ཁམས་རིན་སྤུངས་དགོན་པའི་ཉེ་ལམ་གྱི་གསར་འགྱུར་ཞིག

[ཟླ་ཚེས། 2017-06-14 15:19:22][རྩོམ་པ་པོ། ཉི་མ་བཟང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1497424971117012.jpg
1497424970396580.jpg

   བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་ཐོན་པ་དང་། དབུ་མཛད་བཟུར་བ་དྲང་སྲོང་གཡུང་དྲུང་རིན་ཆེན་མཆོག་ཁམས་རིན་སྤུངས་དགོན་གྱིས་གདན་ཞུས་ལྟར་དུ་དུས་ཡུན་ཟླ་གཉིས་དང་ཕྱེད་ཙམ་གྱི་རིང་དུ་ཁམས་རིན་སྤུངས་དགོན་དུ་ཕེབས་ཏེ་གྲྭ་ཚང་འདུས་པ་རྒྱ་མཚོ་ལ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐད་ཀྱི་བྱེ་བྲག་དང་། རྣམ་རྒྱལ་སྟོང་མཆོད་དང་། དེའི་གཏེར་བུམ། ཞི་ཁྲོ་སོགས་བོན་གྱི་ཆོ་ག་མང་པོའི་ཞལ་ཕྱེས་ཏེ་སྐད་ཀྱི་གདངས་དབྱངས་དང་།   འཕྲིན་ལས་གོ་རིམ། གཏོར་མ་བཅའ་བཟོ་སོགས་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་ཁྲིད་གནང་མཛད་དེ། རིན་སྤུངས་དགོན་གྱི་རྨང་གཞིའི་ཆོ་གའི་ཕྱག་ལེན་བོན་རྙིང་མའི་ལུགས་ཡིན་ནའང་། རྗེས་སུ་དེ་ལ་ཡུལ་ལུགས་སོགས་ལུགས་མི་འདྲ་བ་མང་པོ་འདྲེས་ཏེ་འདོན་དབྱངས་སོགས་སྲ་སྲེ་ལྟ་བུ་གྱུར་ཡོད། དེའི་ཕྱིར་ད་ལོ་དབུ་མཛད་ཁོང་དགོན་འདིར་ཕེབས་ཏེ་འདོན་དབྱངས་སོགས་ལ་བསྒྱུར་བཅོས་གང་ལེགས་བཏང་སྟེ་དགོན་འདིའི་ཕྱག་ལེན་སྣ་ཚོགས་གཅིག་གྱུར་གྱིས་རྒྱལ་བ་བྲུ་ཡི་རིང་ལུགས་སུ་བསྒྱུར་བའི་མཛད་ཆེན་བསྐྱངས། 

1497424971109864.jpg
1497424971996874.jpg

   སྤྱི་ལོ༢༠༡༧ལོའི་ཟླ༦པའི་ཚེས༡༢ཉིན་མཇུག་གྲུབ་པའི་མཛད་སྒོ་སྤེལ་ཞིང་། མཛད་སྒོའི་སྟེང་དགོན་འདིའི་བསྟན་བདག་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། མཁན་པོ་ཀ་ཤུལ་དགེ་བཤེས་བསོད་ནམས་རིན་ཆེན། བླ་མ་བསྟན་གཡུང་སོགས་ཕེབས་ཤིང་། ཚོགས་ཐོག་དེར་དབུ་མཛད་དྲང་སྲོང་གཡུང་དྲུང་རིན་ཆེན་གྱིས་ཐེངས་འདིའི་སློབ་སྦྱོང་གི་གོ་རིམ་སོགས་ལས་འཕྲོས་ཏེ་གསུང་བཤད་གནད་ལ་འཁེལ་བ་མང་དུ་གསུངས་ཤིང་། དེ་བཞིན་དགོན་འདིའི་བསྟན་བདག་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེས་དགོན་འདིའི་དམིགས་ཡུལ་ལམ་བྱ་བའི་གཙོ་བོ་ནི་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་དང་སློབ་མའི་མཐུན་རྐྱེན་ཨང་དང་པོ་འཛིན་རྒྱུ་དང་། འཛུགས་སྐྲུན་ཨང་གཉིས་པ་འཛིན་དགོས་པ་དང་། དེ་བཞིན་མཐུན་སྒྲིལ་སོགས་གལ་ཆེ་བའི་སྐོར་ནས་བསླབ་བྱ་མང་དུ་གསུངས། ཀ་ཤུལ་བསོད་རིན་གྱིས་དགོན་འདིའི་ལོ་རྒྱུས་དང་སྦྱར་ཏེ་སློབ་སྦྱོང་གལ་ཆེ་ཚུལ་དང་ལྷག་པར་དུ་ཐེངས་འདིའི་བརྗོད་བྱ་གྱུར་པའི་དབུ་མཛད་གཡུང་དྲུང་རིན་ཆེན་མཆོག་གིས་བཀའ་དྲིན་བསྐྱངས་ཚུལ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་ཞིང་། 

   དེ་བཞིན་བླ་མ་བསྟན་གཡུང་ཚང་དང་། དབུ་མཛད་པདྨ་སོགས་ཀྱིས་གདམས་ངག་དུས་ཐོག་ཆར་བ་ལྟ་བུ་གནང་སྟེ་ཐེངས་འདིའི་མཛད་སྒོ་མཇུག་སྒྲིལ་ཞིང་།༢༠༡༧ལོའི་ཟླ༦པའི་ཚེས༡༣་ཉིན་དགེ་སློབ་ཡོངས་ཐུགས་སྤྲོ་སོགས་བཏང་སྟེ་བཀྲ་ཤིས་པའི་ངང་མཇུག་སྒྲིལ་བ་བྱས། 

རིན་སྤུངས་དགོན་པའི་དྲུང་ཡིག་པ་ཉི་མ་བཟང་པོ་ནས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།