ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དབུ་འབྱེད་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2016-10-12 17:18:15][རྩོམ་པ་པོ། ཉག་ཉི་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

mmexport1476252760271.jpg

     དེ་ཡང་མདོ་སྟོད་ས་ཡི་ཐིག་ལེ་ཉག་ཤོད་ཨ་འཛི་རོང་ཞེས་སྙན་པའི་གྲགས་པ་དཀར་པོ་ཕྱོགས་ཀུན་ཏུ་ཁྱབ་པའི་ཡུལ་ཁམས་ལྷ་ཡུལ་ས་ལ་འཕོས་པ་འདྲ་བའི་རྫ་རི་དང་སྤངས་རི། གངས་རི་དང་ནགས་རི། ཆུ་བོ་དང་ཆུ་ཕྲན། ཚལ་དང་ཚལ་ཆེན་གྱིས་ཡོངས་སུ་ཁེངས་པའི་ལྟེ་བར་དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་ཞེས་ཆགས་སྔ་ལ་རྒྱུན་རིང་བའི་གཤེན་གྱི་འདུ་གནས་སུ། སྔར་ན་མེད་པའི་རྟེན་འབྲེལ་གྱི་མཚན་བཟང་ཡངས་པར་ཤར་བའི་མཚམས་སྦྱོར་མདོ་ཙམ་ཞུ་བར་སྤྲོ་བས་འདི་ལྟར།

mmexport1476252638446.jpg

     དབལ་གཤེན་གྲུབ་པའི་རིག་འཛིན་གསང་བདག་ནམ་མཁའ་ཡེ་ཤེས་མཆོག་གིས་སྤྱི་ལོ༨༣༨ཀྱི་ལོ་ལ་དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་ཕྱག་བཏབ་གནང་བའི་ཐུགས་བསྐྱེད་ཀྱི་མཐུ་བརྟས་སྨོན་ལམ་གྱི་མཐའ་བཙན་ནས་མི་ལོ༡༡༧༨འཁོར་བའི་དུས་བཟང་སྟེ། སྤྱི་ལོ༢༠༡༦ཟླ༡༠ཚེས༢ཀྱི་ཉིན་འདི་ལ་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ཞེས་གོང་ན་གཟའ་སྐར་བཀྲ་འདྲའི་བླ་སྤྲུལ་དགེ་བཤེས། བར་ན་སྤྲིན་ཚོགས་འཁྲིགས་འདྲའི་སེམས་དཔའ་སེམས་མ། འོག་ན་རྩི་ཐོག་རྒྱས་འདྲའི་དད་ལྡན་ཕོ་མོ་བརྒྱ་སྟོང་ཁྲི་འབུམ། རྟེན་འབྲེལ་དང་སྨོན་ལམ་གྱི་དབང་གིས་དུས་གཅིག་གནས་གཅིག་ཏུ་འཛོམས་ནས་བཀྲ་ཤིས་པའི་སྒོ་འབྱེད་རབ་གནས་ཀྱི་མཛད་སྒོ་སྤེལ་བའི་སྐལ་བ་བཟང་པོ་ཐོབ། དེ་ཡང་མདོར་བསྡུས་ནས་སྨོས་ན་དགོན་འདིའི་དབུ་བླ་ཨ་གཡུང་གཤེན་བསྟན་མཐའ་རྒྱས་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་བཀའ་དྲིན་གྱིས་ཉག་ཡེ་ཤེས་དགོན་པ་བོན་གྱི་དགོན་ཆེན་གྱི་གྲལ་དུ་ཚུད།

mmexport1476252786522.jpg

     དེའི་ཕྱིར་མདོ་སྨད་སྨྲ་སེང་རྣམ་གསུམ་གྱིས་གཙོས་པའི་བོན་གྱི་སྐྱེས་ཆེན་དུ་མའི་བསྟན་ལ་བརྩེ་བའི་ཐུགས་ཀྱིས་དགོན་འདིར་བཤད་སྒྲུབ་ཀྱི་སྡེ་འཛུགས་དགོས་པའི་དགོངས་འཆར་དང་ཐུགས་སྨོན་གང་མང་བསྩལ། ལྷག་པར་དུ་རྔ་ལྗོངས་རྟོགས་ལྡན་དགོན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་སུ་གཤེན་གྱི་བསྟན་ལ་ལྷག་བསམ་རབ་ཏུ་དཀར་བའི་བསྟན་འཛིན་དུ་མས་དགོངས་འཆར་གཅིག་ཏུ་དྲིལ་ནས་གྲོས་ཆོད་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་ནས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཁྱབ་བསྒྲགས་གནང་བར་མ་ཟད་གཡུང་དྲུང་བོན་ཁམས་ཡན་ལག་ཚོགས་པའི་བླ་སྤྲུལ་རྣམས་ཞབས་དངོས་སུ་བཅགས་ནས་དགོན་འདིར་བཤད་གྲྭ་འཛུགས་དགོས་པའི་ཐུགས་སྐུལ་མཛད།

mmexport1476252716982.jpg

     དེའི་ཕྱིར་ཡེ་ཤེས་དགོན་པའི་དབུ་བླ་དང་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ་རྣམས་ཐུགས་བསྒྲོས་ནས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་མཁན་རབས་བཅུ་དགུ་བ་དགེ་བཤེས་བསྟན་འཛིན་སྨོན་ལམ་གདན་དྲངས། ཁོང་རིན་པོ་ཆེ་གདན་དྲངས་པ་ལྟར་དུ་འགྲན་ཟླ་དང་བྲལ་བའི་ལྷག་བསམ་གྱིས་འགྲོ་བའི་དོན་དུ་སྐུ་མི་ཕོངས་ཞེས་པ་ནང་བཞིན་རང་བདེ། ཁེ་ཕན། སོ་གསོད་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བསྐྱུར་ནས་དགོན་འདིར་ཕེབས་ནས་སློབ་གླིང་གི་འགྲོ་སྟངས་ལ་ཉམས་མྱོང་ཕུན་སུམ་ཚོགས་པར་མངའ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་དང་། གཤེན་གྱི་བསྟན་པ་ལ་སྲོག་ལྟར་གཅེས་ཤིང་བུ་ལྟར་སྐྱོང་བའི་སྐད་གཉིས་སྨྲ་བའི་མཁས་དབང་སེང་སྤྲུལ་རིག་འཛིན་ཉི་མ་མཆོག་དང་། སྙིགས་དུས་ཀྱི་བྱ་བྲལ་བ་ཆེན་མོ་ཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་རིན་པོ་ཆེ་དང་། གཡུང་དྲུང་བོན་མ་ཡུམ་བཤད་སྒྲུབ་སློབ་གླིང་གི་དགེ་བཤེས་གཡུང་དྲུང་དཔལ་ལྡན་དང་། དབུ་བླ་སོགས་དགོན་པའི་འགན་འཛིན་པ་ཡོངས་ཀྱི་ཐུགས་གྲོས་གཅིག་མཐུན་གྱི་བཀོད་སྒྲིག་འོག་ལྷ་ཁང་དང་སློབ་ཁང་འཁོར་ཡུག་དང་བཅས་ལེགས་གྲུབ་བྱུང་བའི་བཀྲ་ཤིས་པའི་མཛད་སྒོ་སྤེལ།

000A7517.JPG

     ཉིན་དང་པོ་ལ་ཉག་ཤོད་ཨ་འཛི་རོང་གི་བོན་གྱི་བླ་སྤྲུལ་དང་སེམས་དཔའ་སེམས་མའི་འདུས་པ་ལྔ་བརྒྱ་ལྷག་གི་རབ་གནས་ཀྱི་གཞུང་ཆེ་དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་རབ་ཏུ་གནས་པའི་གཞུང་བསྲིང་། སེང་གེ་སྤྲུལ་སྐུ་རིན་པོ་ཆེས་ཚོགས་བསགས་དང་མཆོད་འབུལ་གང་ལེགས་བྱས།

836380147780956582.jpg
mmexport1476252725139.jpgmmexport1476252727816.jpg

     ཉིན་གཉིས་པའི་སྔ་དྲོར་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཙམ་གྱིས་ཀྱང་སྲིད་པའི་རྒུད་པ་ཞི་བར་བྱེད་པའི་རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པ་ཆེ་པོའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ལ་རྟེན་སྐལ་དུ་གནང་བའི་རྟེན་འབྲེལ་གྱི་མཚན་མ་སྲིད་ན་མི་ཤོང་བ། ངོ་མཚར་རྨད་དུ་བྱུང་བའི་མཆོད་སྡོང་རླབས་པོ་ཆེའི་པད་ཞུ་དང་། དུས་བབ་བསྟན་པའི་བདག་པོ་རྗེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་། གྲུབ་དབང་ཤར་རྫ་བའི་རྒྱལ་ཚབ་དམ་པ་འཇིགས་མེད་རིག་པའི་དབང་ཕྱུག་ལགས་དང་། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་བསྟན་འཛིན་སྐྱེས་མཆོག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སྨྲ་དབང་ནམ་མཁའ་ཚུལ་ཁྲིམས་མཆོག་དང་། མཁན་ཆེན་རིག་འཛིན་དབང་གི་རྒྱལ་པོ་ལགས་དང་། དབྲ་སྤྲུལ་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་ཞབས་དང་།མགར་བ་སྐལ་བཟང་རྒྱལ་མཚན་མཆོག་དང་། ཁྱུང་གི་ངེས་དོན་རིག་འཛིན། དཔོན་སློབ་ཆེན་མོ་བསྟན་འཛིན་སྨོན་ལམ་ལགས་དང་། ཡོངས་འཛིན་ཤེས་བྱ་ཀུན་གྲགས་སོགས་བླ་སྤྲུལ་བཅུ་ཕྲག་དྲུག་ལ་ཉེ་བ་དང་དགེ་འདུན་འདུས་པ་རྒྱ་མཚོ་བརྒྱ་ཕྲག་བདུན་ཙམ་གྱི་སེར་ཕྲེང་ལྟ་ན་སྡུག་པ་མཇལ་ན་དད་པས་སྣེ་དྲངས་ལ་ཉག་ཤོད་བོན་གྱི་འདུས་སྡེ་ཡོད་དོ་ཅོག་གི་ཐུགས་མཐུན་ཁྲིམས་གཙང་སྒོ་ནས་བླ་སྤྲུལ་ཇོ་སེར་རྣམས་ཀྱིས་རྟེན་འབྲེལ་གྱི་ཐོག་མར་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒོ་ལེགས་པར་འབྱེད་དེ་རིག་པའི་ལྷ་ལྔ་ལ་མཆོད་པའི་ཚུལ་དུ་བཙུན་ཆུང་མཚན་བཟང་ལ་རིག་པ་གསལ་བ་ལྔ་ཡིས་ཤེས་རབ་མེ་ལྟར་འབར་བའི་ཕྱིར་དུ་དམར་ལ་འཚེར་བའི་མེ་ཏོག་གི་ཆུན་པོ་ལྔ་ཕྱག་ན་བཟུང་བ་རྣམས་སྐྱབས་རྗེ་སྣང་ཞིག་རིན་པོ་ཆེ་དང་། བྱ་བྲལ་ཨ་འཇིགས་རིན་པོ་ཆེ། སྨྲ་སེང་ནམ་མཁའ་རིན་པོ་ཆེ། མཁན་ཆེན་རིག་འཛིན་དབང་རྒྱལ་རིན་པོ་ཆེ། སྟེང་ཆེན་དབྲ་སྤྲུལ་རིན་པོ་ཆེ་རྣམ་ལྔས་ཡེ་ཤེས་ལྷ་ཡི་སྤྱན་དབྱེ་དང་སྨོན་ལམ་དྲི་མེད་ཀྱི་མཚམས་སྦྱར་ཏེ་མ་རིག་པའི་དྲ་བ་བཅད་ནས་འདུ་ཁང་གི་སྨྲ་སེང་མདུན་དུ་འབུལ།

mmexport1476252700601.jpgmmexport1476252660629.jpg

     དེའི་འཕྲོར་ལྷན་རྒྱས་འཆད་རར་ཕེབས་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སྙན་པའི་དབྱངས་ལ་དྲངས་ནས་རྗེ་བསྐལ་བཟང་བློ་གྲོས་དང་། སེང་སྤྲུལ་རིག་འཛིན་ཉི་མ། རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་རྣམ་པ་གསུམ་པོས་གཡུང་དྲུང་བོན་སྲིད་པའི་བརྡ་དར་ཆེན་མོ་མཁའ་ལ་བསྒྲེངས་ཤིང་རྟེན་འབྲེལ་དང་སྨོན་ལམ་གྱིས་ཉག་ཁམས་སྐྱེས་འགྲོ་ཡོངས་ཀྱི་དབུགས་དབྱུང་བར་བྱས། དེ་ནས་ཕོ་མོ་རིས་སུ་མ་ཆད་པའི་སློབ་གཉེར་བ་བརྒྱ་ཕྲག་དུ་མས་ཐུགས་སྤྲོ་པོའི་སྒོ་ནས་བོན་མདོ་སྔགས་སེམས་གསུམ་གྱི་རྩོད་པའི་གཞི་ཆེར་བཏིང་། གོང་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པས་འཆད་རར་གཟིགས་སྟངས་མཛད་དེ་ཕྱོགས་བཞིར་ཞབས་ཀྱིས་བཅགས་ནས་ཕྱིའི་སྣོད་ལ་བྱིན་ཆེ་བ་ནང་བཅུད་ལ་ཞལ་དྲོ་བ་མཛད་དོ།།

000A7519.JPG

     དེ་ནས་རྗེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་སྲིད་ན་མཐོ་བའི་གསེར་ཁྲིར་ལ་མངའ་གསོལ་ཞིང་བླ་སྤྲུལ་མཁན་གསུམ་རྣམས་དབུ་ནས་བཞུགས། འདུས་པ་རྒྱ་མཚོ་སེམས་དཔའི་གཡས་གྲལ་དང་སེམས་མའི་གཡོན་གྲལ་བྱས་ནས་མངའ་དབུལ་རབ་གནས་ཀྱི་མཛད་པ་ལེགས་པར་བསྐྱངས། སྐུ་གསུང་ཐུགས་རྟེན་རི་བོའི་གཏོས་དང་མཉམ་པ་རྣམས་ལ་བཀྲ་ཤིས་པ། བྱིན་ཆེ་བ་ཁོ་ན་མཛད་དེ་བསྟན་དང་འགྲོ་བའི་དཔྱིད་དུ་སྨིན་པར་བྱས།

mmexport1476252684668.jpgmmexport1476252730190.jpg000A7559.JPG

     ཉིན་དེའི་ཕྱི་དྲོའི་ཆ་ལ་སྐད་གཉིས་སྨྲ་བའི་དབང་ཕྱུག་སེང་སྤྲུལ་རིག་འཛིན་ཉི་མ་རིན་པོ་ཆེ་མཆོག་སེར་ཕྲེང་གིས་སྣེ་ལེགས་པར་བསུས་ཏེ་གསེར་ཁྲི་ལ་མངའ་གསོལ་ནས་སྐྱབས་རྗེ་སྣང་ཞིག་ཚང་དང་། བྱ་བྲལ་ཨ་འཇིགས། སྨྲ་སེང་ནམ་མཁའ་ཚུལ་ཁྲིམས་རྣམས་ཀྱིས་གཙོས་པའི་བླ་སྤྲུལ་འདུས་པ་ལྷན་རྒྱས་ཀྱིས་རྣམ་ལྔ་དང་མནྜལ་རྒྱས་འབུལ་བྱས། ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་གུས་པ་བླ་ན་མེད་པའི་མཚོན་པ་རྒྱ་ཆེ་བའི་སྒོ་ནས་བཀྲ་ཤིས་པའི་རྟགས་བརྒྱད་དང་།སྐུ་རྟེན། གསུང་རྟེན། ཐུགས་རྟེན། ན་བཟའ་གོས་དྲུག་སོགས་གཏང་རགས་ཀྱི་ཕུད་དང་དགྱེས་རགས་ཀྱི་མཆོག་ཏུ་ཕུལ། དེ་ནས་དགོན་པ་སོ་སོ་དང་། བླ་སྤྲུལ་ཁག་སེམས་པ་དང་སེམས་མ་བརྒྱ་ཕྲག་བདུན་ལ་ཉེ་བས་ཁོང་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་གཡུང་དྲུང་བོན་གྱི་བསྟན་པ་ལ་བཀའ་དྲིན་ཆེ་བའི་གཏང་རག་གི་མནྜལ་གྱ་ནོམས་པ་ཕུལ། དེ་ནས་ལྷ་སྡེ་དམངས་གཙོ་སྟོང་ཕྲག་དུ་མའི་མོས་གུས་དང་ཡི་རངས་ཆེན་པོས་དར་དང་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་ཏེ་གུས་པའི་རྣམ་འགྱུར་ཟད་མི་ཤེས་པའི་སྒོ་ནས་མཇལ་ཕྱག་བླངས་ལ་མཛད་ཕྲིན་རྒྱས་པའི་འཁོར་ལོའི་མཐར་ཕྱུངས།

mmexport1476252703615.jpgmmexport1476252775263.jpgmmexport1476252783179.jpg

     ཉིན་གསུམ་པར་བླ་སྤྲུལ་བཅུ་ཕྲག་ཁ་ཤས་ཀྱི་དབུ་བཟུང་ནས་དབང་ལྡན་དུས་ཀྱི་འཁོར་ལོ་སྒོ་དབྱེ་དངོས་གྲུབ་ཀྱི་རིམ་པ་ནས་དབང་བསྐུར་རྒྱས་པར་གནང་ཞིང་རྒྱལ་ཚབ་མཆོག་གིས་དབུ་བྱས་ཏེ་དབང་བཤད་གནང་། གདན་ཞུས་སྨྲ་སེང་ནམ་མཁའ་ཚུལ་ཁྲིམས་དང་། མཁན་ཆེན་རིག་འཛིན་དབང་རྒྱལ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་སོགས་ཀྱིས་བསྟན་དང་འགྲོ་ལ་ཕན་ངེས་ཀྱི་ཞལ་གདམས་གནང་། ནང་དོན་གཙོ་བོ་ཉག་རི་དགོན་ལྷན་རྒྱས་ཀྱིས་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ལ་རྒྱབ་སྐྱོར་དགོས་ལུགས་དང་། རྒྱབ་སྐྱོར་བྱེད་ཚུལ་ཡང་དགོན་སོ་སོར་སྒྲུབ་གྲྭ་དང་ཡིག་གྲྭ་གཉིས་ལས་བཤད་གྲྭ་གཅིག་གྱུར་བྱེད་ན་བཟང་ཚུལ་སྐོར་གསུང་བཤད་གནང་།

000A7506.JPGmmexport1476252798384.jpg

     དེ་ནས་སེང་སྤྲུལ་མཆོག་གིས་དམངས་སྒོར་བྱེ་བ་དུ་མས་བཞེངས་པ་བྱེད་དགོས་པའི་དགོངས་འཆར་གྱི་ཐོག་ནས་གསུང་བཤད་མདོར་འདུས་ལ་དོན་ཟབ་པར་གནང་བར་མ་ཟད་གདན་ཞུ་བླ་སྤྲུལ་རྣམས་ལ་གསེར་སྐུ་དང་ཐང་སྐུ་གོས་དང་དམངས་སྒོར་དྲུག་སྟོང་གི་མཆོད་འབུལ་དང་། བླ་སྤྲུལ་ཡོངས་ལ་གོས་དར་གྱིས་སྣ་དྲངས་ནས་དམངས་སྒོར་ཆིག་སྟོང་བཞི་བརྒྱ་དང་ཐང་སྐུ་རེ་ཕྱག་འབུལ་གནང་། དགེ་འདུན་འདུས་པ་རྒྱ་མཚོ་ལ་དམངས་སྒོར་དྲུག་བརྒྱ་རེ་བཅས་དགའ་སྟོན་གྱི་མཆོད་ཚོགས་གྱ་ནོམས་པར་མཛད། ཁོང་གི་གསུང་བཤད་ཀྱི་ནང་དོན་མདོར་བསྡུས་ན་གནས་ཡེ་ཤེས་དགོན་ཡིན་ཡང་འབུལ་ཡུལ་ཁམས་ཕྱོགས་ཀྱི་བོན་སྡེ་སྤྱི་ཡིན་ཚུལ། མ་འོངས་པར་ཁམས་ཕྱོགས་བོན་སྡེ་སྤྱི་ཡི་སློབ་གཉེར་གྱི་ལྟེ་བ་ཞིག་ཏུ་གྱུར་པའི་ཐུགས་སྨོན་དང་། དེ་ལྟར་གྱུར་ན་མུ་མཐུད་དུ་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་ཡོད་ཚུལ་གྱི་དགོངས་འཆར་གནང་།

mmexport1476252708406.jpgmmexport1476252714457.jpg

     དེའི་འཕྲོར་གཡུང་དྲུང་བོན་མ་ཡུམ་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་ཟུར་བ་དཔོན་སློབ་བསྟན་འཛིན་སྨོན་ལམ་ལགས་ཀྱིས་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་ཡིན་པའི་ཆ་ནས་གོང་ས་རྣམས་ལ་བཀའ་དྲིན་དང་གཏང་རག འོག་མ་རྣམས་ལ་ཡི་རངས་དང་ལེགས་སྨོན་སོགས་བཀྲ་ཤིས་པའི་ཁ་གཡང་དང་མཉམ་དུ་རྒྱལ་ཁ་དང་གཟི་བརྗིད་ངང་ནས་མཇུག་ཡོངས་སུ་བསྡུས་པའོ།།

ཞེས་གཡུང་དྲུང་བོན་མ་ཡུམ་བཤད་སྒྲུབ་སློབ་གླིང་གི་སློབ་མ་ཉག་ཉི་གྲགས་ནས་གུས་པས་སྦྱར་རོ།།

mmexport1476252670604.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།