གླང་ཆེན་གཙང་པོའི་སྟོད་རྒྱུད་དུ་གནའ་བོའི་ཞང་ཞུང་དུས་སྐབས་ཀྱི་བྲག་རྐོས་རི་མོ་རྙེད་སོན་བྱུང་བ།

[ཟླ་ཚེས། 2015-10-19 11:22:42][རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1019_1.jpg1019_2.jpg
1019_3.jpg1019_4.jpg

   ༢༠༡༥/༡༠/༡༠ཉིན་ཁོ་བོ་ལ་མོན་འཚེར་ཨ་བློ་བཟང་གིས་ས་རྒྱུས་བྱས་ཏེ་སོང་བས་གླང་ཆེན་གཙང་པོའི་ཆུ་འགོ་མ་སླེབ་ས་ནས། ཆེས་རྙིང་ཉམས་དོད་པོའི་གནའ་བོའི་བྲག་རྐོས་རི་མོ་མང་དག་ཅིག་མཐོང་བྱུང་བར་ཁོ་བོ་ཧ་ཀྱང་དགའ་ཚོར་དཔག་མེད་སྐྱེས་བྱུང་། དེའང་བྲག་རྐོས་རི་མོ་དེ་ཚོར་གཡུང་དྲུང་བོན་སྐོར་ཅན་དང་མཆོད་རྟེན་རི་མོ་མང་ཆེ་བ་ཞིག་དང་། ལྷ་སྐུའི་རྣམ་པ་ཅན་དང་། འབྲུག་དང་། ད་དུང་རི་མོ་ཡ་མཚན་ཅན་འགའ་ཞིག་དང་། མ་ཟད་དུས་ཕྱིས་སུ་བརྐོས་པའི་མ་ཎི་འབྲུ་དྲུག་དང་གནའ་བོའི་རྡོ་རྐོས་ལ་ལད་མོ་བྱས་པའི་མཆོད་རྟེན་དང་། ཡིག་གེ། རི་མོ་འགའ་ཞིག་བརྐོས་འདུག་པས་དེ་ཚོ་སྤྱིར་བཏང་གི་གསར་རྙིང་གི་དབྱེ་བ་ནི་ཕར་ལྟས་པ་ཙམ་གྱིས་རྟོགས་ཐུབ་པར་འདུག

1019_5.jpg1019_6.jpg
1019_7.jpg1019_8.jpg

   ཁོ་བོས་ལྟར་ནས་བྲག་རྐོས་རི་མོ་སྔ་ཤོས་དེ་ཚོ་ནི་ལོ་གྲངས་ག་ཚོད་ཕྱིན་མིན་ཏག་ཏག་ཞིག་བཤད་མི་ཐུབ་མོད། ཞང་ཞུང་གི་སྐབས་སུ་ཡིན་པ་གཏན་ཁེལ་རེད་འདུག་སྙམ། དེའང་གང་ཞེ་ན། གཅིག་ནས་རི་མོ་མ་ཎི་འབྲུ་དྲུག་སོགས་རི་མོ་གསར་ཉམས་ཅན་འགའ་ཞིག་དང་། ཆེས་རྙིང་ཉམས་དོད་པའི་རི་མོ་འགའ་ཞིག་དེ་ཚོ་དང་ཕན་ཚུན་སྡུར་བ་ཡིན་ན། རྡོ་བརྐོས་རི་མོ་རྙིང་པ་འགའ་ཞིག་ནི་ཆེས་གནའ་བོའི་དུས་སུ་བརྐོས་པ་ཡིན་པར་ཤེས་ས་འདུག་སྙམ་ལ། གཡུང་དྲུང་བོན་སྐོར་རི་མོ་མང་པོ་དང་། མཆོད་རྟེན་མང་པོ་འདུག་དེའི་ནང་དུ་འགའ་ཞིག་ནི་མཆོད་རྟེན་གྱི་རྩེར་བྱ་རུ་ཁྱུ་རུ་ཏོག་དང་བྱ་གྲི་ལྡན་པས་བོན་པོའི་མཆོད་རྟེན་གྱི་དབྱིབས་སུ་འདུག མཆོད་རྟེན་འགའ་ཞིག་གི་རྩེར་ཉི་ཟླ་རེད་འདུག དེའང་བོན་པོའི་མཆོད་རྟེན་རྩེར་ཉི་ཟླ་ཡོད་པའང་གསལ་ཡང་མང་ཆེ་བ་ནི་རྩེར་བྱ་རུ་ཁྱུང་རུའི་ཏོག་དང་ལྡན་པ་ཞིག་ཡིན། ཕྱིས་སུ་བརྐོས་པའི་བན་དེའི་མཆོད་རྟེན་ཡིན་ནའང་ཆོག་འདུག ཡང་རི་མོ་རྩ་ཆེ་ཤོས་ཤིག་ནི་ཆེས་རྙིང་པའི་ཉམས་དོད་པའི་རི་མོ་ངོ་མཚར་ཅན་ཞིག་འདུག་པར་དེ་ནི་ཁོ་བོས་དཔྱད་པ་གཏོང་ཡང་ཧ་གོ་མ་སོང་། ད་དུང་དྲ་མིག་ལྟ་བུ་དང་། ཡི་གེ་རྙིང་པའི་རིགས་ནི་ཡིག་འབྲུ་ མོ ་དང་ཨཱོྃ་འབྲུ་ལྔ་ལྡན་དང་། ཡིག་གེའམ་རི་མོ་གཞན་མིན་གང་ཡིན་མི་ཤེས་པའི་རི་མོ་འགའ་ཞིག་འདུག མཆོད་རྟེན་གྱི་དབྱིབས་སོགས་གསལ་ལ་མ་གསལ་བའི་རི་མོ་མང་པོ་ཞིག་ནི་བྲག་རྩིའི་གཡོག་འདུག་པས་རི་མོ་ཆ་ཚང་པོ་ཞིག་གསལ་པོ་མཐོང་གི་མི་འདུག ཡིག་གེ་ལྟ་བུའི་རི་མོ་དེ་ཚོ་ནི་ཁོ་བོས་ཞང་ཞུང་གི་ཡིག་གེ་རེད་ཅེས་ཧ་གོ་ས་མི་འདུག་ལ་མ་རེད་ཅེས་ཁ་ཚོན་གཅོད་ནུས་མ་སོང་མོད་མདོར་ན་ཡིག་གཟུགས་འདྲ་པོ་ནི་འདུག

1019_9.jpg1019_10.jpg
1019_11.jpg1019_12.jpg

   གཉིས་སུ་ན་སྤྱི་ལོའི་དུས་རབས་བདུན་བརྒྱད་ཚུན་དུ་མངའ་རིས་ཁུལ་བོན་པོ་ཆེར་མེད་པས་བོན་པོའི་བྲག་རྐོས་རི་མོ་རྐོ་མཁན་ཞིག་ག་ལ་ཡོད་སྙམ། མ་ཟད་མཆོད་རྟེན་དེ་ཚོ་ནི་བོན་གྱི་ལོ་རྒྱུས་ཐོག་ཏུ་བཤད་ནས་སྟོན་པ་གཤེན་རབ་མི་བོས་ཅི་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་དང་། གསས་མཁར་སུམ་བརྒྱ་དྲུག་ཅུའི་བཀོད་པ་བཅས་གཏན་ལ་ཕབ་ཅིང་མཛད་ཆེན་གཉིས་པ་བསྟན་སྤེལ་གྱི་སྐབས་སུ་ཞང་ཞུང་གི་ས་གནས་ཁག་ཏུ་བཞེངས་རབས་ཀྱི་ལོ་རྒྱུས་བོན་གྱི་ཁག་ཏུ་མི་ཉུང་བ་འཁོད་ཡོད་པ་དེ་དང་། བྲག་རྐོས་རི་མོ་འདི་དག་གིས་ལོ་རྒྱུས་དང་དངོས་པོ་གཉིས་པོས་གཅིག་གིས་གཅིག་ལ་ཕར་ཚུར་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བདེན་དཔང་ལོས་ཐུབ་སྙམ་མོ། །

1019_13.jpg1019_14.jpg

   དེ་ལྟར་མདོར་ན་རྡོ་རྐོས་རི་མོ་འདི་ཚོའི་རིགས་རིང་ཤོས་ལོ་གྲངས་ག་ཚོད་ཅིག་ཕྱིན་པ་ཡིན་ནམ་སྙམ་ནས། དེའང་བོད་ལྗོངས་གནམ་མཚོ་དང་ནག་ཆུ་དང་མངའ་རིས་ཁུལ་དུ་ཡོད་པའི་གནའ་བོའི་བྲག་རྐོས་རི་མོ་ལྷ་འདྲེའི་རི་མོ་ཞེས་པ་སོགས་གང་སར་མཐོང་རྒྱུ་ཡོད་མོད། དེ་ཚོ་ནི་དེང་སྐབས་ཞིག་འཇུག་པ་ཚོས་བཤད་པ་ལྟར་ནས། རི་མོ་དེ་ཚོ་འགའ་ཞིག་ནི་གནའ་བོའི་ཞང་ཞུང་གི་སྐབས་སུ་ཡིན་པ་མ་ཟད། ལོ་མང་ཤོས་མི་ལོ་ཁྲིའི་གོང་དང་ཉུང་ཤོས་སུ་ཕར་ཆེར་སྟོང་ཕྲག་གི་གྲངས་ཀྱི་ཡར་སྔོན་རྐོས་ཟིན་པའི་ཚོད་དཔག་བྱེེད་མཁན་མང་དག་ཅིག་འདུག་མོད། དོན་དུ་དེ་ཚོ་ཀུན་ཕར་ཚུར་བརྡུར་ཏེ་ཚོད་དཔག་བྱས་པ་ཤ་དག་ཡིན་པས་ལོ་གྲངས་དངོས་གནས་ག་འདྲ་ཕྱིན་མིན་གྱི་གཞི་འཛིན་ས་ཞིག་གཏན་ཁེལ་བ་མེད་སྙམ།

མཚམས་སྦྱོར་ཙམ་ཡིན་གནས་ཚུལ་ཞིབ་ཕྲ་དང་པར་རིས་མང་པོ་འགོད་མེད།
ཞང་ཞུང་ཁྱུང་ལུང་དངུལ མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་༢༠༡༥/༡༠/༡༩ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།