སྨོན་རྒྱལ་བླ་བྲང་གི་སྒྲུབ་ཐོན་སྐབས་གཉིས་པའི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2016-09-02 17:45:27][རྩོམ་པ་པོ། མཁན་དྲང་སྲོང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

_MG_9781.JPG
06.JPG

  བོད་མེ་སྤྲེལ་ལོར་གདན་ས་༧དཔལ་ལྡན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་སྐབས་གཉིས་གཤེན་གྱི་སྒྲུབ་ཐོན་པ་རྣམས་ བཅད་བརྒྱའི་དུས་མཚམས་ལོ་གསུམ་ཟིན་པའི་སྒྲུབ་ཐོན་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་ངང་སྤེལ་བ་སྟེ་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་འདུས་སྤྱིའི་འགན་འཛིན་རྣམ་པས་གོ་སྒྲིག་ལྟར་བཤད་སྒྲུབ་འདུས་སྡེ་ནས་སྐབས་གཉིས་པའི་སྒྲུབ་གྲྭ་བ་བཅོ་བརྒྱད་ལ་སྒྲུབ་ཐོན་ཕྱག་འཁྱེར་ཆེ་རྟགས་བརྩལ་བའི་གོ་རིམ་བསྒྲིགས་པ་སྟེ་བདག་ཅག་གི་༧སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་༡༨༠༣༣འཁོར་བའི་དུས་ཁྱད་པར་ཅན་བོད་མེ་སྤྲེལ་ལོ།སྤྱི་ལོ་༢༠༡༦ལོའི་བོད་ཟླ་༦།༡༩ནས་དབུ་བཟུང་ཐོག་འདུས་པ་རིན་པོ་ཆེ་དྲི་མེད་གཟི་བརྗིད་ཀྱི་མདོ་ལས་ཆོ་ག་བཅུ་གཉིས་ཀྱི་སྟ་གོན་ཚུལ་དུ་དབུ་ཕབ་པ་སྟེ།

_MG_9803.JPG
14.JPG

   དེ་ཡང་རང་རེའི་བསོད་སྐལ་མཇལ་ཡུལ་གྱུར་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པའི་ཐབས་ལམ་དམ་པ་འཕྲུལ་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་ཐུགས་ཉམས་སུ་བསྟར་བཞིན་པའི་འདས་མ་ད་གསུམ་གྱི་བོན་གྱི་འདུལ་སྔགས་རྫོགས་གསུམ་དང་ལྷག་པར་དུ་སྒྲུབ་བརྒྱུད་བསྟན་པའི་སྲོལ་འཛིན་ཀུན་མཁྱེན་ཤར་རྫའི་མཛོད་ལྔ་སོགས་བོན་གྱི་མདོ་སྔགས་གཞུང་ལུགས་དག་ལ་ཚུལ་མཐུན་གྱི་འབད་བརྩོན་གནང་བའི་ལག་རྗེས་ལ་བརྟེན་ནས་གྲུབ་ཐོབ་རིགས་འཛིན་རྨད་བྱུང་འདུལ་འཛིན་པ་གང་མང་ཞིག་ཕེབས་དང་ཕེབ་བཞིན་ཡོད་པ་བསྟན་འབྱུང་ཁག་དང་སྨྲང་རབས་དག་འབྱུང་ལྟར་རོ།དེ་དག་ཉམས་སུ་ལེན་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ཏེ་ཚུལ་བཞིན་དུ་ཉམས་ལེན་གནང་བའི་བཤད་པའི་སྡེ་དང་།དད་འདུན་མོས་གུས་ཀྱི་ཀུན་ནས་སློང་ཏེ་འཁོར་བ་ལ་སྐྱོ་ཤས་དང་ཐར་པ་ལ་ངེས་འབྱུང་སྐྱེ་བའི་སྒོ་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་ཏེ་སྒྲུབ་པའི་སྡེ་གཉིས་སུ་བྱུང་བ་བཞིན།ད་ལན་དེའི་ཁོང་བཏོག་སྒྲུབ་སྡེའི་སྲོལ་འཛིན་གྲུབ་དབང་འཇའ་ལུས་པ་ཆེན་མོ་ཀུན་མཁྱེན་ཤར་རྫ་བཀྲིས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་བཀའ་འབུམ་གཞི་བཟུང་གི་ཐོག་ནས་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ལ་སློབ་གཉེར་འབད་བརྩོན་ཚུལ་མཐུན་བགྱིས་པའི་གཤེན་གྱི་སྒྲུབ་ཐོན་བཅོ་བརྒྱད་ལ་སྒྲུབ་ཐོན་དམ་འཇོག་བཤད་རྒྱུགས་ངག་རྒྱུགས་བཅས་བྱས་ནས་སྒྲུབ་ཐོན་ཕྱག་འཁྱེར་གནང་བའི་རྟེན་འབྲེལ་ མཛད་སྒོའི་རིམ་པ་སྤེལ།མཛད་རིམ་ཉིན་དང་པོ་སྟེ།

15.JPG
_MG_0474.JPG

   འདི་ཟླའི་བོད་ཚེས་༡༩ཉིན།བླ་ བྲང་གི་འགན་འཛིན་རྣམ་པས་གོ་སྒྲིག་ལྟར་སྐབས་དང་པོ་ནས་གསུམ་པའི་བར་གྱི་བཤད་ སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་ནས་ཆོ་ག་བཅུ་གཉིས་འདོན་ཆོག་གི་རིམ་པ་མཛད།དེ་རྗེས་ཉིན་རྒྱབ་གསུམ་པ་༧སྨོན་རྒྱལ་བླ་བྲང་གི་བཤད་སྒྲུབ་འདུས་སྡེ་དང་གཏམ་སྨད་བེ་དགོན་བསམ་གཏན་གླིང་གི་སེར་ཁྱིམ་སྔགས་འཆང་བ་རྣམས་ནས་གཤེན་གྱི་གར་འཆམས་ཆེན་མོ་ཀུན་བཟང་རྒྱལ་བ་མཉེས་པའི་མཆོད་སྤྲིན་ཀྱི་དོད་དུ་བླ་སློབ་གཤེན་བཙུན་ལྷན་རྒྱས་དང་དད་ལྡན་སེར་སྐྱ་མི་མང་ཀུན་ལ་གཟི་མདངས་སྤྲོ་བའི་ངང་ནས་གཟིགས་འབུལ་ སྤྱན་བསྟར་ཞུས།

13.JPG
16.JPG

   ཕྱི་དྲོར་ཡི་དམ་ཁྲོ་བོ་རྣམ་པར་འཇོམས་པའི་བཀའ་དབང་ཟབ་མོ་གནང་མགོ་ཚུགས། དབང་གྲལ་དུ་བཞུགས་མཁན།བསྟན་བདག་ཁྲི་འཛིན་༧སྨོན་གཤེན་གདུང་འཛིན་ནམ་མཁའ་དབང་ལྡན་རིན་པོ་ཆེ་བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཁྲིད་སློབ་དཔོན་སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་གི་མཁན་ཆེན་དྲང་སྲོང་བསྟན་འཛིན་རྣམ་རྒྱལ་སྨོན་རྒྱལ་སྒྲུབ་སྡེའི་མཁན་པོ་མཁར་སྤ་ཚུལ་ཁྲིམས་རྒྱལ་མཚན་སྨོན་སྲས་ནམ་མཁའ་མཐོང་གྲོལ་སྨོན་སྲས་ཚེ་དབང་ནམ་མཁའ་མཁན་པོ་དྲང་སྲོང་རྒྱལ་མཚན།མཁན་པོ་ཟླ་བ་རྒྱལ་མཚན་བཅས་བཀའ་དབང་གི་མགོན་དུ་བཞུགས་ཤིང་སྒྲུབ་ཐོན་པ་གཙོས་བཤད་སྒྲུབ་འདུས་སྡེ་དང་བེ་དགོན་བསམ་གཏན་གླིང་གི་སྔགས་འཆང་བ་དང་བཞིན་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་དུ་མ་ལ་དབང་དམ་བསླབ་བྱ་བཅས་ཀྱི་ཞལ་ཏ་གནང་ནས་སྨིན་གྲོལ་གྱི་གདུལ་བྱ་ལམ་ལ་འགོད་པར་བྱས། 

09.JPG

   མཛད་རིམ་ཉིན་བཞི་པ། ཞོགས་པ་གཙུག་ལག་ཁང་སྟེང་ནས་མཆོད་དཔོན་གྱིས་རྒྱལ་རྔ་བརྡུང་དང་དུང་བརྡ་གཏོང་སྟེ་ཐོག་མར་བླ་བྲང་གི་གཟིམས་ཆུང་ཁང་ནས་དཔོན་གསས་མཁན་སློབ་དབུས་པས་སྒྲུབ་ཐོན་དང་སྒོམ་ཐོན་རྣམས་སྤོས་མེ་མདའ་དར་རྒྱ་གླིང་གིས་མདུན་བསུས་ནས་གསེར་གདུང་སྣང་སྲིད་དཔལ་འབར་གྱི་མདུན་དུ་གདན་འདྲེན་ཞུས་ཏེ་དཔོན་གསས་མཁན་སློབ་རྣམས་བཞུགས་ཁྲིར་འཁོད་རྗེས་སྒྲུབ་ཐོན་རྣམ་འབྱོར་བ་འདུས་ཚོགས་ནས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཞུགས་ཁྲིར་དབུས་པའི་༧དཔལ་ལྡན་དྲིན་ཆེན་བླ་མ་རྣམས་དང་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ལ་བཀའ་དྲིན་མཚོན་དོན་མཎྡལ་སྐུ་གསུང་ཐུགས་གསུམ་གྱི་རྟེན་བཞུགས་དང་མཚན་ལྡན་བླ་མ་མཆོད་སྤྲིན་གྱེར་ནས་དགུ་ཚན་གྱི་རིམ་པ་བསྟར་ཕྲེང་ཕུལ། 

10.JPG

   དེ་ནས་འདུས་སྤྱི་ལྷན་རྒྱས་འཚོགས་གྲལ་བཞུགས་ནས་ཚོགས་འདོན་དང་སྐྱབས་མཆོག་དམ་པ་སོགས་གྱེར་མཚམས།གཤེན་གྱི་སྒྲུབ་ཐོན་པ་ཐུན་མོང་ནས་འདུས་པ་ཡོངས་ལ་གྲོ་མ་འབྲས་སིལ་དང་སིལ་ཏོག་བསྟར་ཕྲེང་བསྒྲིགས་ནས་སྒྲུབ་ཐོན་བའི་ཁྱིམ་ཚང་ནང་མི་ལྷན་རྒྱས་ནས་བསྟན་སྦྱིན་བྱས་ནས་འཚོགས་བཞུགས་ཡོངས་ལ་མང་ཇ་སྐུ་འགྱེད་ཕུལ།དེ་རྗེས་སྒྲུབ་མཁན་རིན་པོ་ལས་ཐོག་མཁན་པོ་དྲང་སྲོང་ཚུལ་ཁྲིམས་བསྟན་འཛིན་བཞེངས་ནས་བཤད་གཞུང་མཆོད་བརྗོད་གྱེར་མཛད་པ་དང་།སྐབས་གཉིས་པའི་སྒྲུབ་ཐོན་བ་ལྷན་ནས་སངས་རྒྱས་རབས་བདུན་བསྟོད་པ་ནོར་ཕྲེང་སྔོན་འགྲོའི་བཤད་པའི་དོད་དུ་མཉམ་གྱེར་གནང་།  དེ་ནས། གཤེན་གྱི་སྒྲུབ་ཐོན་བ་ཤེལ་ཞིག་བླ་ཆུང་མི་འགྱུར་གྲགས་པ་དང་གཤེན་གྱི་སྒྲུབ་ཐོན་བ་གྲགས་པ་རྒྱལ་མཚན་དང་གཤེན་གྱི་སྒྲུབ་ཐོན་བ་བསྟན་པ་སྨོན་ལམ་གཤེན་གྱི་སྒྲུབ་ཐོན་བ་བསྟན་འཛིན་སྨོན་ལམ་གཤེན་གྱི་སྒྲུབ་ཐོན་བ་མཁྱེན་བརྩེ་དབང་ཕྱུག་གཤེན་གྱི་སྒྲུབ་ཐོན་བ་རྣམ་དག་འགྱུར་མེད་བཅས་སྒྲུབ་ཐོན་བ་དྲུག་ནས་སྡེ་སྣོད་མཛོད་ཀྱི་རྩ་གཞུང་ངག་རྒྱུགས་ཆུ་ཚོད་གསུམ་ཡན་མན་ལ་སྒྲ་དག་སྒྲོས་གཙང་གི་ཐོག་ནས་ཕུལ།

11.JPG
_MG_0610.JPG

   དེ་རྗེས་ཡར་མཁར་གཤེན་བཙུན་སྒྲུབ་ཐོན་བསྟན་པ་སྨོན་ལམ་ནས་རྒྱལ་དབང་ཤར་རྫ་པ་ཆེན་མོའི་རྣམ་ཐར་ཟབ་རྒྱས་དང་ལྷག་པར་དུ་འཇའ་ལུས་ཕེབས་ཚུལ་སོགས་སྐུ་ཚེའི་རྣམ་ཐར་མདོར་བསྡུས་ཀྱི་བཤད་རྒྱུགས་བགྲོ་གླེང་ཕུལ།དེ་ནས་སྤུ་གར་གཤེན་བཙུན་སྒྲུབ་ཐོན་བསྟན་འཛིན་སྨོན་ལམ་ནས་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་བྱུང་བ་དང་བླ་དགོན་གཉིས་ཀྱི་གདན་རབས་མདོར་བསྡུས་གཤེན་གྱི་སྒྲུབ་བ་རྣམས་ནས་དེ་སྔོན་ལོ་གསུམ་གྱི་བཅད་རྒྱ་མཛད་དང་ཐོས་བསམ་སློབ་གཉེར་གནང་ཚུལ་སྐོར་ནས་བཤད་རྒྱུགས་བགྲོ་གླེང་ཕུལ་བ་བཅས་སྔ་དྲོའི་མཛད་རིམ་ལེགས་པར་གྲུབ་ཕྱི་དྲོ་སྨོན་རྒྱལ་བླ་བྲང་གི་འདུས་སྤྱི་ནས་གཤེན་གྱི་སྒྲུབ་ཐོན་བ་ཡོངས་དང་འདུས་གྲྭ་ཡོངས་ལ་མང་ཇ་སྐུ་འགྱེད་ཀྱི་བཏང་རག་ཕུལ།དེ་རྗེས་སྒྲུབ་མཁན་རིན་པོ་ཆེ་ནས་མཚན་བཏཊ་ཀྱི་མཆོད་བརྗོད་གནང་མཐར།༧ཁྲི་འཛིན་དཔོན་གསས་སྨོན་གཤེན་གདུང་འཛིན་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ནས་སྒྲུབ་ཐོན་དང་སྒོམ་ཐོན་བ་རྣམས་ལ་དུས་མཚམས་ཀྱི་བཅད་བརྒྱ་ཟིན་པ་ལ་རྟེན་འབྲེལ་ཞུས་པ་དང་མ་འོངས་པར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་དུས་འདའ་དགོས་པའི་གདམས་ངག་ལྷུག་རྩོལ་གནང་ཏེ་ཆེ་རྟགས་ཕྱགས་འཁྱེར་དང་བྱིན་མདུད་བཅས་ཀྱི་བཀའ་དྲིན་བསྩལ།མ་ཚད་སྐབས་གཉིས་པའི་སྒྲུབ་ཐོན་མཛད་སྒོའི་སྐབས་གྲུབ་ཆེན་ནམ་མཁའ་རིན་པོ་ཆེ་མཆོག་སྐུ་ཆེད་ཕེབས་གནང་ནས་སྒྲུབ་ཐོན་རྣམས་དང་སློབ་གཉེར་བ་ཡོངས་ལ་ཁྲོ་བོ་རྣམ་པར་འཇོམ་པའི་སྐུ་ཁྲུས་དང་གདམ་དོན་མན་ངག་གི་བཀའ་དྲིན་བསྐྱངས།དེ་ནས་སྒྲུབ་ཐོན་བ་ཤེལ་ཞིག་གཤེན་བཙུན་མི་འགྱུར་གྲགས་པ་མཁར་སར་གཤེན་བཙུན་མཁྱེན་བརྩེ་དབང་ཕྱུགས་དང་རྫ་ཚང་གཤེན་བཙུན་ནོར་བུ་སྨོན་ལམ་དང་མལ་གྲོང་གཤེན་བཙུན་གྲགས་པ་རྒྱལ་མཚན་བཞི་ཡི་ཚིག་བཀྲའི་དོད་དུ་སྨོན་ཚིག་ཡིད་བཞིན་ཀུན་འགྲུབ་གྱེར་བཞིན་འབྲུ་དང་མེ་ཏོག་སོགས་གཏོར་ཏེ་མཆོད་སྤྲིན་རྒྱས་འབུལ་ཞུས།

_MG_9939.JPG

   དེ་རྗེས་སྨོན་སྲས་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ་དང་།མཁན་པོ་དྲང་སྲོང་རྒྱལ་མཚན་རྣམ་གཉིས་ནས་བཀྲ་ཤིས་ཚིག་བཀྲའི་ཤིས་སྨོན་གྱི་མཐར་ཕྱུངས་སྟེ་ཁྲི་འཛིན་རིན་པོ་ཆེའི་བསྔོ་བ་བདེ་ལེགས་ཀུན་འབྱུང་གི་རྒྱས་གདབས་མཛད་ནས་སྒྲུབ་ཐོན་གྱི་མཛད་སྒོའི་བཀྲ་ཤིས་རྟེན་འབྲེལ་སྨོན་ཚིག་གི་ཁྱབ་པར་བྱས་རྟེན་འབྲེལ་ཤིས་བརྗོད་བཅས་ལེགས་པར་གྲུབ་རྗེས་སྐབས་གཉིས་པའི་གཤེན་གྱི་སྒྲུབ་ཐོན་དང་བཤད་སྒྲུབ་འདུས་ཚོགས་སེར་ཁྱིམ་པ་བཅས་བརྒྱ་ཕྲག་ལ་ཉེ་བ་དང་ལྷན་དུ་དུ་ཏྲི་སུའི་སྙན་དབྱངས་གྱེར་བཞིན་གླིང་སྐོར་ལ་ཕེབས།གཙུག་ལག་ཁང་གི་མདུན་དུ་འཁོར་བ་དང་། ༧དཔོན་གསས་སྨོན་རྒྱལ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེ་མཆོག་དང་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་གཉིས་ནས་སྐབས་གཉིས་པའི་སྒྲུབ་ཐོན་པ་རྣམས་ལ་སྐལ་པ་བཟང་ཞེས་ལན་གསུམ་གསུངས་མཐར་ཀུན་ནས་རྗེས་ཟློས་ཀྱི་མཐུན་འགྱུར་གྱི་སྐལ་པ་བཟང་ཞེས་སྙན་དབྱངས་ཀྱི་ཁྱབ་ནས་འབྲུ་དང་བུ་རམ་མེ་ཏོག་བཅས་གཏོར་བ་བཅས་ཀྱི་མཛད་རིམ་དག་ལེགས་པར་གྲུབ།དེ་ནས་དངོས་སུ་གཤེན་གྱི་སྒྲུབ་ཐོན་ཆེན་མོའི་མཚན་རྟགས་ཆ་ཚང་དགེ་ཤིང་ཤིས་པའི་ངང་ནས་ལེགས་པར་གྲུབ་རྗེས་སླར་ཡང་སྒྲུབ་ཐོན་བ་རྣམས་གསེར་ཕྲེང་གི་མདུན་བསུས་ནས་གཙུག་ལག་ཁང་དུ་གདན་དྲངས་སྟེ་སྒྲུབ་ཐོན་ཁྲི་བཞེངས་མཛད་པ་དང་སྟོན་འཁོར་གྲྭ་ཚང་ལྷན་རྒྱས་དང་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་མཇལ་ཁ་གཏོང་བ་དང་ཀུན་གྱི་བསྐལ་པ་བཟང་ཞེས་རྟེན་འབྲེལ་གྱི་མཇལ་དར་དང་མེ་ཏོག་མཚོན་བྱེད་ཀྱི་འབུལ་བ་ཕུལ་བ་བཅས་ཆར་དང་འཇའ་འོད་ཀྱི་གུར་ཕུབ་པ་བཅས་སྣང་བཅས་ཀྱི་རྟེན་འབྲེལ་ཟབ་མོ་ལ་བརྩི་ཆོག་པས་ཨེ་མ་ངོ་མཚར་ཆེ་བ་འོ་སྐབས་གཉིས་པའི་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་སྒྲུབ་ཐོན་མཛད་སྒོའི་ཉིན་རིམ་ཡོངས་སུ་ལེགས་པར་གྲུབ་པས་ཟིན་བྲིས་རྫོགས་སོ།ལྷག་པར་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ་འདི་ལོ་ཁྱུང་པོ་སྟེང་ཆེན་རྫོང་ཁུལ་དུ་སྐབས་བཅུ་དྲུག་པའི་དབྱར་གྱི་དུས་སྟོན་ཆེན་མོའི་ཐོག་ཏུ།

 02.JPG
03.JPG
01.JPG
04.JPG
05.JPG

   ཆབ་མདོ་ས་ཁུལ་རིག་དངོས་ཅུད་དང་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་འབྲེལ་ཡོད་ཁག་ནས་སྨོན་རྒྱལ་བླ་བྲང་འདི་ནི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྡེ་ཚན་ཡིན་པས་ངོས་ནས་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ཚབ་ཏུ་འདི་ལོ་གཤེན་གྱི་གར་འཆམ་ཆེན་མོ་དུས་སྟོན་ཐོག་ཏུ་རྒྱ་ཆེའི་གཟིགས་མོ་བ་རྣམས་ལ་སྤྱན་འབུལ་དགོས་པའི་བཀའ་ལྟར་སྨོན་རྒྱལ་བླ་བྲང་དང་བེ་དགོན་བསམ་གཏན་གླིང་གཉིས་ཀྱི་འདུས་གྲྭ་ལྷན་ནས་གཡས་གཞོག་གཡོན་འདེག་གི་ཐོག་ནས་གཤེན་གྱི་གར་འཆམ་ཆེན་མོ་ལས་ཐུན་མིན་གྱི་ཆེ་རྟགས་དང་ལྡན་པ་གཟེ་མ་དགུ་འཆམ་དང་། གཤེན་རྗེ་ལྷ་བརྒྱད། ཤྭ་བ་བཅས་འཆམ་སྣ་གསུམ་དུས་ཚོད་དང་བསྟུན་ནས་ལྡིང་ཆའི་ཐོག་ཏུ་རྔམ་པའི་གར་དང་སྟངས་སྟབས་སོགས་བརྗིད་ཉམས་ལྡན་པའི་ཐོག་ནས་གཟིགས་འབུལ་ཞུས་པ་དང་སྦྲགས་གཤེན་གྱི་གར་འཆམ་ཆེན་མོའི་བྱུང་བ་ལོ་རྒྱུས་སོགས་མདོ་དྲི་མེད་གཟི་བརྗིད་དང་བློ་ལྡན་ཞལ་བྱང་སོགས་ལས་བསྟུན་ཏེ་སྨོན་སྲས་ཚེ་དབང་ནམ་མཁའ་མཆོག་ནས་མདོ་འཛིན་བྱས་ཏེ་བོད་རང་སྐྱོང་ལྗོངས་ནས་ཕེབས་པའི་ཆེད་མངག་མི་སྣ་དང་ཆབ་མདོ་གྲོང་ཁྱེར་ནས་ཕེབས་པའི་དབུ་ཁྲིད་རྣམས་དང་རྫོང་གི་དབུ་ཁྲིད་ཁག་དེ་བཞིན་ཁྱུང་ཡུལ་གྱི་མང་ཚོགས་ལྷག་པར་དུ་འདི་ལོ་ཆེད་དུ་གདན་དྲངས་བའི་སྦྲ་ཆེན་རྫོངས་འབེ་རུ་རྫོང་མཇོ་མདའ་རྫོང་རི་བོ་ཆེ་རྫོང་རྫ་སྟོད་ཡུལ་ཤུལ་སོགས་ནས་ཕེབས་པའི་སྐུ་མགྲོན་སོགས་མདོར་ན་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་རྔམ་བརྗིད་དང་འོད་སྣང་འབར་བའི་སྒོ་ནས་གཟིགས་འབུལ་ཞུས་པ་བཅས་སོ། ། 

སྨོན་རྒྱལ་བླ་བྲང་བཤད་སྒྲུབ་འདུས་སྡེའི་གཙོ་སྐྱོངས་འགན་འཛིན་ལྷན་ཚོགས་ནས།
༢༠༡༦།༩།༢།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།