ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་ཉིན་གཉིས་པའི་གནས་ཚུལ།

[ཟླ་ཚེས། 2015-09-21 02:01:38][རྩོམ་པ་པོ། ཁྱུང་དཀར་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.jpg

   ཚོགས་འདུའི་ཉིན་གཉིས་པ་སྟེ་སྤྱི་ཟླ9བའི་ཚེས20ཉིན་གྱི་སྔ་དྲོའི་ཆར་ཚོགས་ར་ཁག་གཉིས་དང་ཕྱི་དྲོའི་ཆར་ཡང་ཚོགས་ར་ཁག་གཉིས་སུ་བགོས་ཏེ་ཆེད་མཁས་པ་དག་གིས་རང་རང་གི་ཚོགས་ར་ནས་དཔྱད་གླེང་གནང་ཞིང་། སྔ་དྲོའི་ཚོགས་ར་དང་པོ་སྟེ་ཞང་ཞུང་སྐོར་གྱི་གཏམ་གླེང་ལ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་མདོ་འཛིན་གནང་བ་དང་ཚོགས་ར་གཉིས་པ་བོན་བསྟན་སྐོར་ལ་རྒན་ཧྲེ་ཧྲོ་(石硕)ལགས་ཀྱིས་མདོ་འཛིན་གནང་།
སྔ་དྲོའི་ཚོགས་ར་དང་པོ། ཞང་ཞུང་སྐོར།

01.jpg

   ཐོག་མར་ཀྲའོ་ལི་མིང(赵丽明)ལགས་ཀྱིས༼ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ཉམས་ཉེན་ཐེབས་པའི་ཡིག་རིགས་དང་བོན་བསྟན༽ཞེས་ལོ་འདི་གར་ཆིན་ཧཱ་སློབ་ཆེན་གྱི་དགེ་སློབ་མང་པོ་ཟི་ཁྲོན་དང་ཡུན་ནན། བོད་ལྗོངས་སོགས་སུ་བསྐྱོད་དེ་ལྷོ་ནུབ་ས་ཁུལ་མང་པོའི་ཉམས་ཉེས་ཐེབས་པའི་ཡིག་རིགས་སྐོར་སྔོགས་འདོན་དང་རྟོག་ཞིབ། ཚན་རིག་གིས་ཟིན་འགོད་དང་དག་སྒྲིག ལོ་ཙཱ་དང་འགྲེལ་གནང་བའི་སྐོར་གསུང་བཤད་གནང་བ་དང་།

02.jpg

   དེའི་འཕྲོར་ཀན་སུའུ་རྩེ་ཞིག་དགོན་པའི་བླ་མ་ཟླ་བ་ཚང་གིས་ཞང་ཞུང་ཤེས་རིག་ཁྲོད་ཀྱི་གཡུང་དྲུང་ཞེས་པའི་ཐ་སྙད་འདིའི་གོ་དོན་དང་མཚན་གཞི། དེའི་མཚོན་དོན་དང་འབྲེལ་གཡུང་དྲུང་གི་རིག་གནས་ལྟ་གྲུབ་དང་ལྟ་གྲུབ་དེ་ལས་ཐོན་པའི་ཞང་ཞུང་ཤེས་རིག་གི་བསམ་བློའི་དོན་སྙིང་དང་སློབ་གསོའི་རིན་ཐང་བཅས་ངོ་སྤྲོད་གནང་།

03.jpg

   ཀྲང་ཡཱ་ཧྲ(张亚莎)ལགས་ཀྱིས་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོ་དང་དེ་དག་རྙེད་སའི་ས་ཁོངས་སོགས་ལ་ཞིབ་འཇུག་བགྱིས་ཏེ་གནས་རབས་ཞང་ཞུང་གི་མིའི་འབྱུང་ཁུངས་དང་མི་རྒྱུད་མཆེད་སྟངས་སོགས་ལ་འགྲེལ་བརྗོད་གནང་།

04.jpg

   རྒན་བསོད་ནམས་དོན་འགྲུབ་ལགས་ཀྱིས་བོན་པོའི་ཤེས་རིག་གི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་དེ་ཐོག་མར་འདོན་མཁན་སྐྱོབ་པ་འཇིག་རྟེན་མགོན་པོ་མ་ཡིན་པར་སྤྱན་སྔ་བ་རྡོ་རྗེ་ཤེས་རབ་ཡིན་པ་ལོ་རྒྱུས་ཡིག་ཚང་དང་འབྲེལ་ནས་གསལ་འགྲེལ་གནང་།

 སྐུ་ཞབས་རིན་ཏའེ་ཧྲུའུ(任德寿)ལགས་ཀྱིས་ཞང་ཞུང་གི་ཤེས་རིག་དང་འབྲེལ་བའི་དངོས་རྫས་རྒྱལ་རོང་ཡུལ་དུ་ཇི་ལྟར་བརྒྱུད་ཚུལ་སྐོར་གླེང་ཞིང་།

06.jpg

   སྐུ་ཞབས་ཚེ་རྒྱལ་ལགས་ཀྱིས་ཐོག་ལྕགས་ཀྱི་རིགས་དང་དེའི་མཚོན་དོན་སྐོར་གླེང་།

05.jpg

   མཇུག་ཐར་མར་ཁེ་ཡེ་ཏེན་སེMarc des Jardinsལགས་ཀྱིས་ཞང་ཞུང་སྟག་ལ་མེ་འབར་དང་ཀྲུང་གོའི་ནུབ་ཕྱོགས་ཀྱི་སྲིད་པའི་རྒྱལ་མོའི་དད་མོས་སྐོར་གླེང་སྟེ་གུང་ཟས་གསོལ་ལ་རོལ་བར་བརྩམས།

སྔ་དྲོའི་ཚོགས་ར་གཉིས་པ། བོན་བསྟན་སྐོར།

DSC09812.JPG

   ཉི་ཧོང་གི་ཆེད་མཁས་པ་གཡུང་དྲུང་ཕུན་ཚོགས་ལགས་ཀྱིས་ཉི་ཧོང་ལ་བོད་རིག་པ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་དར་བ་དང་ཁྱད་པར་དུ་སྐུ་ཞབས་ནཱོ་མི་ཡུ་ཐ་ཀ་ལགས་དང་སྐུ་ཞབས་ཐེ་ལ་མོ་ཐོ་ཨེན་སྒ་རྣམ་གཉིས་ནི་བོན་པོར་དོ་སྣང་བྱས་ཏེ་ཞིབ་འཇུག་བྱེད་མཁན་ཐོག་མའི་གྲས་ཡིན་པ་དང་དེའི་རིན་ཐང་སྐོར་གླེང་།

DSC09821.JPG

   བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་སྨན་རིའི་མཁན་ཆེན་གཉིས་པ་སྐུ་མདུན་བསོད་ནམས་བློ་གྲོས་ཀྱིས་མཛད་པའི་བཀྲ་ཤིས་སྨན་རིའི་བཅའ་ཡིག་གསེར་གྱི་ཐིག་ཤིང་ཞེས་བྱ་བ་དེ་གཙོ་བོར་བཟུང་ནས་དབྱེ་ཞིབ་བྱས་པའི་སྐོར་དང་སྐུ་ཞབས་ལི་ཡུང་ཞན(李永宪)ལགས་ཀྱིས་བོད་ཀྱི་ལོ་རྒྱུས་སྔོན་གྱི་དུས་སྐབས་ཏེ་ཞང་ཞུང་དུས་རབས་ཀྱི༼མཁར་གདོང་༽དང་༼རྫ་སྤུངས༽ཞེས་པའི་འདུ་གནས་ཆེ་གྲས་གཉིས་ཀྱི་གནའ་ཤུལ་ལ་བརྟག་དཔྱད་བྱས་པའི་སྐོར་བགྲོ་གླེང་གནང་ཞིང་། སྐུ་ཞབས་ཚེ་རིང་འགྱུར་མེད་ལགས་ནས་ཡ་ཐོག་སྲིད་པའི་བོན་གྱི་རིག་གནས་སྐོར་ལ་གཏམ་གླེང་གནང་།

DSC09831.JPGDSC09831.JPG

   ཤེས་རབ་བཟང་མོས(刘洁)ཉང་ཀོང་དྭགས་གསུམ་ནི་ད་ལྟའི་བར་དུ་བོད་ཀྱི་གནའ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་ཆེས་ཆ་ཚང་བ་དང་མང་བར་ཉར་ཚགས་བྱས་ཡོད་པའི་ས་ཁུལ་ཡིན་པ་དང་དེ་དག་གི་གལ་ཆེའི་ས་མིང་དག་ཀྱང་བོན་དང་འབྲེལ་བ་ཟབ་མོ་ཡོད་པའི་སྐོར་གཏམ་གླེང་གནང་།

DSC09834.JPG

   ཇེ་ཧྥེ་ཝ་ཐེ (Jeff Watt)ལགས་ཀྱིས་ཅི་ཞིག་ལ་བོན་གྱི་སྒྱུ་རྩལ་ཟེར་བ་དང་། རི་མོ་ལོ་ཚིགས་དང་ས་གནས་ཁྱད་ཆོས་སོགས་ལ་ཞིབ་འཇུག་བགྱིས་ཏེ་བོན་གྱི་སྒྱུ་རྩལ་ཞེས་པར་གསར་དུ་ངོས་འཛིན་གནང་ཡོད།

DSC09860.JPG

   རྒན་སྐལ་བཟང་རྒྱལ་ལགས་ཀྱིས༼བོད་ཀྱི་གནའ་རབས་ཡིག་ཚང་ལས་འཕྲོས་པའི་བཙན་པོ་ཁྲི་བདུན་སྐབས་ཀྱི་ཆོས་ལུགས་སྐོར་ལ་དཔྱད་པ༽ཞེས་བཙན་པོ་དང་སྐུ་བོན། སྒྲུང་དང་ལྡེའུ། སྐུ་བོན་གྱི་ཆོ་ག་བཅས་ཕྱོགས་གསུམ་ནས་བོད་ཀྱི་གནའ་རབས་བཙན་པོ་ཁྲི་བདུན་དུས་ཀྱི་ཆོས་ལུགས་རིག་གནས་ཐད་ནས་གཏམ་གླེང་གནང་རྗེས་གུང་ཟས་ལ་རོལ།

ཕྱི་དྲོའི་ཚོགས་ར་དང་པོ། ཞང་ཞུང་སྐོར།
སྐུ་ཞབས་ཇོང་ཝིན་སེན་ཐ་པེ་ལེ་ཛ་ལགས་ཀྱིས་མདོ་འཛིན་གནང་།
 

DSC09869.JPG

   སྐུ་ཞབས་དུང་ཐའོ་ལགས་ཀྱིས་བོད་ལྗོངས་ནུབ་ཕྱོགས་ས་ཁུལ་གྱི་སྲོག་ཆགས་དུར་རྫས་བྱ་བའི་གོམས་སྲོལ་སྐོར་གཏམ་གླེང་གནང་བ་དང་།

༢༣༡༣༡.JPG

   བསོད་ནམས་དབང་ལྡན་ལགས་ཀྱིས་བོད་བཙན་པོའི་དུས་སྐབས་ཀྱི་ལི་མའི་ཁྱད་ཆོས་སྐོར་གཏམ་གླེང་གནང་།
 

DSC09887.JPG

   ཕུར་བུ་རྒྱལ་མཚན་ལགས་ཀྱིས་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་སྐོར་གཏམ་གླེང་གནང་བ་དང་། ཁྲང་ཅཱ་ཧོང(常嘉煌)ལགས་ཀྱིས་གནའ་བོའི་ཞང་ཞུང་རིག་གནས་བསྔོག་འདོན་དང་ཞིབ་འཇུག དར་སྤེལ་རྒྱུད་འཛིན་བྱེད་དགོས་ངེས་སྐོར་གྱི་གཏམ་གླེང་གནང་།
བསོད་ནམས་འབྲུག་གྲགས་ལགས་ཀྱིས་ཧི་མ་ལ་ཡའི་བཟོ་སྐྲུན་དང་མཚོ་སྔོན་དཀྱིལ་འཁོར་བོད་བརྒྱུད་བཟོ་སྐྲུན་རིག་གནས་ཞིབ་འཇུག་ཚོགས་པའི་སྐོར་ངོ་སྤྲོད་གནང་། དེའི་འཕྲོར་ཀྲང་ཡུན(张云)ལགས་ཀྱིས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནས་ཡུལ་དངོས་ལ་བརྟག་ནས་ཞང་ཞུང་རིག་གནས་དར་ཆེ་བའི་རྒྱུ་མཚན་གཏམ་གླེང་གནང་།

ཕྱི་དྲོའི་ཚོགས་ར་གཉིས་པ། བོན་བསྟན་སྐོར།
སྐུ་ཞབས་མར་ཁེ་ཡར་ཏེན་སེ། Marc des Jardinsལགས་ཀྱི་མདོ་འཛིན་གནང་།
 

07.jpg

   ཐོག་མར་ཏཱ་ནིལ་བྷེ་རོན་སི་ཀེ་ལགས་ཀྱིས་ཝ་བསང་སྐོར་གྱི་བོན་པོའི་ཆོ་གའི་ཡིག་ཆ་ཁག་གཉིས་ངོ་སྤྲོད་གནང་ཞིང་། ཞུའི་དཱ་སི་(徐达斯)ལགས་ཀྱིས་དེང་གི་མངའ་རིས་ས་ཁུལ་དུ་ཡོད་པའི་ཨརྱའི་ཤེས་རིག་གི་འབྱུང་གནས་ནི་ཧིན་རྡུའི་ཆུ་རྒྱུད་ཀྱི་ཤེས་རིག་༼ཞང་ཞུང་རིག་གནས་ཀྱི་མ་གཟུགས༽ཡིན་པའི་སྐོར་ངོ་སྤྲོད་གནང་།

08.jpg

  སྐུ་ཞབས་ཀུན་དཔལ་ཚེ་རིང་ལགས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བྱུང་བའི་ཞང་ཞུང་གི་རྗེ་བོའི་སྐོར་ངོ་སྤྲོད་གནང་བ་དང་།

000000.jpg

   རིན་ཆེན་ལྷ་མོས་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བོན་གྱི་འདུལ་ཁྲིམས་བསྒྱུར་བཅོས་བྱས་པའི་སྐོར་ངོ་སྤྲོད་གནང་།

DSC09898.JPG
DSC09901.JPG

རྒྱ་འོབས་ནམ་མཁའ་ལགས་ཀྱིས་ཞང་ཞུང་ཛྭ་ཡི་ཆོ་གའི་སྐོར་ངོ་སྤྲོད་གནང་ཞིང་རྒན་ནོར་བུ་ཚེ་རིང་ལགས་ཀྱིས་འབྱུང་བ་ལྔ་ནི་གཡུང་དྲུང་བོན་གྱི་ལྟ་གྲུབ་ཆགས་པའི་གཞི་རྩའི་ལྟ་བ་ཡིན་པའི་སྐོར་ངོ་སྤྲོད་གནང་།

DSC09908.JPG

   རྒན་ངག་དབང་རྒྱ་མཚོ་ལགས་ཀྱིས་ཏུང་ཧོང་ཡིག་རྙིང་ལས་བྱུང་བའི་བོན་གཤེན་དག་གི་ལས་མཛད་ངོ་སྤྲོད་གནང་རྗེས་གསོལ་སྟོན་དང་རྩེད་རིགས་འཁྲབ་སྟོན་གྱིས་དེ་རིང་གི་ཚོགས་འདུའི་ལས་སྒོ་ཡོངས་སུ་མཇུག་རྫོགས་པར་བྱས་སོ།།

DSC09911.JPG
DSC09950.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།