ཤིང་དཔར་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་ལས་གཞིའི་གནས་ཚུལ་རགས་བསྡུས།

[ཟླ་ཚེས། 2016-01-30 17:01:09][རྩོམ་པ་པོ། རེབ་ཟླ་གཞོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༼བོད་ཀྱི་ཐོག་མའི་རིག་གནས་མྱུར་སྐྱོབ་ཤིང་དཔར་ཆེན་མོ་འཛམ་གླིང་རྒྱན་གཅིག༽གི་ལས་གཞིའི་གནས་ཚུལ་རགས་བསྡུས།

webwxgetmsgimg.gif

རྨ་ལྷོ་གངས་རྒན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིས་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ལས་གཞི་ཞིག་གི་མགོ་བརྩམས་པ།
webwxg444etmsgimg.gif

     སྔོན་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ཆ་ཚང་ཤིང་དཔར་ཏུ་བཏབ་སྟེ་འགྲེམས་སྤེལ་བྱས་ཡོད་ནའང་། ཕྱིས་ཀྱི་རིག་གསར་སྐབས་སུ་རྐྱེན་དབང་གིས་དཔར་ཤིང་ཡོངས་རྫོགས་མེད་བརླག་ཏུ་གྱུར་ཏེ་མི་རིགས་རིག་གནས་ལ་གོད་ཆགས་ཚབས་ཆེན་ཐེབས། ཉེ་ཆར་རྨ་ལྷོ་གངས་རྒན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གནམ་ལྷ་བཀྲ་ཤིས་ལགས་ཀྱིས་ཕྱོགས་སོ་སོའི་བླ་མ་དགེ་བའི་བཤེས་གཉེན་དང་ཆེད་མཁས་སློབ་དཔོན་ཆེན་མོ་མི་ཉུང་བ་ཞིག་ལ་དངོས་བརྒྱུད་གང་རུང་གིས་སྙན་ཞུ་དང་བཀའ་འདྲི་གནང་སྟེ༼བོད་ཀྱི་ཐོག་མའི་རིག་གནས་མྱུར་སྐྱོབ་ཤིང་དཔར་ཆེན་མོ་འཛམ་གླིང་རྒྱན་གཅིག༽ཅེས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་པོད༡༧༨བཞུགས་པ༢༠༡༦ལོའི་ཟླ་བདུན་པར་རེབ་གོང་ས་ཁུལ་ནས་པར་བརྐོའི་ལས་གཞི་དངོས་སུ་འགོ་བརྩམ་རྒྱུ་རེད། སྤྱིར་གཡུང་དྲུང་བོན་གྱི་རིག་གནས་ནི་བོད་རང་ས་ནས་དར་བའི་ཡ་ཐོག་བོད་མིའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་རིག་གནས་གལ་ཆེན་ཞིག་ཡིན་པས། དེང་གི་ཆར་ཡང་རྒྱལ་ཕྱི་ནང་གི་ཆེད་མཁས་ཞིབ་འཇུག་པ་མང་པོ་ཞིག་གི་ཞིབ་འཇུག་དཔྱད་འབྲས་ལྟར་ན། བོན་གྱི་རིག་གནས་ནི་འཛམ་གླིང་རིག་གནས་ཀྱི་འབྱུང་ཁུངས་ཡིན་པར་ངོས་འཛིན་གནང་ཡོད་ལ། བོད་མི་ཀུན་གྱིས་རང་གི་རིག་གནས་འདི་ལ་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་གནད་དོན་ཞིག་ཡིན།

webwxgetmsgim55g.gif

     དེ་བས་རྨ་ལྷོ་གངས་རྒན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གནམ་ལྷ་བཀྲ་ཤིས་ལགས་ཀྱིས་ཞང་བོད་རིག་གནས་སྲུང་སྐྱོབ་དང་བོད་རང་གི་སྲོལ་རྒྱུན་ཤིང་དཔར་ལག་རྩལ་མི་ཉམས་རྒྱུད་འཛིན་དར་སྤེལ་གཏོང་བར་དམིགས་ནས་མ་བསྐུལ་དང་བླངས་སྒོས་བླ་ན་མེད་པའི་ལས་གཞི་ལྕི་མོ་འདི་ཉིད་རང་གི་ཕྲག་ཏུ་བཞེས་པ་རེད། གོ་ཐོས་ལྟར་ན་ཧ་ལམ་ལོ་ངོ་བཅོ་ལྔ་ཙམ་གྱི་རིང་ལ་ལས་ཡུན་སྐྱོང་དགོས་པ་མ་ཟད་དཔལ་འབྱོར་གྱི་ཐད་ནས་ཀྱང་ཕལ་ཆེར་དམངས་སྒོར་ཁྲི་སྟོང་ཚོ་ཉེར་བརྒྱད་ཡས་མས་ཀྱི་འགྲོ་སོང་ཡོད་པས་ལས་གཞི་འདི་ལ་མཚོན་ན་གཞི་རྒྱ་ཤིན་ཏུ་ཆེ་ཞིང་སྔར་བོད་ཁམས་ནས་བྱུང་མྱོང་མེད་པའི་ལས་གཞི་ཆེན་པོ་ཞིག་ཏུ་ཆགས་འདུག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།