འབར་ཁམས་མྱ་ཅོ་སྡེ་བ་ནས་ཚ་ཚ་གསར་རྙེད་བྱུང་བ།

[ཟླ་ཚེས། 2016-04-13 22:25:59][རྩོམ་པ་པོ། དགེ་བཤེས་ཤེས་རབ་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྔ་བ་ཁུལ་འབར་ཁམས་མྱ་ཅོ་སྡེ་བའི་གནས་མཆོག་འཇུར་གམ་ནོར་བུ་སྤུངས་འདྲའི་མདུན་ཞོལ་ན་གཞོང་གི་རི་རྩེའི་བྲག་བར་ནས་ཚ་ཚ་མང་བོ་ཞིག་གསར་རྙེད་བྱུང་བ། 
00.jpg

   སྤྱི་ལོ ༢༠༡༦ ལོའི་ཟླ ༣ ཚེས ༢༣ ཉིན་ས་གནས་རྔ་བ་ཁུལ་འབར་ཁམས་མྱ་ཅོ་སྡེ་བ་ནས་སྤྱི་ལེ་གཉིས་ཙམ་གྱི་མཚམས་ཏེ། འཆི་མེད་ཡབ་སྲས་གསུམ་གྱི་བྱིན་གྱིས་བརླབས་པའི་གནས་མཆོག་འཇུར་གམ་ནོར་བུ་སྤུངས་འདྲའི་མདུན་ཞོལ་ན་གཞོང་གི་རི་རྩེའི་དུད་ཚང་སོགས་ལ་གཞུང་ལམ་བཟོ་སྐབས་བྲག་བར་ནས་ཚ་ཚ་མང་བོ་ཞིག་གསར་རྙེད་བྱུང་ཡོད།

08.jpg
01.jpg

   གནས་ཚུལ་གོ་མ་ཐག་རྒྱལ་རོང་སྤྲུལ་སྐུ་ནམ་མཁའ་མཆོག་གི་ཞིབ་དཔྱད་བྱས་ཏེ་ཚ་ཚ་རིགས་ཉེར་གཉིས་ཙམ་བྱུང་ཡོད་པར་མ་ཟད་ཚ་ཚའི་དབུ་རྩེ་ན་དཔའ་བོ་འབྲུ་ལྔའི་ས་བོན་ཅན་དང་ཡང་ན་ཨ་ཨཱོཾ་ཧཱུཾ་ཧྲི་ཧྲང་ཅན་གཉིས་དང་། འདབས་སུ་ལྕགས་རིའི་ཚུལ་དུ་སྙིང་བོ་རྣམ་གསུམ་དང་། སྐུ་ཡི་སྙིང་བོ་ཨ་མུ་ཁྱུང་ཅན་གཉིས་བོད་ཡིག་གི་ཐོག་ནས་གསལ་བོ་ཞིག་ཡོད་པར་མ་ཟད།

07.jpg
02.jpg

   ཞང་ཞུང་གི་ཡིག་རིགས་སྤུངས་ཆེན་གྱི་ལམ་ནས་བོན་གྱི་སྙིང་བོ་ཞིག་བཀོད་ཡོད་ནའང་ཀློག་དཀའ་བ་སོགས་མདོར་ན་ཚ་ཚ་རིགས་འདྲ་མིན་སྣ་ཚོགས་ཤིག་ཐོན་ཡོད་པས་ཧ་ཅང་གི་ངོ་མཚར་ཆེ་བར་མཐོང་སྟེ་དམ་པ་ཁོང་གིས་ས་གནས་དེ་ག་རང་ལ་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དུ་ལྷ་ཁང་ཞིག་གསར་བཞེངས་བྱེད་རྒྱུའི་སྟ་གོན་གནང་བཞིན་འདུག

06.jpg
03.jpg

   སྤྱིར་ན་བོན་གྱི་མཆོད་རྟེན་ལ་ལག་རྩལ་བཟོ་དབྱིབས་བརྒྱ་དང་ཉི་ཤུ་ཡོད་པ་བཞིན་ཚ་ཚའི་སྟེང་དུ་གསལ་བའི་མཆོད་རྟེན་ལའང་རིགས་འདྲ་མིན་ཡོད་པ་དང་། ལྷག་པར་དུ་དུས་རབས་སྔོན་མ་ལ་ཡིག་རིགས་ཞིབ་ཕྲ་ཅན་གྱི་ཚ་ཚའི་བརྐོས་ཕོར་འདི་འདྲ་ཞིག་བཟོ་རྒྱུའི་ལག་རྩལ་ཡོད་པ་ནི་ཧ་ལས་དགོས་པར་མ་ཟད་ས་གནས་གང་ནའང་འདི་འདྲའི་ཚ་ཚའི་རིགས་མེད་པ་ལ་གཞིག་ན་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་ནའང་ལོས་ཆོག་སྙམ།

05.jpg
04.jpg

 གང་ལྟར་བོད་ཀྱི་རིག་དངོས་ཞིབ་འཇུག་པ་མང་དག་ཅིག་གིས་བརྟགས་དཔྱད་བྱས་ཏེ་རིག་དངོས་རྩ་ཆེན་ཡིན་པ་དང་བདག་སྐྱོང་དོ་དམ་ནན་མོ་བྱེད་དགོས་པ་སོགས་ཀྱིས་གསུང་བཤད་མང་པོ་ཐོས་པར་བརྟེན་རྒྱལ་རོང་ནམ་མཁའ་མཆོག་ནས་ཀྱང་དེ་དག་སྲུང་སྐྱོབ་སྐོར་ལ་ཤུགས་འདོན་བཞིན་པའི་གནས་ཚུལ་བསྡུས་པ་ཙམ་ཞིག་སྒོ་རིགས་ཤེས་རབ་གྲགས་པ་ནས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།