གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

[ཟླ་ཚེས། 2017-09-15 19:07:24][རྩོམ་པ་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

f82409265db2be081dfe09b3e4520549.jpg

༧ ཞྭ་དཀར་བསྟན་པའི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱི་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་མདུན་སར།

ཆེད་ཞུ། ད་ལམ་འོ་སྐོལ་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྟེ། ཞང་བོད་ཤེས་རིག་གི་མེ་དཔུང་འཛམ་གླིང་མཐའ་དབུས་ཀུན་ཏུ་རླབས་ཀྱིས་སྤར་བའི་ངེས་དོན་བསྟན་པའི་བདག་ཉིད། ཞྭ་དཀར་བསྟན་པའི་གཙུག་རྒྱན་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་ ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༤ ཉིན་གདན་ས་ཆེན་མོ་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་མེད་ངང་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་ཕྲལ། གནམ་འོག་གི་འགྲོ་བ་ཀུན་དང་། སྒོས་སུ་འདི་གའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙོས་རང་ཅག་བོན་འབངས་ཡོངས་ལ་བཟོད་ཐབས་བྲལ་བའི་གྱོང་གུན་ཚབ་ཆེན་དང་ཡིད་སྐྱོ་བའི་གནས་སུ་གྱུར། འདིར་ ༧ རྒྱལ་བ་གཤེན་སྲས་རིན་པོ་ཆེ་ཡིས་དབུ་ཁྲིད་ལམ་སྟོན་འོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདུང་ཤུགས་མཉམ་བསྐྱེད་ཀྱི་སྒོ་ནས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཡོད་པའི་བོན་འབངས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་འབོད་བསྐུལ་ཞུ་རྒྱུ་ཡིན་པ་མ་ཟད་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་། ཁྱད་པར་དུ་རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་གདན་ས་གཙང་ ༧ བཀྲ་ཤིས་སྨན་རི་དང་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་སར་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྒྱས་འབུལ་ཞུ་སྟེ་དམ་པ་མཆོག་གི་ཐུགས་དགོངས་ཟབ་མོའི་བཞེད་དོན་ལྷུན་འགྲུབ་དང་། གང་གི་ཐུགས་རྗེའི་སྐྱབས་འོག་བོན་འབངས་ཀུན་ཀྱང་དམ་ཚིག་གོང་བུ་གཅིག་སྒྲིལ་གྱི་དར་དཀར་ཡུག་གཅིག་ས་སྟེང་ཀུན་ཏུ་བདལ་བའི་རེ་སྨོན་ཤུགས་དྲག་དང་བཅས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས།

སྤྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།