ཤིང་དཔར་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་ལས་གཞི་མགོ་རྩོམ་པའི་ཚོགས་ཆེན།

[ཟླ་ཚེས། 2016-05-02 19:58:17][རྩོམ་པ་པོ། ཁྱུང་དཀར་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-2.jpg

བོད་ཀྱི་ཐོག་མའི་རིག་གནས་མྱུར་སྐྱོབ་ཤིང་དཔར་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་ལས་གཞི་མགོ་རྩོམ་པའི་ཚོགས་ཆེན།

1-1.jpg

     2016ལོའི་སྤྱི་ཟླ5བའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་རྨ་ལྷོ་གངས་རྒན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་མཛད་པའི༼བོད་ཀྱི་ཐོག་མའི་རིག་གནས་མྱུར་སྐྱོབ་ཤིང་དཔར་ཆེན་མོ་འཛམ་གླིང་རྒྱན་གཅིག༽གི་ལས་གཞི་མགོ་རྩོམ་པའི་ཚོགས་ཆེན་དེ་ཡུལ་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་འདིའི་ལྟེ་བར་ཆགས་པའི་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་གཟབ་རྒྱས་ངང་འཚོགས།

3-3.jpg3-1.jpg

     ཐེངས་འདིའི་ཚོགས་ཆེན་སྟེང་མཚོ་སྔོན་དང་སི་ཁྲོན་སོགས་ནས་ཕེབས་པའི་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་གྱི་སྡེ་དང་རེབ་གོང་བོན་མང་དང་རེབ་གོང་སྔགས་མང་སོགས་གསང་སྔགས་རིག་པ་འཛིན་པའི་སྡེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་ཕེབས་པའི་དགེ་རྒན་དང་སློབ་མ་སོགས་རིག་གནས་པའི་སྡེ། གཞན་ཡང་ལས་གཞི་འདིར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་གྱི་སྐྱེས་ཕོ་མོ་རྒན་གཞོན་སོགས་མི་སྣ་ཉིས་བརྒྱ་ལྷག་ཙམ་འཛོམས་ཐོག

3-2.jpg3-4.jpg

     མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་གླིང་གཙོ་བཀྲ་ཤིས་ཟླ་བ་ལགས་ནས་ཚོགས་ཆེན་གྱི་མདོ་འཛིན་པའི་འགན་ཁུར་ཅིང་ལས་གཞི་འདིའི་སྤྱི་གཉེར་བ་གནམ་ལྷ་བཀྲ་ཤིས་ལགས་ནས་ལས་གཞི་འདིའི་དམིགས་ཡུལ་དང་དགེ་མཚན། རྒྱལ་བའི་བཀའ་རིན་པོ་ཆེ་འདིའི་མ་ཕྱི་ཁ་ཚང་ཇི་ལྟར་གདན་འདྲེན་གནང་ཚུལ་སོགས་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རགས་རིམ་ཙམ་ངོ་སྤྲོད་གནང་བ་དང་འབྲེལ། ཐོག་མར་ཀན་སུའུ་རྩེ་ཞིག་དགོན་པའི་ཨ་ལགས་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་ལགས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་འདིའི་བྱུང་འཕེལ་དང༌། ཁྱད་པར་དུ་ཆུ་ཆེན་རབ་བརྟན་རྒྱལ་བོ་དང་རྒྱལ་རོང་ཁྲོ་སྐྱབས་རྒྱལ་བོ་སོགས་ཀྱི་སྐབས་སུ་བྱུང་བའི་དཔར་ཤིང་དག་གི་ཆགས་འཇིག་གི་གནས་བབས། དེའི་རྗེས་སུ་བྱུང་བའི་པར་གཞི་ཁག་ངོ་སྤྲོད་དང་བཅས་རེབ་འདིའི་ལས་གཞི་རྒྱ་ཆེན་པོ་འདི་ལྟ་བུ་ལ་ང་ཚོ་ཚང་མས་རྒྱབ་སྐྱོར་གནང་དགོས་ལུགས་ཀྱི་བཀའ་སློབ་ཟབ་མོ་གནང༌།

4-1.jpg4-2.jpg

     དེའི་རྗེས་སུ་རི་བོ་དགེ་ལྡན་པའི་དགོན་པ་སྟེ་ཁམས་བྲག་དཀར་ནང་བསྟན་སློབ་གླིང་གི་དགོན་བདག་བླ་མ་ཡོན་ཏན་ཕུན་ཚོགས་ལགས་ཀྱིས་གྲུབ་མཐའ་རིས་མེད་དང་མཐུན་སྒྲིལ་དམ་པོ་དགོས་ཚུལ་གྱི་བསླབ་བྱ་དང་ལྷག་པར་དུ་ཉམ་ཆུང་བའི་གྲུབ་མཐའ་ཁག་ལ་ང་ཚོ་ཚང་མས་ཕྱོགས་ཞེན་གྱི་བློ་སྣ་རིང་དུ་དོར་ནས་ནམ་ཡང་ལྟ་སྟངས་ལེགས་པོ་བཟུང་སྟེ་བོད་རང་གི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་དགོས་ལུགས་དང་ལྷག་དོན་སྤྱི་གཉེར་བ་གནམ་ལྷ་བཀྲ་ཤིས་ལྟ་བུའི་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གྱི་ལྟ་བ་ཡེ་ནས་བྲལ་བའི་གཞོན་སྐྱེས་དག་གི་བསམ་བློའི་གོ་རྟོགས་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རངས་གནང་སྟེ་ལས་གཞི་འདི་ལ་རྒྱབ་སྐྱོར་ཚད་མེད་གནང༌།

5-1.jpg5-2.jpg

     དེའི་འཕྲོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དགེ་འདུན་ལགས་ནས་ལས་གཞི་འདིའི་དགེ་མཚན་གླེང་བ་དང་འབྲེལ་ནས་ང་ཚོ་ཚང་མས་དོན་དངོས་ཀྱི་སྟེང་ནས་རང་གི་མི་རིགས་འདིའི་རིག་གནས་སྤྱི་དང་ཁྱད་པར་དུ་གཟུགས་འདས་རིག་གནས་ཤུལ་བཞག་སྐོར་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་གཏོང་བར་འབད་པ་དང་རྒྱབ་སྐྱོར་གནང་དགོས་པའི་གལ་ཆེན་རང་བཞིན་གྱི་གཏམ་བཤད་གནང༌། དེ་ནས་རྔ་བ་རྟོགས་ལྡན་དགོན་པའི་སྤྲུལ་རིག་སྔགས་རྒྱ་མཚོ་ཚང་གིས་ཀྱང་སྤྱི་གཉེར་བ་གནམ་ལྷ་བཀྲ་ཤིས་ལགས་ཀྱི་བསམ་བློའི་གོ་རྟོགས་དང་མི་རིགས་རིག་གནས་མྱུར་སྐྱོབ་ཀྱི་སྙིང་སྟོབས་སོགས་ལ་རྗེས་སུ་ཡི་རངས་དང་བཅས་རྒྱབ་སྐྱོར་དང་སྐུལ་འདེད་ཚད་མེད་གནང༌། དེ་ནས་རེབ་གོང་བ་རྒན་དཔལ་འབྲུག་མཁར་ལགས་ནས་གྲུབ་མཐའ་རིས་མེད་སྐོར་དང་འབྲེལ་ནས་ཐེངས་འདིའི་ལས་གཞིའི་དགེ་མཚན་དང་ཀུང་ཟིའི་འགན་འཁུར་རང་བཞིན་སོགས་ཀྱི་གཏམ་བཤད་གནང༌།

6-1.jpg6-2.jpg

     མཇུག་མཐར་དགེ་རྒན་ཆེན་མོ་བཀྲ་ཤིས་ཟླ་བ་ལགས་ནས་ཐེངས་འདིའི་ཚོགས་ཆེན་ལ་སྤྱི་སྡོམ་རགས་ཙམ་གནང་སྟེ་ཚོགས་ཆེན་གྱི་མཇུག་ལེགས་པར་བསྡུས་ཤིང༌། རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་གི་མདུན་ནས་ཚོགས་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར་བླངས་པ་དང༌། ཡོན་ལུང་གསོལ་ཚིགས་ཁང་ནས་གུང་ཇ་དྲངས་ཏེ་ལས་གཞི་མགོ་རྩོམ་པའི་ཚོགས་ཆེན་འདི་བཀྲ་ཤིས་བདེ་ལེགས་ངང་ནས་མཇུག་ལེགས་པར་གྲུབ་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།