ཤར་སྐྱང་དགོན་གྱི་གསས་ཁང་རབ་གནས་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2017-09-04 17:52:50][རྩོམ་པ་པོ། སྐྱང་གི་གྲྭ་ཚང་འདུས་སྤྱི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་ཟིང་ཆུ་ཤར་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་གསས་ཁང་ངམ་འཚོགས་ཁང་ཆེན་མོ་བསྐྱར་བཞེངས་ཀྱི་རབ་གནས་མཛད་སྒོ་སྤེལ་བ།

  མདོ་སྨད་ཤར་ཟིང་ཆུའི་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་ནས་གསས་ཁང་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོའི་དུས་སྟོན་ཉིན་དང་པོའི་སྐབས་སྔ་དྲོ་དུས་ཚོད་དགུའི་ཐོག་གྲྭ་ཚང་ཡོངས་འདུ་ཁང་དུ་འཚོགས་ཏེ། ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་༧སྐྱབས་རྗེ་༧དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྤྱིར་གདུལ་བྱ་འགྲོ་བ་ཡོངས་དང་། སྒོས་གཞིས་བྱེས་བོན་འབངས་ཡོངས་ཀྱི་མགོན་དུ་འཆར་བར་ཞབས་ཀྱི་པད་མོ་སྲིད་ན་མཛེས་ཤིང་བརྟན་པའི་ཆེད་དུ། སྐུ་པར་མཐོང་བ་དོན་ལྡན་གསེར་ཁྲི་ཆེན་མོར་བཞུགས་སུ་གསོལ་ཏེ། གྲྭ་ཚང་འདུས་སྡེ་དང་ལྷ་སྡེ་ཡོངས་ནས་བརྟན་བཞུགས་ཀྱི་མཎྚལ་རྒྱ་ཆེ་ཕུལ་ཅིང་། སྐུ་ཕྱྭའི་ཞབས་རིམ་དུ་མདོ་དང་བྱམས་མའི་སྔགས་བསྟོད་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་གྲངས་སུ་བསགས། དུས་ཚོད་བཅུ་བའི་ཐོག་ལྷ་སྡེའི་མི་མང་རྣམས་གསས་ཁང་གསར་བ་དང་རྣམ་རྒྱལ་ལྷ་ཁང་སོགས་སུ་མཆོད་མཇལ་དུ་སོང་། དུས་ཚོད་བཅུ་གཅིག་ཐོག་བླ་སློབ་རིན་པོ་ཆེ་རྣམ་གཉིས་རྡོ་སྐས་ཀྱི་སྟེང་དུ་ཁྲིར་བཞུགས་མཛད་དེ། དཔོན་སློབ་རིན་པོ་ཆེ་ནས་ལྷ་སྡེའི་མི་མང་ལ་དགོན་པའི་བྱུང་རབས་བཤད་པ་དང་འབྲེལ་ཏེ་དཔལ་རྒྱལ་བ་སྨན་རི་བའི་ཞབས་བརྟན་དུ། ཚེ་ཐར་སྲོག་བླུ་དང་། ཚེ་སྒྲུབ་གང་ཐུབ་འདོན་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་པར་བཅས་གསུངས། དུས་ཚོད་བཅུ་གཉིས་དང་ཕྱེད་སྟེང་གྲྭ་ཚང་གིས་ཉིན་གུང་གི་ཞལ་ལག་བཞེས་གསོལ་བྱས། ཕྱི་དྲོ་དུས་ཚོད་གསུམ་ཐོག་ཁྱམས་རའི་རྡོ་སྐས་གོང་འོག་ཏུ་བླ་སྤྲུལ་རྣམས་བཞུགས་གནས་ཁྲི་བཀོད་སོགས་གྲ་སྒྲིག་ལེགས་པར་བྱས། དུས་ཚོད་ལྔ་ཐོག་ཏུ་གྲྭ་ཚང་ནས་སྨོན་ལམ་རྣམ་གསུམ་གསུངས་པ་བཅས་ཀྱིས་ཉིན་དེའི་འགྲོ་རིམ་རགས་ཙམ་བསྡུས་སོ།།

    ༢༠༡༧/༨/༣༠ཉིན་སྔ་དྲོ་དུས་ཚོད་དགུ་དང་ཕྱེད་ཐོག་ནས་བླ་སྤྲུལ་དགེ་བའི་བཤེས་གཉེན་སོགས་ཕེབས་བསུ་བྱས་ཏེ་ཁྱམས་རར་ཕེབས་པ་ན་གཤེན་རབ་མཆོད་རྔ་སོགས་ཀྱི་མཆོད་པ་སྣ་ཚོགས་ཕུལ། དེ་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་སྲིད་པའི་བརྡ་དར་ཆེན་མོ་དབྱིངས་སུ་ཕྱར། དུས་ཚོད་བཅུ་དང་ཕྱེད་ཐོག་ནས་སྒོ་འབྱེད་ཀྱི་མཛད་སྒོའི་དབུ་དངོས་སུ་བཙུགས་ཏེ། ཀྲུའུ་རེན་སྐལ་བཟང་འབྲུག་གྲགས་ལགས་ནས་འགོ་འཛིན་གྱི་གསུང་བཤད་རྒྱས་པ་སྤེལ་ཞིང་སྐུ་མགྲོན་གཙོ་བོ་རྣམས་ངོ་སྤྲོད་བྱས། དེ་རྗེས་དགོན་འདིའི་དབུ་བླ་འགྱུར་མེད་བསམ་འགྲུབ་མཆོག་ནས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས། དེ་རྗེས་མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་མདོ་དྲི་མེད་གཟི་བརྗིད་ཀྱི་དགོངས་པ་ལྟར་རྟེན་བཞེངས་ཀྱི་ཕན་ཡོན་སོགས་གསུང་བཤད་གནད་དུ་སྨིན་པ་བསྩལ། དེ་རྗེས་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་ནི་འཆད་རྩོད་རྩོམ་གསུམ་ལ་རག་ལས་པ་དང་། དགོན་འདི་ནས་འཚར་ལོངས་བྱུང་བའི་སྐྱེས་ཆེན་ཁག་ངོ་སྤྲོད་བྱས་པ་སོགས་ཀྱི་གསུང་བཤད་གཟབ་རྒྱས་གནང་། དེ་རྗེས་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་ནས་གསུང་བཤད་ཀྱི་བཀའ་དྲིན་བསྩལ། དེ་རྗེས་རྫོང་མི་དམངས་སྲིད་གཞུང་གི་མཐུན་ཚབ་པཱེ་འཱ་ཁོ་དང་སྡེ་དཔོན་བསྟན་འཛིན་རྒྱལ་གཉིས་ཀྱིས་གཏམ་བཤད་སྤེལ། དེ་རྗེས་ཁམས་གསུམ་འགྲོ་བའི་ལྷ་སྐལ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་ནས་གསས་ཁང་ལེགས་གྲུབ་ཀྱི་དུས་སྟོན་ལ་གནང་བའི་ཤིས་ཚིག་དང་། ཡོངས་ཀྱི་དགེ་བའེ་བཤེས་གཉེན་ཆེན་མོ་སྐྱབས་རྗེ་མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་ནས་གནང་བའི་ཤིས་ཚིག་དང་། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་གཞུང་ནས་ཕུལ་བའི་ཤིས་ཚིག་བཅས་གསལ་བསྒྲགས་བྱས། དེ་རྗེས་དགོན་འདིར་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཆེ་བའི་འགན་ཁུར་བ་སྐོར་ཞིག་དང་ཚོ་དཔོན་སྐོར་ཞིག་བཅས་ལ་དྲན་རྟེན་དང་ཡི་རངས་ཕུལ། དེ་རྗེས་ཀྲུའུ་རེན་ལགས་ནས་གཏམ་བཤད་ཀྱི་མཇུག་བསྡུས་ཏེ་དུས་ཚོད་བཅུ་གཉིས་ཐོག་ཡོངས་ཀྱི་མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་ནས་དར་ཚོན་སྣ་ལྔ་བཅད་དེ་དགོན་པའི་སྒོ་དངོས་སུ་ཕྱེས་ཤིང་སྤྱན་དབྱེ་དང་སྒོ་དབྱེ་བཅས་གསུངས། དེ་ནས་སྐུ་མགྲོན་བླ་གྲྭ་རྣམས་གསས་ཁང་གསར་བར་མཆོད་མཇལ་ཕེབས་ཏེ་ཕྱག་གནས་གཏོར་ཞིང་རབ་གནས་བཅས་གསུངས། དེ་ནས་བླ་གྲྭ་ཡོངས་ཚོགས་ཁང་གསར་བར་གདན་བཞུགས་བྱས་ཏེ་བདེ་ཆེན་རྒྱལ་པོ་དང་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་བཅས་གསུངས་ཏེ་ཞལ་ལག་བཞེས། སྐབས་དེར་ཤར་སྐྱང་ཚང་དགོན་པའི་བྱུང་བ་མདོར་བསྡུས་རིན་ཆེན་གསེར་གྱི་ཕྲེང་བ་ཞེས་པ་ཡོངས་ཀྱི་སྙན་ལམ་དུ་བསྒྲགས། དེ་གཞུག་བྱམས་མའི་སྔགས་བསྟོད་དང་བར་ཆད་ལམ་སེལ་མདོ་ཀློང་རྒྱས་ཀྱི་བཀྲ་ཤིས་བཅས་གསུངས་ནས་འཚོགས་གྲོལ་ཏེ་སྐུ་མགྲོན་བླ་གྲྭ་ཡོངས་རྣམ་རྒྱལ་ལྷ་ཁང་དུ་མཆོད་མཇལ་ལ་ཕེབས། དེ་ནས་བླ་གྲྭ་ཡོངས་གསས་ཁང་གསར་བའི་མདུན་དུ་དྲན་རྟེན་ཆེད་མཉམ་འཛོམས་དགྱེས་ཞལ་གྱི་སྐུ་པར་བསྒྲོན་རྗེས་ཕན་ཚུན་གྱེས་བརྡའི་ཕྱག་འཇུ་གནང་ཞིང་སྐུ་མགྲོན་ཚོ་ཁ་གཡང་གིས་བསྐྱལ་བསུ་བྱས། ཕྱི་དྲོ་དུས་ཚོད་བཞིའི་ཐོག་གྲྭ་ཚང་ཡོངས་ཡར་འཚོགས་ཏེ་ཇ་བཞེས་ནས་སྨོན་ལམ་རྣམ་གསུམ་གསུངས་པ་སོགས་ཀྱིས་མཇུག་རྫོགས་སོ།། མཐར་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་སྐུ་ཡི་སྙུང་ཁམས་དྭངས་ཤིང་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ན་འོད་དུ་འབར་ཞིང་སྙན་གྲགས་ལྷ་ཡི་རྔ་བོ་ས་ཀུན་ཏུ་ཁྱབ་པའི་སྨོན་འདུན་དང་བཅས།

གནས་ཚུལ་མདོར་བསྡུས་ཤིག་སྐྱང་གི་གྲྭ་ཚང་འདུས་སྤྱི་ནས་གུས་ཕུལ།

གནས་ཚུལ་གྱི་འདྲ་པར་ཡོངས་གཟིགས་འདོད་ན་འདིར་སྣོན་པར་འཚལ།

 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།