ལུང་དཀར་དགོན་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་མཛད་སྒོ་ཟབ་རྒྱས་ངང་འཚོགས་པ།

[ཟླ་ཚེས། 2015-11-15 19:05:49][རྩོམ་པ་པོ། ལུང་དཀར་བསྟན་འཛིན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

18.jpg
01_副本.jpg

    ཕྱི་ལྟར་གནམ་འཁོར་ལོ་རྩིབས་བརྒྱད་གུར་ལྟར་ཕུབ་པའི་མར་ཞབས། ས་པད་མ་འདབ་བརྒྱད་གདན་ལྟར་གཏིང་བའི་ཡང་སྟེང་། བར་བཀྲ་ཤིས་རྟགས་བརྒྱད་ལྟར་རི་བྲག་ཕྱོགས་མཚམས་སྤུངས་ཤིང་རྒྱལ་པོ་གདན་ལ་བཞུགས་འདྲའི་པང་དུ་ཆགས་པས་ས་དབྱིབས་ཀྱི་རྟེན་འབྲེལ་བཟང་བ་དང་། ནང་ལྟར་ན་རྟག་གཟིགས་འོལ་མོ་ལུང་རིང་གི་བྱིན་རླབས་ཀྱི་ཉག་ཐག་འབྲེལ་བ། གསང་བ་ལྟར་ན་གསང་སྔགས་སྐུ་གསུམ་ཁྲོ་རྒྱལ་གྱི་གནས་རི་རིག་འཛིན་བརྒྱད་བཅུའི་སྒྲུབ་གནས་གསང་བྲག་ནོར་བུ་ལྷ་རྩེའམ། མཚན་ཡོངས་སུ་གྲགས་པ་༧ལུང་དཀར་དགོན་དཔལ་གཤེན་བསྟན་རིན་ཆེན་གླིང་ཞེས་རྒྱལ་བ་བྲུ་ཡི་རིང་ལུགས་གཙོ་བོར་འཛིན་པའི་ཧོར་ཡེ་ཐའི་དགོན་སྡེ་ཆེན་པོ་འདིར་སྤྱིར་འབྲེལ་ཐོག་གཙོས་སེམས་ཅན་ཡོད་ཅོག་གི་གསོན་པོའི་སྐུ་རིམ་དང་གཤིན་པོའི་ལམ་སེལ། སྒོས་སུ་རང་ཅག་གཡུང་དྲུང་བོན་གྱི་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་དབུས་པའི་བསྟན་འཛིན་སྐྱེས་མཆོག་ཇི་སྙེད་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཡངས་པའི་ཁམས་འདིར་རང་འབྱུང་གི་གནོད་འཚེ་ས་གཡོས་རི་ཉིལ་དང་། ཁ་ཐན་བུ་ཡུག་ནད་མུག་འཁྲུགས་རྩོད་ལ་སོགས་མིང་མེད་དུ་ཞི་ནས་འཛམ་གླིང་ཞི་བདེ་ཡོང་བ་དང་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པའི་ཆེད་དུ། ཀུན་རིག་གཙོ་སྟོང་འཁོར་བརྒྱ་ཞེས་གསང་སྔགས་ཕྱི་ནང་གཉིས་ཀྱི་མཆོད་པའི་སྡེ། ཡི་དམ་ཞི་རྒྱས་དབང་དྲག་གམ་ལས་བཞི་རྒྱུན་ལྔ་དང་གཡུང་དྲུང་ཀློང་རྒྱས་བཅས་ཀྱི་དཀྱིལ་འཁོར་ཟབ་མོ་ལྷན་དུ་སྦྲག་པའི་མཆོད་སྦྱིན་ཤིན་ཏུ་རྒྱས་པ་ཞིག་འབུལ་རྒྱུའི་དགོན་པའི་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བྱུང་།

21.jpg

   དེ་ནས་མཆོད་སྦྱིན་གོ་སྒྲིགས་ཚོགས་ཆུང་གཙོས་པའི་ལས་འཛིན་རྣམས་ཀྱིས་གཙོ་བོར་མཛད་དེ་ཀུན་རིག་གི་ཤག་ཏི་ཞེས་པ་ལས་བཞི་རྒྱུན་ལྔ་དང་ཀློང་རྒྱས་བཅས་ཀྱི་བསྙེན་འཛབ་འབྲི་ས་བཟང་ཤིང་གི་བྱང་བུ་དང་འབྲི་རྫས་གསེར་དངུལ་རྣམས་ཉོ་སྒྲུབ་བྱས་ཏེ། བྲིས་པ་ལྔ་བཅུ་ལྷག་ཙམ་གྱིས་དུས་ཡུན་ཟླ་བ་གཅིག་རིང་ལ་རིན་ཆེན་གསེར་དངུལ་གཉིས་ཀྱིས་གོང་གི་བསྙེན་འཛབ་རྣམས་དབུ་ཅན་ཚེག་མེད་དུ་གཙོ་བོ་རེ་ལ་སྟོང་དང་རྩ་བརྒྱད་རེ་དང་། འཁོར་རྣམས་ལ་བརྒྱ་དང་རྩ་བརྒྱད་རེ། ཁ་སྒྱུར་འདོད་གསོལ་རྣམས་ཡིག་ནག་སྒུར་ལྗིབ་ཏུ་ལེགས་པར་གཟབ་ཅིང་བྲིས་པ་མ་ཟད། ཟུར་དུ་གསོན་དོན་ལ་དམིགས་པའི་ལས་བཞི་རྒྱུན་ལྔ། ལྔ་སྐོར་དང་ཀློང་རྒྱས་སྟོང་ཐོག་བརྒྱ་བཞག་ཏུ་བྲིས་པ་དང་། སྨོན་ལམ་ཤིང་རིང་དང་སྦྱིན་བདག་རེ་ལ་གསོན་གཤིན་གང་དགོས་ཀྱི་སྐུ་གསུམ་སྡོང་བུ་ཆ་རེ་དང་། ལས་བཞི་རྒྱུན་ལྔའི་དབུ་ཤིང་རྣམས་འབྲི་མཁན་ནི་དགོན་པའི་བྲིས་པ་རྣམས་དང་། དགོན་ཞབས་ཀྱི་ལྷ་སྡེའི་ནང་གི་བྲིས་པ་དབུ་མཛད་རྣམས་དང་།

 19.jpg

   དེ་བཞིན་ཁྱུང་པོ་ཁྲི་རྡོ་དང་ག་ཐ་བཅས་ཀྱི་བྲིས་པ་དབུ་མཛད་བཅས་བྲིས་པ་ཉི་ཤུ་ཡན་མས་ཡུན་རིང་གི་དུས་ཚོད་བེད་སྤྱད་དེ། བོན་རང་གི་ཐུན་མིན་གྱི་ཡིག་གཟུགས་སྟག་གཟིག་གི་སྤུངས་སོ་ཆེ་ཆུང་དང་། ཞང་ཞུང་གི་སྨར་ཆེན་སྨར་ཆུང་། བོད་ཀྱི་རྫབ་བཤར་དཀར་ནག་བཅས་ཀྱི་ཡིག་གཟུགས་ཁག་སོར་མོའི་འདུ་བྱེད་ཀྱི་ལམ་ནས་རང་རང་མེས་པོ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྒྱུ་རྩལ་མངོན་པར་བྱས་པ་མ་ཟད། སྦྱིན་སྲེག་འབུལ་སའི་གནས་སུ་ཕྱོགས་བཞི་དབུས་ལྔར་མེ་ཐབ་ཀྱི་དཀྱིལ་འཁོར་བརྩེགས་ཏེ་ལས་བཞི་རྒྱུན་ལྔ་དང་གཡུང་དྲུང་ཀློང་རྒྱས་བཅས་ཀྱི་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ཟབ་ཅིང་རྒྱས་པ་བྲིས་ཤིང་དེའི་ཁར་ལས་བཞིའི་ཤིང་རྩེགས་ཞི་རྒྱས་དབང་དྲག་གི་དབྱིབས་དང་ཁ་དོག་ལྡན་པར་ལེགས་པོར་བརྩེགས་པ་དང་དཀྱིལ་དུ་མེ་སྙིང་གི་མདའ་དར་དང་ཕྱོགས་སུ་ཕྱོགས་བཞིའི་མེ་དར། སྟེང་དུ་དར་ཚོན་གྱི་དབུ་གདུགས་སོགས་ཕུབ་ཅིང་། གཏེར་ཁ་གསུམ་གྱི་མདེལ་གྱི་མཆོད་རྫས་སྐམ་རློན་རྣམས་ཁོང་འགྲེལ་ལས་བྱང་དང་། བོན་གྱི་སྤྱན་ལྡན་ཆེན་པོའི་དགོངས་པ་དང་མཐུན་པའི་མཁས་པ་ཕུལ་ཕྱིན་༧ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མཛད་པའི་ལས་བཞི་རྒྱུན་ལྔའི་བཅའ་ཐབས་ལག་ཁྲིད་གསལ་བའི་དམིགས་བུ་ལས་གསུངས་པ་བཞིན་ལག་ལེན་དང་སྦྱོར་བཟོ་ཚུལ་བཞིན་བྱས་ཏེ།

17.jpg

   དཀོན་མཆོག་གི་མཆོད་པར་མི་འགྲོ་བའི་རྒྱུ་ཆུང་ཕུད་ཉམས་དང་སྨ་སྨེ་ཉམས་གྲིབ་སོགས་ཀྱིས་མ་བསླད་པར་གཙང་ཞིང་ཡིད་དུ་འོང་བ། ཕུན་སུམ་འཚོགས་པ། གྱ་ནོམ་པར་དཀའ་བའི་ཚེག་དང་དཀོན་པའི་རྒྱུ་གྲོན་བཏང་ནས་དངོས་འབྱོར་གྱི་མཆོད་རྫས་རྒྱ་ཆེ་བ་དང་གྲངས་མང་བར་བསགས་ཏེ་ལས་བཞི་རྒྱུན་ལྔའི་ལྷ་རེ་ལ་མཆོད་ཕྲེང་ཚར་ཉི་ཤུ་རྩ་གསུམ་རེ་དང་ཀློང་རྒྱས་ལ་མཆོད་ཕྲེང་ཚར་ཉིས་བརྒྱ་དང་བཅུ་མེད་བཞི་བཅས་གདན་ཐོག་གཅིག་ཏུ་སྡོམ་མཆོད་ཕྲེང་སྟོང་ཕྲག་ལྷག་ཙམ་ཞིག་བཤམས་བཀོད་ལེགས་པར་བྱས་ཏེ།

19.jpg

   གྲྭ་ཚང་འདུས་པ་བརྒྱ་ཕྲག་གིས་བདུན་ཕྲག་གཉིས་རིང་གཏོར་མ་བཅས་པ་དང་དཀར་རྒྱན་བཟོས་པ་སོགས་བཅའ་བཟོ་དང་བཤམ་བཀོད་ལེགས་པར་བྱས་མཐར་༧ལུང་དཀར་ཁྲི་འཛིན་རིན་པོ་ཆེ་དབུས་པའི་བླ་གྲྭ་བརྒྱ་ཕྲག་གིས་ཀུན་མཁྱེན་གྱི་དམིགས་བུ་དང་ཀུན་རིག་གི་ཟིན་བྲིས་གཉིས་ལས་གསུངས་པ་ནང་བཞིན། ལས་བཞི་རྒྱུན་ལྔ་གཡུང་དྲུང་ཀློང་རྒྱས་དང་གསོན་གཤིན་གཉིས་ལ་དམིགས་པའི་གནས་འདྲེན་རྒྱས་པ་ཉི་ཟེར་ཞགས་པ་དང་ལྷན་དུ་སྦྲག་ཏེ་ཉིན་བཅུའི་རིང་གོང་ཆོག་གི་འཕྲིན་ལས་རྒྱས་པ་དང་ཞི་ཁྲོ་ཁྲི་མཆོད་བཏོན་ཏེ་མཆོད་ཚོགས་མར་མེ་སོགས་རྒྱས་འབུལ་ཞུས་པས། ཕྱོགས་ཁག་ནས་ཕེབས་པའི་མཇལ་སྐོར་ཞུ་མཁན་དང་དད་སྦྱིན་རྣམས་ཉིན་བཞིན་ཇེ་མང་དུ་ཕྱིན་ཏེ་དད་མོས་དང་ཡིད་རང་ཚད་མེད་བྱེད་ཅིང་དད་པའི་མིག་ཆུ་རང་དབང་མེད་པར་འཐོར་བ་དང་། འདུས་པ་རྒྱ་མཚོ་ལ་བསྙེན་བཀུར་དུ་སྐུ་འགྱེད་དང་མང་ཇ་རྒྱག་མཁན་བརྒྱ་ཕྲག་ལས་བརྒལ་ནས་རྣམ་དཀར་གྱི་བྱ་བ་འདི་ལ་དད་ལྡན་མང་ཚོགས་རྣམས་ཀྱིས་དགའ་བསུ་ཡིད་རང་རྒྱ་ཆེན་པོར་ཐོབ་ཡོད།

15.jpg

   མཇུག་ཏུ་གྲྭ་ས་གོང་འོག་གཉིས་ཏེ་རུ་ལག་གཡུང་དྲུང་གླིང་གི་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། བཀྲ་ཤིས་སྨན་རིའི་༧སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ། ཀླུ་ཕུག་དགོན་པའི་མཁན་པོ་ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་སོགས་དགོན་རི་ཁྲོད་ཁག་གི་མཁན་པོ་དང་། རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་མཁས་དབང་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་སོགས་བླ་མ་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་གདན་ཞུས་བྱས་ཏེ་ཀུན་རིག་སྒྲོན་མའི་བྱང་ཆེན་དང་བཀའ་དབང་མཛད་པས་དད་ལྡན་མང་ཚོགས་ཁྲི་ཕྲག་ལ་བྱིན་རླབས་དང་དབང་དམ་གྱི་འབྲེལ་བ་ཐོབ་པར་མ་ཟད་ཚོགས་མགོན་གྱི་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་དང་འདུས་པ་རྒྱ་མཚོ་དེ་བཞིན་ཀུན་རིག་གི་སྦྱིན་བདག་བརྒྱ་ཕྲག་ལྔ་ལྷག་ཙམ་མཉམ་དུ་མཛད་སྒོའི་ཚོགས་འདུ་འཚོགས་ཤིང་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་ཡིས་དད་སྦྱིན་རྣམས་ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་ལོ་རྒྱུས་དང་ཕན་ཡོན།

14副本.jpg

   དེ་བཞིན་ལུགས་གཉིས་ལ་སྨན་པའི་བཀའ་སློབ་ཟབ་རྒྱས་གནང་བར་མཛད་མཐར་མཆོད་ཡོན་ལྷན་འཛོམས་ཀྱི་དྲན་རྟེན་གྱི་སྐུ་དཔར་ཡང་སྒྲོན། དེ་ནས་༧ཁྲི་འཛིན་ཚུལ་ཁྲིམས་འབྱུང་གནས་རིན་པོ་ཆེ་ནས་སྦྱིན་བདག་རྣམས་ལ་དྲི་མེད་ཁ་བཏགས་དཀར་གཙང་རེ་གནང་ཞིང་སེར་ཕྲེང་གིས་སྣ་དྲོངས་ཏེ་ཚོགས་མགོན་བླ་མ་རྣམ་པར་སྦྱིན་སྲེག་གི་ཆས་རིགས་ལྔ་དང་སྟོད་ཁེབ་པང་རྒྱན་གསོལ་ཏེ་ཕེབས་པ་དང་སྦྱིན་བདག་རྣམ་པས་སྐུ་གསུམ་སྡོང་བུ་རེ་ཁྱེར་ནས་མཆོད་ཡོན་གྱི་སྡེ་སྐྱ་སེར་དྲུག་བརྒྱ་ལྷག་ཙམ་གྲལ་སྟར་འགྲིག་པོའི་སྒོ་ནས་སྦྱིན་སྲེག་འབུལ་སའི་ས་ཆར་ཕེབས། བླ་གྲྭ་རྣམས་ལས་བཞིའི་འདུག་སྟངས་དང་མཐུན་པར་གདན་ལ་བཞུགས་ནས་མེ་སྤར་གྱི་ཆོ་ག་གསུང་བཞིན་བླ་མ་རྣམས་ཀྱིས་མཚན་བྱང་དང་སྐུ་གསུམ་སྡོང་བུར་མེ་སྤར་མཛད།

12.jpg

   དེ་ནས་ཉིན་གསུམ་རིང་སྦྱིན་སྲེག་བླུགས་པ་དང་༢༠༡༥ཟླ་བ་༡༠པའི་ཚེས་༣༡ཉིན་ཉི་དྲོས་སྦྲུལ་གྱི་ཆར་སྦྱིན་བདག་རྣམས་ལ་ཕྱག་རྟགས་སུ་མཁན་ཉི་མའི་དམིག་བུ་ལས་གསལ་བའི་ཞི་ཁྲོའི་སྤྱན་དབྱེ་འཕེན་འགོའི་དབྱིབས་ཅན་གྱི་དཀྱིལ་དུ་རིན་ཆེན་དང་པོའི་འཕྲུལ་ཡིག་བཞི་བཅུ་དང་མཐར་ཤིང་ལོ་དང་པད་འདབ་བྲིས་པ་རེ་ཕུལ་ནས་གྲུབ་མཆོད་སྨོན་ལམ་ཆེན་མོ་བཏབས་ཤིང་བསྔོ་བ་སྨོན་ལམ་རྒྱ་ཆེན་མཛད་པ་དང་དགོན་གྱི་གཉེར་པས་སྨོན་ལམ་གྱི་སྐུ་འགྱེད་ཀྱང་རྒྱབ།

 11.jpg

   མཐར་གཤེན་གྱི་མཆོད་རྔ་བརྒྱ་རྩ་བརྒྱད་བརྡུངས་ནས་བླ་གྲྭ་རྣམས་ཚོགས་ཁང་དུ་ཕེབས་ཏེ་དབལ་གསས་ཀྱི་ཚོགས་འཁོར་གྲུབ་མཐར་སྒོ་དབྱེ་གཤེགས་སྐྱོད་དང་བཀྲ་ཤིས་དགའ་སྟོན་གྱིས་མཇུག་བསྡུས་པའི་གནས་ཚུལ་མདོར་བསྡུས་པ་བཅས་སོ།།

ལུང་དཀར་བསྟན་འཛིན་འགྱུར་མེད་ཀྱིས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།