདེབས་ཐུགས་རྗེས་མྱུར་གཟིགས། བསྟོད་པ་རྣམ་རྒྱལ་ཁང་བཟང་། དམ་པ་མཆོག་གི་གསོལ་འདེབས། བླ་མའི་རྣལ་འབྱོར། ཚེ་དབང་སྨོན་ལམ། བོན་སྐུའི་སྨོན་ལམ་སོགས་ལ་བརྩོན་ཉིན་གསུམ་གྱི་རིང་ལ་བརྩོན་བཞིན་ཡོད་ལ་ལྟོས་བཅས་ལྷ་སྡེ་མི་སྡེ་ཀུན་ལ་འབོད་བསྐུལ་ཡང་གང་ཐུབ་ཞུ་བཞིན་ཡོད། ང་ཚོ་ལྟ་བུས་གཞན་གྱི་ལས་དོན་ཆེན་པོ་སྒྲུབ་པའི་ནུས་པ་ཕྲ་ནའང་། བླ་མའི་རྣལ་འབྱོར་དང་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་དུ་ཡོད་པ་ནི་ཐུན་མོང་ལ་དབང་ཞིང་ཐུན་མོང་གིས་འགྲུབ་ཏུ་ཡོད་པ་ཞིག་ཡིན་པར་བརྟེན། ང་ཚོའི་ངོས་ནས་ཀྱང་སེམས་རྩ་འཁྱག་གིས་བསྡམ་ཤིང་མིག་མཐའ་འཆི་མས་བརླན་བཞིན་སྒོ་གསུམ་གྱི་དགེ་རྩ་གང་སྒྲུབ་པ་ཐམས་ཅད་མགོན་པོ་གང་གི་ཐུགས་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། འུ་ཅག་ལྟོས་བཅས་སྐྱབས་འོག་པ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ནམ་ཡང་མདོར་མི་སྲིད་ནའང་ཚེ་རབས་ནས་ཚེ་རབས་བར་དུ་དམ་པ་མཆོག་གི་སྐུ་ཡི་འཁོར་དུ་གྱུར་ཞིང་། གསུང་གི་རྗེས་སུ་འཛིན་ཏེ། ཐུགས་ཡིད་གཅིག་ཏུ་འདྲེས་པའི་གསོལ་བ་སྨོན་ལམ་བཏབས་པ་རྣམས་དོན་དེ་བཞིན་འགྲུབ་པར་གྱུར་ཅིག དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་བ། འཁོར་དང་སྐུ་ཚའི་ཚད་དང་ཞིང་ཁམས་སོགས། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབས་པས་མཐུས། བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། ནད་དང་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

1506004832637860.jpg

ཞེས་གང་གི་སྐྱབས་འོག་པ་ཁྲི་གཙུག་རྒྱལ་མཚན་འབོད་པས་2017ལོའི་ཟླ་བ་9ཚེས་17ཉིན་རྩེ་གཅིག་གསོལ་བ་བཏབས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།