མཆོག་སྤྲུལ་རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེ་ཕུག་ལེབ་རི་ཁྲོད་དུ་ཕེབས་པ།

[ཟླ་ཚེས། 2016-10-08 20:08:58][རྩོམ་པ་པོ། ཁྱུང་གི་མེ་ཆར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.jpg
མཆོག་སྤྲུལ་རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེ་ཕུག་ལེབ་རི་ཁྲོད་དུ་ཕེབས་པའི་གནས་ཚུལ་མདོར་བསྡུས།

01.jpg02.jpg

     དེ་ཡང་ཕུག་ལེབ་རི་དགོན་གཉིས་ཀྱིས་ཡུན་རིང་གསོལ་བ་བཏབས་པའི་རེ་བའི་འབྲས་བུ་དངོས་སུ་སྨིན་པའི་སྐལ་བཟང་ཚེས་བཟང་གི་ཉི་མ་དགུང་ལ་ཤར་བའི་དུས་ཏེ། ཕྱི་ལོའི་༢༠༡༦ཟླ་༩ཚེས་༢༠ཉིན་ཁྱུང་པོ་སེར་ཚའི་བོན་གྱི་ལྷ་སྡེ་རྣམས་ཀྱིས་ལུས་ལ་བོད་གོས་གཙང་མའི་གཟབ་མཆོར་སྤྲས་ནས། མཛེས་པའི་དར་ཚོན་སྣ་ལྔས་བརྒྱན་པའི་རླངས་འཁོར་དང་འཕྲུལ་རྟའི་རུ་བསྟར་གྱིས་རྗེ་བླ་མ་རྩེ་དྲུག་སྤྲུལ་སྐུ་བསྟན་འཛིན་གཙུག་ཕུད་འོད་ཟེར་རིན་པོ་ཆེ་མཆོག་སེར་ཚ་གྲོང་བརྡལ་ནས་ཕེབས་བསུ་གཟབ་རྒྱས་དང་གནང་།

06.jpg

     ཉིན་རྒྱབ་འཁོར་དུས་དྲུག་དང་ཕྱེད་ཀའི་སྟེང་ཕུག་ལེབ་རི་ཁྲོད་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་བདེ་བར་འཁོད་པ་དང་། དགོན་དེའི་དབུ་བླ་དབྲ་ཁྱུང་ཚེ་དབང་མཆོག་གྲགས་གཙོར་བྱས་པའི་བླ་གྲྭ་སྐྱ་སེར་ཡོངས་ཀྱིས་མནྜལ་སྐུ་གསུང་ཐུགས་རྟེན་རྒྱས་འབུལ་ཞུས་ནས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་ཏེ་གོང་ཉིད་འཇིག་རྟེན་མ་སྟོང་གི་བར་དུ་བསྟན་འགྲོའི་མགོན་དུ་བཞུགས་པའི་གསོལ་བ་ལན་བརྒྱར་བཏབས།

08.jpg

     ཕྱི་ཉིན་སྔ་དྲོའི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་དུ་བླ་གྲྭ་གཙོ་འཁོར་རྣམས་ཀྱིས་འཁོར་བ་སྡུག་བསྔལ་གྱིས་མནར་བའི་ཕ་རོལ་གྱི་གཤིན་པོ་དག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སླད་དུ་སྒྲིབ་སྦྱང་མུན་སེལ་སྒྲོན་མའི་བྱང་ཆེན་བཞུས། ཉིན་གུང་འཁོར་དུས་དང་པོའི་ཐོག་དེར་འདུས་པའི་བློ་གསལ་དད་གུས་ཅན་གྱི་སྣོད་ལྡན་སེར་སྐྱ་མི་དམངས་རྣམས་ལ་བཀའ་དབང་བསྐུར་བ་དང་། སེམས་ལ་ཕན་པའི་གདམས་ངག་བདུད་རྩིའི་ཐིག་པ་འམ་གནད་ལ་ཁེལ་བའི་སློབ་གསོའི་གྲུ་ཆར་གྱིས་སེམས་རྒྱུད་རབ་ཏུ་བརླན་པར་བྱས།

09.jpg

      ཕྱི་དྲོའི་འཁོར་དུས་ལྔ་པའི་ཐོག་ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་སྒྲུབ་ཕུག་དང་གནས་རི་ལ་མཇལ་སྐོར་དུ་ཕེབས་ཏེ་མ་འོངས་པར་ཕུག་ལེབ་རི་ཁྲོད་དུ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བའི་ཐུགས་སྨོན་རྒྱ་ཆེ་གནང་། ཕྱི་ཚེས་༢༢ཉིན་ཕུག་ལེབ་རི་ཁྲོད་ནས་དམ་པ་ཁྱུང་སེར་གྱི་གདན་ས་སྒར་ཁང་བླ་བྲང་དུ་ཆིབས་བསྒྱུར་གནང་སྟེ་གསར་དུ་བཞེངས་པའི་ཕྱི་ཡི་འདུ་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ལ་མངའ་དབུལ་རབ་གནས་མཛད་ནས་དགོན་གྱི་དབུ་བླ་དབྲ་ཁྱུང་ཚེ་དབང་མཆོག་གྲགས་ལ་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྐྱོང་སྟངས་སྐོར་ནས་བཀའ་སློབ་ལམ་སྟོན་གནང་། ཉིན་དེའི་འཁོར་དུས་བཅུ་པའི་ཐོག་ནས་གཡུ་བཀྲ་ལྷ་སྟེང་དགོན་དང་བྱ་ཟེ་ཡང་རྫོང་སོགས་ལ་ཕེབས་གྲུབ་རྗེས་ཞབས་ཟུང་རང་དགོན་ཁྱུང་པོའི་རི་བོ་རྩེ་དྲུག་ཏུ་འཁོད་པའི་མཚམས་སྦྱོར་མདོར་བསྡུས་སོ།།

07.jpg

05.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།