གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཐེངས་དགུ་པའི་དགེ་བཤེས་མཛད་སྒོ།

[ཟླ་ཚེས། 2017-03-14 13:13:25][རྩོམ་པ་པོ། ཁྱུང་ཁྲི་ལྡེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg
07.jpg

   ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས། མདོ་སྔགས་རབ་འབྱམས་སྨྲ་བའི་འབྱུང་གནས། མང་འདུས་སེམས་དཔའ་རྒྱ་མཚོའི་གླིང་ཁ། ལུང་རིགས་འབྲུག་སྒྲ་སྒྲོག་པའི་སློབ་གླིང་། མེས་པོའི་རིག་གཞུང་འཛིན་པའི་ལྕགས་ཀྱུ། བཤད་སྒྲུབ་བསྟན་པ་དར་བའི་དགོན་སྡེ་ཆེན་མོ་དཔལ་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཚོས་ཞྭ་དཀར་གཡུང་དྲུང་བོན་གྱི་རིག་གཞུང་འཛིན་སྐྱོང་སྤེལ་སྐྱོང་སྤེལ་གསུམ་བྱེད་པའི་ལམ་ལུགས་ལ་ཐོས་བསམ་གཙོ་བོར་བྱེད་པའི་བཤད་གྲྭ་དང་། སྒོམ་སྒྲུབ་གཙོ་བོར་བྱེད་པའི་སྒྲུབ་གྲྭ་གཉིས་སུ་ཡོད་པ་ལས།

11.jpg

   ད་ལན་ཐོས་བསམ་གཙོ་བོར་བྱེད་པའི་བཤད་གྲྭ་བའི་ཁོང་ནས་བཀའ་རམས་པ་ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་རྒྱལ་མཚན་དང། མཱ་འགབ་དྲང་སྲོང་ཀུན་དགའ་རིན་ཆེན་རྒྱལ་མཚན། འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་། ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ། ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་དྲུག་གིས་རིག་པའི་སྒོ་འབྱེད་སྡུད་གྲྭ་ནས་བཟུང་སྟེ་གབ་མཛོད་ས་གསུམ་གཙོས་པའི་ཐུན་མིན་གྱི་གཞུང་ཆེན་ཁག་དང་། བརྡ་སྙན་རྩིས་སོགས་ཐུན་མོང་གི་རིག་གནས་དང་འདི་ལོ་དགུན་ཁ་རྩ་རླུང་ཞག་བརྒྱ་བཅས་སྦྱང་པ་ཚད་ལྡན་ཚུལ་མཐུན་བྱས་ཏེ་སློབ་པ་མཐར་ཕྱིན་གྱི་དཔང་རྟགས་ཀྱི་མཚན་བཏགས་དགོས་པ་ནི། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་བཀའ་ཡིག་ལས། དེའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཐོན་པ་བྱུང་བའི་རིགས་དང་མཐུན་པར་ཆེ་འདོན་མིང་བཏགས་དང་འབྲེལ་བར་བརྩི་བཀུར་བྱ་ངོ་ཤེས་པ་དང་། ཞེས་གསུངས་པ་ལྟར་། འདི་ལོ་བཀའ་རམས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་པའི་དུས་ལ་བསླེབས་ནས་དགེ་བཤེས་ཀྱི་གྲ་སྒྲིག་བློ་འཛིན་དང་མཆོད་བཟོ་སོགས་གྲ་སྒྲིག་ལེགས་པར་བྱས་ཏེ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་སྟེ་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་ཆེན་ཉིན་༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བརྡ་སྤྲོད་ཀུན་བཤད་མཚན་གནང་། ༢༠༡༧ སྤྱི་ཟླ་༣ཚེས་༧ དང་། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་དང་སྟེ་བོད་མེ་བྱ་ལོའི་ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་དགུ་ཉིན་ནས་དགེ་བཤེས་མཛད་སྒོ་ཚོགས་ཆུང་གིས་གོ་སྒྲིག་འོག་ནས་དགེ་བཤེས་མཛད་སྒོ་སྔོན་འགྲོ་དབུ་འཛུགས་གནང་པ་རེད། མཛད་སྒོ་ཉིན་དང་པོ་ཞོགས་པ་ཆུ་ཚོད་དགུ་པའི་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་ཚངས་པ་བསྟན་འཛིན་སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་བཀའ་རམས་པ་གཉིས་བཅས་སྤོས་དང་རྒྱལ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གནས་འདྲེན་ཞུས་ཏེ་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བོན་སྤྱི་གཙོས་པའི་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་གཙོས་པའི་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་འཛོམས་ཐོག་འཚོགས་ཁང་ནང་མཉམ་འཛོམས་བྱས་གསོལ་ཇ་དང་འབྲས་སིལ་འདེགས་འབུས་ཞུས།

03.jpg

   ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་དང་། མཱ་འགབ་དྲང་སྲོང་ཀུན་དགའ་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་དང་ཉིན་གུང་གཏོང་སྒོ་ཆེན་མོ་བཏང་། ཕྱི་དྲོ་བཀྲ་ཤིས་བཀྲ་ཇ་དང་ཟབ་ཇ་བཅས་བཏང་ནས་བཀྲ་ཤིས་སྔོ་སྨོན་གྱིས་མཐའ་རྒྱན་ཏེ་བཀའ་རམས་པ་གཉིས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་གྲུབ་པར་བྱས།

10.jpg

   ཉིན་གཉིས་པ་སྟེ་༢༠༡༧ ཟླ་༣ ཚེས་༨ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ཉིན་འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས་དང་། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་གཉིས་ཀྱིས་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ཏེ་བཀྲ་ཤིས་སྔོ་སྨོན་གྱིས་མཐའ་རྒྱན་ཏེ་བཀའ་རམས་པ་གཉིས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་གྲུབ་པར་བྱས།

04.jpg

   ཉིན་གསུམ་པ་སྟེ་༢༠༡༧ ཟླ་བ་༣ ཚེས་༩ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ཉིན་ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ། ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་རྣམ་གཉིས་ཀྱིས་བཀའ་ཆེན་བཀའ་ཆུང་བྱས་ཏེ་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ཏེ་བཀྲ་ཤིས་སྔོ་སྨོན་གྱིས་མཐའ་རྒྱན་ཏེ་བཀའ་རམས་པ་གཉིས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་གྲུབ་པར་བྱས།

08.jpg 

 དགེ་བཤེས་མཛད་སྒོ་དངོས་གཞི་༢༠༡༧ཟླ་བ་ ༣ ཚེས་ ༡༠ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་ཉིན་འགོ་བཙུགས་པ་རེད་ལ།

06.jpg

   སྔ་དྲོ་ཆུ་ཚོད་དགུ་པའི་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་པའི་མཁན་སློབ་རྣམ་པ་དང་བཀའ་རམས་པ་ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་རྒྱམ་མཚན་དང་མཱ་འགབ་དྲང་སྲོང་ཀུན་འགའ་རིན་ཆེན་རྒྱལ་མཚན་བཅས་སྤོས་དང་རྒྱལ་གླིང་གིས་སྣ་དྲངས་ཏེ་འཚོགས་ཁང་ནང་དུ་གདན་འདྲེན་ཞུས་ཏེ་བླ་སྤུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྐྱ་སེར་མི་དམངས་རྣམས་ཀྱི་དབུས་སུ་དམ་བཅའི་རྩ་གཞུང་བློ་རྒྱུགས་ཕུལ། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་དམ་ཐུག་གི་གཏོང་སྒོ་བཏང་།

00.jpg

   ཉིན་རྒྱབ་ཆུ་ཚོད་དང་པོ་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་གཉིས་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བོན་གྱི་ཐུན་མིན་སྔགས་རྫོགས་སྐོར་བརྒལ་རྟགས་རིག་པས་རྩོད་གླེང་བྱས།

09.jpg

   དངོས་གཞི་ཉིན་གཉིས་པ་༢༠༡༧ ཟླ་བ་༣ ཚེས་༡༡ ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞི་ཉིན་སྔ་དྲོ་ཆུ་ཚོད་དགུ་པའི་སྐབས་་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས་དང་། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་རྣམ་གཉིས་ཀྱིས་དམ་བཅའི་རྩ་གཞུང་བློ་རྒྱུགས་ཕུལ་ཏེ་ཉི་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་གཉིས་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བོན་གྱི་ཐུན་མིན་སྔགས་རྫོགས་སྐོར་བརྒལ་རྟགས་རིག་པས་རྩོད་གླེང་བྱས།

05.jpg

   དངོས་གཞི་ཉིན་གསུམ་པ་༢༠༡༧ ཟླ་བ་ ༣ ཚེས ༡༢ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལྔ་ཉིན་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་བཀའ་རམས་པ་ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ་དང་། ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་རྣམ་གཉིས་ཀྱིས་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་དམ་བཅའི་རྩ་གཞུང་བློ་རྒྱུགས་ཕུལ་ཏེ་ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཚོད་དང་པོ་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་རྣམ་པ་གཉིས་དམ་བཅའ་བཞུགས་ཏེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པ་ནས་བོན་གྱི་ཐུན་མིན་སྔགས་རྫོགས་སྐོར་བརྒལ་རྟགས་རིག་པས་རྩོད་གླེང་བྱས།

12.jpg

   བཀྲ་ཤིས་ཀྱི་མཛད་སྒོ་དེ་༢༠༡༧ ཟླ་བ་༣ ཚེས་ ༡༣ཉིན་ཡིན་དབུ་ཚུགས། ཞོགས་པ་ཆུ་ཚོད་དགུ་པའི་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་ཚངས་པ་བསྟན་འཛིན་སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་དྲུག་དང་བཅས་སྤོས་དང་རྒྱལ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གནས་འདྲེན་ཞུས་ཏེ་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་ཚུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ཆེན་སྐུ་ངོ་བསྟན་འཛིན་ལུང་རྟོགས་དང་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་གཙོས་པའི་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་འཛོམས་ཐོག་འཚོགས་ཁང་ནང་མཉམ་འཛོམས་བྱས་ཏེ་གསོལ་ཇ་དང་འབྲས་སིལ་འདེགས་འབུས་ཞུས་ཏེ་བཀྲ་ཤིས་དམ་བཅའ་བཞུགས། ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། ཉིན་རྒྱབ་ཆུ་ཆོད་དང་པོའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་མཆོག་དབུ་བཞུགས་ཐོག་དགེ་འདུས་འདུས་པ་རྒྱ་མཚོ་དང་སྐྱ་སེར་མི་དམངས་ཡོངས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་བཀའ་རམས་པ་རྣམས་ལ་དཔོན་སློབ་རིན་པོ་ཆེ་ནས་དགེ་བཤེས་ཀྱི་མཚན་བཏགས་བསྩལ་ནས་བཀའ་རམས་པ་རྣམས་ཀྱིས་མཆོད་ཚིག་གསུངས། དེ་མཚམས༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ནས་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་ནས་དགེ་བཤེས་རྣམ་པས་ཚིག་བཀྲ་གསུངས་ཏེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་ལོ་མང་ཐོས་བསམ་བྱས་པ་ཐོས་དོན་བརྒྱུད་ལ་སྦྱར་དགོས་པའི་སྐོར་གྱི་བཀའ་སློབ་དང་ཆོས་རིག་ལས་ཁུང་གི་དྲུང་ཆེན་གྱིས་གསུང་བཤད་བཅས་གནང་། དེ་མཚམས་ཐར་གླུད་བཀར་ཏེ་མི་དམངས་ལ་ཁྲུས་བྱས་ནས་སྨོན་ལམ་གསུངས་ཏེ་བཀའ་རམས་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་རྟེན་འབྲེལ་འབོད་ཚིག་གིས་གནམ་ས་གང་བར་བྱས་ཏེ་དགེ་བཤེས་རྣམ་པ་འཇལ་ཁ་ཞུས་ནས་ཕན་ཐོག་ཕུལ་ཏེ་བཀྲ་ཤིས་ཀྱི་མཛད་སྒོ་མཇུག་གྲུབ་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༧ ཟླ་༣ ཚེས་༡༣ ཉིན་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།