སྤྱི་རིམ་ཆེན་མོ་སྲིད་རྒྱལ་དྲེའུ་དམར་མོའི་ཁྲི་ཚོགས་རྒྱས་འབུལ་གྱི་ཆོ་ག

[ཟླ་ཚེས། 2015-07-22 10:31:35][རྩོམ་པ་པོ། རྒྱལ་མོ་རྔུལ་ཆུའི་རྩོམ་སྒྲིག་ཚོ་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      ༢༠༡༥ལོའི་སྤྱི་ཟླ་༧ཚེས་༡༥ཉིན་རྒྱལ་རོང་སྤ་ཚང་དགོན་གྱི་སྤྲུལ་སྐུ་ནམ་མཁའ་མཆོག་གིས་སྐྱབས་རྗེ་བླ་མ་ལི་ཤུ་ཚང་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེས་གསར་དུ་བཏབ་གནང་མཛད་པའི་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་གདན་འདྲེན་ཞུས་ནས་ཉིན་བཞིའི་རིང་ལ་༼གཡུང་དྲུང་བོན་གྱི་སྤྱི་རིམ་ཆེན་མོ་སྲིད་རྒྱལ་དྲེའུ་དམར་མོའི་ཁྲི་ཚོགས་རྒྱས་འབུལ་གྱི་མཛད་སྒོ༽སྤེལ་བ་ཡིན་ཏེ།

1-1.jpg1-2.jpg

      ཉིན་དང་པོར། སློབ་གླིང་གི་སློབ་མ་ཡོངས་རྫོགས་དང་སྤ་ཚང་དགོན་གྱི་གྲྭ་པ་མཉམ་འཛོམས་འོག་སྔོན་འགྲོ་སྟ་གོན་གྱི་ལས་ལ་ཞུགས་ནས་གཏོར་མ་བཅའ་བཟོ་བྱས་ཤིང་མཆོད་མེ་སོགས་བླུགས་ཏེ་གྲ་སྒྲིག་ཚགས་སུ་ཆུད་པར་བྱས་ནས་མཛད་སྒོའི་དབུ་བཟུང་ངོ་།།

2-1.jpg2-2.jpg

      ཉིན་གཉིས་པའི་མཛད་སྒོ་གཙོ་བོ་ནི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ནས་སྲིད་རྒྱལ་དྲེའུ་དམར་མོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་པ་མ་ཟད་ཆུ་ཚོད་བརྒྱད་དང་སྐར་ཆ་སུམ་ཅུའི་ཐོག་རྒྱལ་རོང་སྤྲུལ་སྐུ་ནམ་མཁའ་མཆོག་གིས་པེ་ཅིན་དང་ཀུང་ཞིས། ཧྲན་ཏུན། ཧྲང་ཧེ། ཁྲིན་ཏུའུ་སོགས་ནས་འབྱོར་བའི་སློབ་མ་དག་དང་མཉམ་དུ་བོན་སྤྱོད་ཞལ་འདོན་གསུངས་པ་དང་། ལྷག་པར་དུ་སྤ་ཚང་དགོན་གྱི་དགེ་འདུན་པ་རྣམས་དང་བཤད་སྒྲུབ་སློབ་གླིང་གི་སློབ་མ་ཡོངས་རྫོགས་མཉམ་འཛོམས་ཀྱིས། གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དག་གི་ཅི་བསམ་ལྷུན་གྲུབ་དང་ཚེ་རིང་ནད་མེད་བདེ་ཐང་ཡོང་བའི་རིམ་གྲོར་བོན་གྱི་ལྷ་བསང་ཆེན་མོའི་མཆོད་དབྱངས་ཕྱོགས་བཅུའི་མཚམས་སུ་འཐེན།

3-1.jpg3-2.jpg

      ཉིན་གསུམ་པར། མ་མཆོག་སྲིད་པའི་རྒྱལ་མོ་དང་ཀུན་བཟང་རྒྱལ་བ་འདུས་པ། དབལ་བོན་སྟག་ལ་མེ་འབར་གསུམ་གྱི་གཞུང་བསྲངས་ཤིང་ཁྲི་ཚོགས་རྒྱས་འབུལ་གྱི་མཛད་སྒོ་སྤེལ་ཐོག་སློབ་མ་ཐམས་ཅད་ཚོགས་བསགས་སྒྲིབ་སྦྱང་དུ་ཡར་དཀོན་མཆོག་ལ་ཚོགས་མཆོད་ཕུལ་ཅིང་མར་རིགས་དྲུག་ལ་གསུར་རྒྱ་ཆེན་བསྔོས།

4-1.jpg4-2.jpg

      ཉིན་བཞི་བར། བཀྲ་ཤིས་པའི་མཛད་སྒོ་སྤེལ་ཏེ་རྒྱ་ནག་གི་དད་ལྡན་སློབ་མ་རྣམས་ཀྱིས་ཀྱང་དགའ་མགུ་དད་མོས་ཀྱིས་བྱང་ཁོག་ཁེངས་ཏེ་བསྟོད་ཚིག་དབྱངས་སུ་གྱེར་ཤིང་ཡན་ལག་ལྔ་ལྡན་གྱི་ཕྱག་བཅས་དགའ་སྟོན་རྟེན་འབྲེལ་གྲུབ་པའི་ལེགས་སྐྱེས་མི་ཉུང་བ་ཞིག་ཕུལ། མདོར་ན་གཡུང་དྲུང་བོན་གྱི་བསྟན་དོན་ལ་ལྷག་བསམ་རབ་ཏུ་དཀར་བའི་རྒྱལ་རོང་སྤྲུལ་སྐུ་ནམ་མཁའ་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་ཞིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་དང་བཅས།

༼རྒྱལ་མོ་རྔུལ་ཆུའི༽རྩོམ་སྒྲིག་ཚོ་ཆུང་གིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།