སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འཆད་ཁྲིད་གནང་བ།

[ཟླ་ཚེས། 2016-09-28 00:18:13][རྩོམ་པ་པོ། གཟེར་མིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

DSC00799.jpg

བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ་རྒན་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འཆད་ཁྲིད་གནང་བ།

DSC00786.jpg

     སྤྱི་ལོ2016ལོའི་ཟླ9པའི་ཚེས27ཉིན་གྱི་དགོང་དྲོའི་ཆུ་ཚོད་7:30སྟེང་ནས་ཆུ་ཚོད་གཉིས་ཙམ་གྱི་རིང་ལ། བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བྱང་གླིང་པཎ་ཆེན་ཞིབ་འཇུག་གླིང་དུ་«དེང་རབས་རྒྱལ་ཁབ་ཕྱི་ནང་གི་ཞང་ཞུང་རིག་གནས་ཞིབ་འཇུག་གི་གནས་བབས»ཞེས་པའི་གླེང་གཞི་སྤེལ་ཏེ་འཆད་ཁྲིད་ཟབ་རྒྱས་གནང༌།  མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གི་ཀྲུའུ་རེན་རྩོམ་རིག་སྨྲ་བའི་དགེ་རྒན་ཆེན་མོ་སྟོབས་ལྡན་ལགས་ནས་ཐེངས་འདིའི་འཆད་ཁྲིད་ལ་མདོ་འཛིན་བྱས་ཤིང་ཚོགས་ར་དེར་ཞུགས་པའི་དགེ་སློབ་རྣམས་ལ་སྐུ་ཉིད་མཚམས་སྦྱོར་དང་ཁོང་གི་ལས་གནས་དང་འབྲེལ་བའི་ཞིབ་འཇུག་གི་ཁ་ཕྱོགས་སོགས་ངོ་སྤྲོད་གནང༌།

DSC00788.jpg

     ཐེངས་འདིའི་འཆད་ཁྲིད་«དེང་རབས་རྒྱལ་ཁབ་ཕྱི་ནང་གི་ཞང་ཞུང་རིག་གནས་ཞིབ་འཇུག་གི་གནས་བབས»ཞེས་པའི་གླེང་བྱ་གཙོ་བོ་ནི། དེང་རབས་རྒྱལ་ཁབ་ཕྱི་ནང་གི་ཞང་ཞུང་རིག་གནས་ཞིབ་འཇུག་གི་གནས་བབ་ལས། ཞང་ཞུང་གི་ལོ་རྒྱུས་དང་ས་རྒྱུས་ཞིབ་འཇུག ཞང་ཞུང་གི་སྐད་ཡིག་དང་ཡིག་རིགས་ཞིབ་འཇུག ཞང་ཞུང་གི་ཆོས་ལུགས་དང་དད་མོས་ཞིབ་འཇུག ཕྱི་གླིང་གི་བོད་རིག་པའི་རྒྱུ་ཆའི་སྐོར་ངོ་སྤྲོད། ཞང་ཞུང་དང་བོད་ཀྱི་འབྲེལ་བ་སོགས་ཞང་ཞུང་རིག་གནས་ཀྱི་ཁྱབ་ཚད་ག་འདྲ་ཡིན་པ་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པའི་སྐོར་སོགས་ཡིན་ཞིང་། དེར་བརྗོད་ཚུལ་ནི་ཞིབ་བསྡུར་དང་ངོ་སྤྲོད་བཅས་ཁ་གསལ་ཞིང་གོ་བདེ་བ། ནང་དོན་ཕུན་སུམ་ཚོགས་ཤིང་རིག་པའི་གནད་དུ་འཐིང་བའི་ཞང་ཞུང་ལས་འཕྲོས་པའི་ཞིབ་འཇུག་རིག་གཞུང་འཆད་ཁྲིད་གནང༌།

DSC00797.jpg

     བོད་རིག་པའི་ཞིབ་འཇུག་པ་མཁས་ཆེན་སྐུ་ཞབས་ཚེ་རིང་ཐར་ལགས་ཀྱིས་ན་རེ། “རང་རིགས་ཀྱི་དགེ་རྒན་དང་སློབ་མ་སུ་དང་གང་ཞིག་ཡིན་རུང་བོད་ཀྱི་རིག་གཞུང་གི་ཁུངས་རྟོགས་པར་བྱེད་པ་ལ་བན་དྷེའི་བསྟན་འབྱུང་ཁོ་ནར་བལྟས་པས་མི་ཆོག་པར་བོན་གྱི་བསྟན་འབྱུང་ཁག་ལའང་རྒྱང་མིག་མ་གཟིགས་ན་ང་ཚོའི་ཡང་མེས་ནས་བརྒྱུད་ཅིང་དར་མྱོང་བའི་བོད་ཀྱི་གནའ་བོའི་རིག་གཞུང་གི་རྩ་བ་རྙེད་མི་ཐུབ་པ་རེད”ཅེས་གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་གསུང་གླེང་ཡང་མཛད་བྱུང་། རྗེས་སུ་ཚོགས་ཞུགས་པ་རྣམས་ཀྱིས་ངག་ཐོག་ནས་དྲི་བ་བཏོན་པར་བཀའ་ལན་ཞིབ་རྒྱས་སུ་བསྩལ་བ་དང་མཇུག་མཐར་རྒན་སྟོབས་ལྡན་ལགས་ནས་མཇུག་བསྡུའི་གཏམ་བཤད་དང་བཅས་ལེགས་པར་གྲུབ།

DSC00806.jpg

     བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྟོང་སྐོར་ཚེ་རིང་ཐར་ལགས་ནི། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་པ། ཞོར་དུ་རིག་གནས་པུའུ་རྒྱལ་ཡོངས་ཡིག་རྙིང་་སྲུང་སྐྱོབ་ལས་ཀའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང༌། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི(IATS)རྒྱུན་ལས་པ། རྒྱལ་སྤྱིའི་བོན་པོའི་ཞིབ་འཇུག་ཚོགས་པའི(IABR-ATRB)ལས་འཛིན་གཞོན་པ། ཀྲུང་གོའི་ཆོས་ལུགས་རིག་པ་ཚོགས་པའི་ལས་འཛིན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཤ་མན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཚན་ཁག་གི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་གསོ་རིག་གླིང་གི་གདན་ཞུའི་སློབ་དཔོན་ཆེན་མོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ་བཅས་ཀྱི་འགན་བཞེས་ཡོད་པ་དང༌། བརྩམས་ཆོས་སྐོར་ལ་བོད་ཡིག་གཙོས་རྒྱ་ཡིག་དང༌། དབྱིན་ཡིག དབྱི་ཏ་ལའི་སྐད་སོགས་ནས་བརྩམས་པའི་དཔྱད་རྩོམ་དང་བསྒྱུར་རྩོམ་མང་དུ་མཆིས།

163784544777625454.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།