གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཁྲི་འཛིན་རིན་པོ་ཆེའི་གདུང་མཆོད་སྨོན་ལམ་ཞུ་བཞིན་པ།

[ཟླ་ཚེས། 2017-09-15 17:02:38][རྩོམ་པ་པོ། ཁྱུང་ཁྲི་ལྡེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505466336639151.jpg
1505466336145791.jpg
1505466336444087.jpg
1505466336152633.jpg

    ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ས་སྟེང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་དམ་པ༧དཔལ་རྒྱལ་བ་སྨན་རི་བ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བསྟན་དང་འགྲོ་བའི་དོན་དུ་སྐུ་ངལ་འཛེམ་མེད་ཀྱི་སྒོ་ནས་གདུལ་བྱ་ཐུགས་རྗེས་སྐྱོང་བཞིན་པའི་ངང་གདུལ་བྱའི་བསོད་ནམས་ནུས་པ་ཉག་ཕྲ་བའི་རྐྱེན་གྱིས་སྐུ་ལ་སྙུང་གཞི་བཞེས་ཏེ་རྒྱ་གར་དང་ཨ་རིས་བཅས་ཀྱི་སྨན་ཁང་གྲགས་ཅན་ནང་སྨན་བཅོས་ཞུས་པ་དང་། མགོན་པོ་གང་གི་སྐྱབས་འོག་པ་བོད་གཞིས་བྱེས་གཉིས་དང་འཛམ་གླིང་ཤར་ནུབ་གང་སར་གནས་པའི་གཡུང་དྲུང་བོན་འབངས་ཡོངས་ཀྱིས་ད་དུང་སྐུ་ཚེ་ཡུན་རིང་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་གདན་ས་སྨན་རིའི་གླིང་གཙོས་པའི་དགོན་སྡེ་ཁག་དང་ལྷ་སྡེ་མི་དམངས་ཡོངས་ཀྱི་སྐུ་རིམ་ཞབས་བརྟན་རྒྱ་ཆེན་བསྒྲུབས་པ་དང། དེ་བཞིན་དུ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདུས་སྡེ་ནས་བྱམས་མའི་སྲུང་ཟློག་དང་། ཁྲོ་བོ་སྟོང་ཚར། ཚེ་སྒྲུབ་དང་བར་ཆད་ལམ་སེལ། བྱམས་མའི་སྔགས་བསྟོད་སོགས་ཀྱི་ཞབས་རིམ་གསོག་བསྒྲུབས་གནང་། དེ་བཞིན་གཤེན་བསྟན་དར་རྒྱས་གླིང་ནས་ཚེ་སྒྲུབ་དང་བར་ཆད་ལམ་སེལ་སོགས་ཀྱི་ཞབས་བརྟན་གང་ཟབ་གནང་། ལྷག་པར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་བཞིན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སློབ་དཔོན་རིན་པོ་ཆེ་ཚངས་པ་བསྟན་འཛིན་རྣམ་གཉིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆེད་བཅར་ཞུས་ཏེ། 

1505466336151730.jpg
1505466336110759.jpg

   དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་སྤྱི་ལོ་༢༠༡༧།༠༩།༠༩ཉིན་གྱི་སྔ་དྲོ་སྐྱབས་རྗེ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་། འདུས་མང་ལ་ཚེ་སྒྲུབ་དང་བར་ཆད་ལམ་སེལ་གསུང་རྟེན་དུ་མང་ཇ་དང་སྐུ་འགྱེད་ཕུལ་ནས་བསྟན་འགྲོའི་དོན་དུ་སྐྱབས་རྗེ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་། བདག་ཅག་བོན་འབངས་ཡོངས་ཀྱི་མགོན་དུ་ཡུན་ནས་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་རང་ནུས་གང་ཡོད་བཏོན་ནས་གསོལ་འདེབས་ཞབས་རིམ་བསྒྲུབས་པའི་བདེན་སྟོབས་ཀྱིས་སྐུ་ཡི་སྙུང་ཁམས་ཅུང་ལྷོད་པའི་ཚུལ་མཛད་སྟབས། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དཔོན་སློབ་ཚངས་པ་བསྟན་འཛིན་རྣམ་གཉིས་ཕྱི་ཚེས་༡༣ཉིན་ཞོགས་ཀ་སྨན་རིའི་གླིང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཏེ། རྒྱ་གར་འབྲས་ལྗོངས་ཀྱི་ཕྱོགས་ཤེས་རིག་ཕུན་ཚོགས་གླིང་དང་དེ་ནས་ཧྥན་རན་སི་བཅས་ལ་ལས་དོན་རྒྱ་ཆེན་ཡོད་པར་ཕེབས་དགོས་སྟབས་ཁ་སང་ལྡི་ལི་ནས་འབྲས་ལྗོགས་ཕྱོགས་སུ་གནས་གྲུ་ནང་འཕུར་ལ་ཉེ་སྐབས་གདན་ས་སྨན་རི་ནས་རིན་པོ་ཆེ་སྙུང་གཞི་ཐུ་སོང་བའི་ཞལ་པར་འབྱོར་ནས་དེ་མ་ཐག་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་གིས་ཁོང་གི་ཞབས་ཕྱི་ཅ་ལག་ལེན་དུ་གནམ་གྲུ་ནང་བཏང་ནས་ཁོང་གདན་ས་སྨན་རི་ལ་ཡར་ཕེབས་འདུག མགོན་པོ་གང་གི་ཐུགས་རྗེའི་སྤྱན་གྱིས་དུས་རྟག་ཏུ་འགྲོ་ལ་གཟིགས་པ་ལྷོད་མི་སྲིད་ན་ཡང་། རང་ཅག་གི་བསོད་ནམས་ཀྱིས་མ་ཐེག་པ་དང་། མགོན་པོ་གང་གི་འགྲོ་དོན་གཞན་དུ་གཤེགས་པའི་དུས་ལ་བབ་སྟེ་ཁ་སང་ཉིན་རྒྱབ་ནས་སྙུང་གཞི་ཛ་དྲག་ཏུ་ཕྱིན་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཕྱི་ལོ་༢༠༡༧ཟླ་༠༩ཚེས་༡༤དང་ཧོར་ཟླ་༠༧།ཚེས་༢༤།གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོའི་རྒྱ་གར་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་། 

   དེ་མ་ཐག་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་མགོན་པོ་གང་ཉིད་ཞིང་ཕེབས་སོང་བའི་གནས་ཚུལ་འབྱོར་མ་ཐག་གྲྭ་མང་ཡོངས་རྫོགས་སྐྱོ་བའི་མིག་ཆུས་གང་ཞིང་སྡུག་གི་དབུགས་རིང་འཐེན་བཞིན་འཚོགས་ཁང་ནང་དུ་མཆོད་བཤམས་བྱས་ཏེ་མཚན་མོ་ཆུ་ཚོད་བཅུ་པ་ཡན་མན་ལ་མཆོད་བཤམས་གྲུབ་སྟེ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་གྲྭ་མང་ཡོངས་རྫོགས་ཀྱིས་བླ་མ་མཆོད་པ་དང་ཚེ་དབང་སྨོན་ལམ་བཅས་གསུངས། དེ་མཚམས་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་རང་བྱུང་ཡེ་ཤེས་ངང་དུ་མཉམ་པར་བཞག་ནས་བླ་མའི་དགོངས་པ་དང་བསྲེས། ད་ནངས་ཞོགས་པ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་བཞིན་རིག་འཛིན་འདུས་པ་དང་མཉམ་མེད་བླ་སྒྲུབ་གཉིས་ཀྱི་མཆོད་བཟོ་བྱས་ཏེ། འཚོགས་ཁང་རྙིང་པའི་ནང་རིག་འཛིན་འདུས་པའི་ཚོགས་འཁོར་བཏང་། འཚོགས་ཁང་གསར་པའི་ནང་མགོན་པོ་གང་གི་སྐུ་པར་མདུན་མཆོད་བཤམས་བྱས་ཏེ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་བཏང་ནས་མཆོད་ཕུལ་བྱེད་བཞིན་པ་རེད་ལ། ད་དུང་ཞག་གསུམ་རིང་ལ་ཉིན་མོ་ཚོགས་འཁོར་དང་དགོང་མོ་བླ་མ་མཆོད་པ་པ་སྨོན་ལམ་བཅས་གསུངས་ནས་མཆོད་ཕུལ་བྱེད་ཆར་འདུག་ལ། བལ་ཡུལ་གནས་འཁོད་ཀྱི་མགོན་པོ་གང་གི་སྐྱབས་འོག་པ་སེར་སྐྱ་མི་དམངས་གདུང་མཆོད་སྨོན་ལམ་ཞུ་མཁན་ཚང་མ་ལ་དགོན་པ་ནས་སྡོད་གནས་དང་ཞལ་ལག་བཅས་ཚང་མ་གྲལ་སྒྲིག་ཞུ་དང་ཞུ་བཞིན་ཡོད་པའི་ཐུགས་འཇག་གནང་རོགས་ཞུ་རྒྱུ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་སྐྱོ་གདུང་ཚད་མེད་བཅས་ཏེ་ཕྱི་ལོ་༢༠༡༧།ཟླ་༠༩ཚེས་༡༥ཉིན་སྤེལ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།