འབུམ་རམས་པ་ཕྱི་མ་ངག་དབང་རྒྱ་མཚོའི་བསླབ་གནས་མཐར་ཕྱིན་པ།

[ཟླ་ཚེས། 2016-06-09 16:08:38][རྩོམ་པ་པོ། ཀུན་དགའ་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

494323709004480213.jpg

འབུམ་རམས་པ་ཕྱི་མ་ངག་དབང་རྒྱ་མཚོའི་བསླབ་གནས་མཐར་ཕྱིན་པའི་སྙན་ཞུ་བདེ་ལེགས་ངང་སྤེལ།

737219543494010971.jpg

      ༢༠༡༦ལོའི་ཟླ༦ཚེས༦པའི་ཉིན་གྱི་སྔ་དྲོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་འབུམ་རམས་པ་ཕྱི་མ་ངག་དབང་རྒྱ་མཚོའི་བསླབ་གནས་མཐར་ཕྱིན་པའི་སྙན་ཞུའི་ཚོགས་འདུ་གཟབ་རྒྱས་ངང་བསྡུས། ཚོགས་ཐོག་ཏུ་འབུམ་རམས་པ་ཕྱི་མའི་མཉམ་ལས་ཁྲིད་སྟོན་སློབ་དཔོན་ཆེན་མོ་ཚེ་རིང་ཐར་ཕེབས་ཡོད་ཅིང་། འབུམ་རམས་པ་ཕྱི་མའི་དཔྱད་བརྗོད་ཆེད་མཁས་པའི་ཚོགས་པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་ཞིབ་འཇུག་པ་སྐལ་བཟང་རྒྱལ་དང་། དོན་འགྲུབ་ཚེ་རིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་ཞིབ་འཇུག་པ་ཁྲིན་ཆིན་དབྱིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་མཁས་དགེ་རྒན་ཆེན་མོ་དོན་འགྲུབ་དབང་འབུམ་དང་། དཔར་འབར་རྡོ་རྗེ། གདན་འདྲེན་བྱས་ཤིང་། ཁོང་ཚོས་ཕྱོགས་ཡོངས་ནས་ཞིབ་འཇུག་སྙན་ཞུའི་གནས་ཚུལ་ལ་བསམ་འཆར་དང་གྲོས་གཞི་ཞིབ་མོ་བཏོན། ཚོགས་འདུར་ད་དུང་སློབ་གླིང་གི་འབུམ་རམས་པའི་ཞིབ་འཇུག་སློབ་མ་དང་། ཤེས་རམས་པའི་ཞིབ་འཇུག་སློབ་མ་ཁག་ཅིག་ཀྱང་ཞུགས་ཡོད།

668997994813674567.jpg

      ཚོགས་ཐོག་ཏུ། ཐོག་མར་མཉམ་ལས་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་འབུམ་རམས་པ་ཕྱི་མའི་ཞིབ་འཇུག་གི་གོ་རིམ་དང་། ལས་ཀའི་གནས་ཚུལ། ཞིབ་འཇུག་གི་ནང་དོན་སོགས་ངོ་སྤྲོད་བྱས་རྗེས། འབུམ་རམས་པ་ཕྱི་མ་ངག་དབང་རྒྱ་མཚོས་བོད་ཡིག་གི་ལམ་ནས་ཞིབ་འཇུག་གི་གནས་ཚུལ་སྙན་ཞུ་བྱས་ཤིང་། ཁོང་གིས་ཏུན་ཧོང་ཡིག་རྙིང་དང་། འཕན་ཆུ་དང་ཐེ་ཆུའི་རྒྱུད་ནས་བསྡུ་ཚགས་བྱས་པའི་བོན་གྱི་དམངས་ཁྲོད་ཡིག་ཆ་རྩ་ཆེན147ལྷག་གཞིར་བཟུང་ནས་བོན་དང་བོན་པོ། བོན་གཤེན་གྱི་ལས་མཛད་སོགས་ལ་དབྱེ་ཞིབ་བྱས་པར་མ་ཟད། དེ་ལས་སྲིད་པའི་བོན་གྱི་ནང་དོན་དུ་གཏོགས་པའི་ལྷ་བདག་ལེའུའི་སྐོར་དང་། ལེའུ་ཡིག་གི་རིགས་དང་དབྱེ་བའི་སྐོར། ལེའུ་ཡིག་གི་ཁྱད་ཆོས་དང་ད་ལྟའི་གནས་བབ་སོགས་ལ་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས། ལྷག་པར་དུ་ལེའུ་དང་ལྷེའུ། ལྡེའུ་སོགས་ཀྱི་འབྲེལ་བ་དང་། དྲང་རྒན་གྱི་སྐོར། བརྔན་ཡིག་དང་བརྔན་གྱི་ཆོ་གའི་སྐོར། སེལ་གྱི་ཆོ་ག མོ་རྩིས་གཏོ་མདོས་གླུད་གཏོང་གི་ཆོ་ག་སོགས་དང་། གཡང་གི་སྐོར། སྲུང་གི་སྐོར། སེལ་གྱི་སྐོར། བྱ་རྡང་གི་ཡིག་ཆའི་སྐོར། བོན་གྱི་གཏོ་ཆོག་ལས་ཀོང་ཙེའི་གཏོ་སྒྱུར་དང་། སྤྲེལ་རྫོངས། ཡས་སྟག་སོགས་ཀྱི་སྐོར་ལ་ཆོས་ལུགས་མིའི་རིགས་རིག་པ་དང་། ཡིག་ཚགས་རིག་པའི་ཐབས་ལམ་སྤྱད་ནས་ རང་ཉིད་ཀྱི་དཔྱད་འབྲས་སྒྲོགས་སྦྱངས་བྱས།

708844987318094923.jpg

      ཚོགས་ཐོག་ཏུ་ཆེད་མཁས་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་ངག་དབང་རྒྱ་མཚོའི་ཞིབ་འཇུག་གི་གྲུབ་འབྲས་ལ་གདེང་འཇོག་བྱས་ཤིང་། གདོད་མའི་སྲིད་པའི་བོན་ནམ་དམངས་ཁྲོད་ཀྱི་ཆོ་གའི་སྐོར་ལ་དཔྱད་པ་གཏོང་དགོས་ན། ངེས་པར་དུ་ལེའུ་ལ་སོགས་པའིི་ནང་དོན་ལ་དཔྱད་པ་བཏང་ནས་དེའི་ངོ་བོ་ངོས་ཟིན་དགོས་པ་དང་། བོན་གྱི་སྔ་རབས་ཡིག་ཆ་གཞིར་བཟུང་ནས་དཔྱད་པར་འཇུག་རྒྱུ་གལ་ཆེ་ཚུལ་བསྟན། ངག་དབང་རྒྱ་མཚོས་དམངས་ཁྲོད་ཀྱི་ཡིག་ཆ་སྣ་ཚོགས་ལ་ཀློག་འགྲེལ་བྱས་པ་བརྒྱུད་ནས་མིང་བརྡ་མི་འདྲ་བའི་བྱུང་ཁུངས་དང་འཕེལ་འགྱུར་གྱི་བརྒྱུད་རིམ་ལ་དབྱེ་ཞིབ་བྱས་ཐོག བོད་ཤར་རྒྱུད་དུ་དར་ཆེ་བའི་ཆོ་གའི་རིག་གནས་སྣ་ཚོགས་ནས་ཡིག་རྙིང་སྣ་ཚོགས་པའི་རིན་ཐང་སྔོག་འདོན་བྱས་པ་དེས་དེང་ཕྱིན་གྱི་བོན་གྱི་ཤེས་རིག་གི་ཞིབ་འཇུག་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བཏོན་ཡོད་པར་མ་ཟད། བོད་ཀྱི་ཤེས་རིག་གི་ཞིབ་འཇུག་ལ་སྔར་མེད་ཀྱི་གྲུབ་འབྲས་གསར་བ་བསྐྲུན་ཡོད་པའི་གདེང་འཇོག་མཐོན་པོ་གནང་། མཇུག་ཏུ་ཆེད་མཁས་པ་རྣམས་ཀྱིས་གྲོས་ཐོག་གཅིག་ཆོད་ཀྱིས་འབུམ་རམས་པ་ཕྱི་མ་ངག་དབང་རྒྱ་མཚོའི་ཞིབ་འཇུག་གྲུབ་འབྲས་ཉིད་ཕུལ་བྱུང་དཔྱད་འབྲས་སུ་བདམས་ཤིང་། མུ་མཐུད་ནས་བོན་གྱི་ཤེས་རིག་སྐོར་ལ་ཞིབ་འཇུག་བྱེད་རྒྱུའི་རེ་བ་བཏོན།

243771692322204899.jpg

      ངག་དབང་རྒྱ་མཚོ་ལགས་ནི། ལན་གྲུ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན་ཞིང་། ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་། ལན་གྲུ་སློབ་གྲྭ་ཆེན་མོའི་བོན་གྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་ཞིབ་འཇུག་པ། ཐའེ་ཝན་ཧྥོ་ཀང་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ་དང་། ལན་གྲུ་སློབ་གྲྭ་ཆེན་མོའི་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་སྟོན་དགེ་རྒན་ཆེན་མོ་ཡང་ཡིན། ཁོང་དེ་སྔོན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤེས་རམས་པའི་ཞིབ་འཇུག་བསླབ་གནས་དང་། སི་ཁྲོན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་འབུམ་རམས་པའི་ཞིབ་འཇུག་བསླབ་གནས་ནས་མཐར་ཕྱིན་ཅིང་། གཙོས་མི་རིགས་དགེ་འོས་སློབ་གླིང་ནས་ལོ་མང་པོའི་རིང་ལ་དཔེ་ཁྲིད་དང་། རིག་གཞུང་ཞིབ་འཇུག་གི་ལས་འགན་གཅིག་ལྕོགས་སུ་ཁུར། དེའི་རིང་ལ་སྔ་ཕྱིར་འཕན་ཆུ་དང་ཐེ་ཆུའི་རྒྱུད་དུ་དར་ཁྱབ་བྱུང་ཡོད་པའི་སྲིད་པའི་བོན་གྱི་སྐོར་ལ་ཡུལ་དངོས་བརྟག་དཔྱད་དུ་ཐེངས་མང་པོར་བསྐྱོད་ཅིང་། ས་གནས་དེ་དག་གི་གནའ་རབས་ཡིག་ཆ་སྣ་ཚོགས་འཚོལ་བསྡུ་དང་དག་སྒྲིག་བྱས་ཐོག རིག་གཞུང་སྣ་ཚོགས་པའི་ཐབས་ལམ་བརྒྱུད་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་ཞིབ་འཇུག་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

855088602798146334.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།