གཡུ་རིའི་བཤད་སྒྲུབ་འདུས་སྡེ་ནས་རྒྱལ་བ་བྲུ་ཡི་ལུགས་ཀྱི་ཆོ་ག་ཕྱག་ལེན་སྐོར་སྦྱོང་བའི་གནས་ཚུལ།

[ཟླ་ཚེས། 2015-06-13 23:12:54][རྩོམ་པ་པོ། མེས་པོའི་རྒྱུད་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

9.jpg6.jpg

   ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འདི་ནི། འཛམ་གླིང་གི་གྲུབ་མཐའ་མང་པོའི་ཕྱི་མོར་གྱུར་པ་དང་། མདོ་སྔགས་སེམས་གསུམ་བཅུ་ཕྲག་རིག་གནས་དང་བཅས་པའི་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པ། ལོ་རྒྱུས་རྒྱུན་རིང་ལ་རང་བཞིན་དང་ལྡན་པ་ཡིན་པ་ནི། འཛམ་གླིང་གི་མཁས་དབང་དུ་མས་མགྲིན་པ་གཟེངས་ནས་སྨྲ་མོད། བསྟན་པ་འདི་ལ་ཡང་སྔ་དར་དང་། བར་དར། ཕྱི་དར་དང་གསུམ་ལས། ཕྱི་དར་བསྟན་པའི་སྒོ་འབྱེད་༧ སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའི་བཀའ་བབས་ཀྱི་བུ་ཆེན་བཞིའི་ནང་ཚན། ཤིང་རྟའི་སྲོལ་འབྱེད་དུ་གྲགས་པའི་༧ བྲུ་ཆེན་ཡབ་སྲས་དང་དེའི་རིང་ལུགས་རྣམས་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱིས་རྒྱུན་བསྐྱངས་བ་ལ་༧ རྒྱལ་བ་བྲུའི་ལུགས་ཟེར། དེའི་རྗེས་སུ་༧ རྗེ་སྨན་རི་བ་བྱོན་ནས་ལུགས་སྲོལ་འདི་ཉིད་ཁུངས་ཐུབ་ཡང་དག་ཏུ་གཟིགས་ཏེ།

7.jpg8.jpg
སྐད་ཀྱི་བྱེ་བྲག་ཨང་གསུམ་པ་ཐོབ་མཁན།                                                      སྐད་ཀྱི་བྱེ་བྲག་ཨང་གཉིས་པ་ཐོབ་མཁན།

   རྒྱུན་བསྐྱངས་བ་ལ་༧ དཔལ་ལྡན་སྨན་རིའི་ལུགས་སམ། རྒྱལ་བ་བྲུ་ཡི་ལུགས་ཟེར་བའི་སྲོལ་བྱུང་ཡོད། ལུགས་འདི་ཡི་གསང་སྔགས་ཕྱི་ནང་གི་གྱེར་དབྱངས་གདངས་གསུམ་ནི། ཐེག་སྒོ་འམ། བོན་སྒོ་ལ་ལྟོས་ཏེ། དཔེར་ན་བྱ་རྒྱུད་ཀྱི་གཞུང་། ཆོ་ག་བཅུ་གཉིས་ལ་སོགས་ལ། ཆོག་ཆུང་གི་སྐད་དང་། རྣམ་པ་ཀུན་ལྡན་གྱི་གཞུང་ལ། ཀློང་རྒྱས་དང་། རྒྱས་པ་ཀུན་སྣང་། གཤེན་རབ་རྣམ་པར་རྒྱལ་བའི་ཆོག་གཞུང་།བཟླས་ཆོག་རིན་ཆེན་སྒྲོན་མ་སོགས་ལ་ཆོག་ཆེན་སྐད་དང་། དངོས་བསྐྱེད་པའི་གཞུང་། སྤྱི་སྤུངས་སྐོར་གསུམ་ལ། སྤྱི་སྤུངས་སྐད་དང་། དེ་བཞིན་དྲག་སྔགས་སོགས་ལ་དེའི་སྐད་དང་། ཤིན་ཏུ་དོན་ལྡན་གྱི་གཞུང་།རིག་འཛིན་གྱི་བོན་སྐོར་ལ་དེའི་སྐད་སོགས་ནི། གཡས་རུའི་སྟོན་པ་བཅོ་བརྒྱད་དང་། རྗེ་སྨན་རི་བའི་མཁན་སློབ་རིམ་བྱོན་གྱིས་རྒྱུན་བསྐྱངས་གནང་བས། ལུགས་འདི་ཁུངས་བཙུན་པ་ཡིན་པ་དང་། བོན་པོ་ཡོངས་ཀྱིས་གལ་ཆེན་པོ་གཙི་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། ༧དཔལ་ཤར་རྫ་བས། ལུགས་སུ་གྲྭ་ས་ཡ་བཞི་སྐྱོངས་གསུང་པ་ཡང་དེ་ཡི་དོན་ནོ། སྤྱིར་ཡི་དམ་ཕྱི་ནང་གསང་གསུམ་དང་གཏོ་བཅོས་མདོས་གླུད་ཡན་ཆད་ལ་སྐད་ཀྱི་གདངས་དབྱངས་མཐོ་དམའ་དང་། ཚིག་གི་གཅོད་མཚམས། འབུད་བརྡུང་དཀྲོལ་གསུམ་སོགས་སྔ་མའི་སྲོལ་དང་། ཕྱི་མའི་དཔེ་བཟུང་རྒྱུ་ཡོད་པར་གལ་ཆེན་མཐོང་། དེས་ན་ངེད་གཡུ་རིའི་བཤད་སྒྲུབ་འདུས་སྡེ་ནས། གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་གཡུང་དྲུང་རིན་ཆེན་རིན་པོ་ཆེ་ལ་རེ་ཞུས་བཞིན། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས། ཡི་དམ་ཕྱི་ནང་གསང་བའི་སྐད་ཀྱི་བྱེ་བྲག་དང་། ༧རྗེ་སྨན་རི་བའི་སྒྲུབ་ཁང་ལུགས་ཀྱི་སྐོང་བའི་གྱེར་དབྱངས་དང་། གསང་སྔགས་ཕྱི་ནང་གསང་གསུམ་གྱི་ཆོ་གའི་ཕྱག་ལེན་སྐོར་སོགས་ལ། ཟླ་བ་བརྒྱད་ཀྱི་རིང་ཕྱི་དྲོ་རིག་གནས་ཀྱི་དུས་ཚོད་བེད་སྤྱད་དེ་སློབ་ཁྲིད་གནང་བས། གྲུབ་འབྲས་བཟང་པོ་ཐོབ་ཡོད།

1.jpg2.jpg
སྐད་ཀྱི་བྱེ་བྲག་ཨང་དང་པོ་ཐོབ་མཁན།                                                            སྐོང་གྱེར་ཨང་དང་པོ་ཐོབ་མཁན།

    བསྐྱར་དུ་ཞུ་རྒྱུ་ལ། ༡༽ སྐད་ཀྱི་བྱེ་བྲག་ནི། ཉིན་གཅིག་ལ་དགེ་རྒན་གྱིས་ཞལ་ཁྲིད་གནང་བ་དང་། དེའི་ཕྱི་ཉིན་སློབ་མ་སོ་སོའི་གྱེར་རྒྱུགས་ཕུལ་ནས་མཇུག་གྲུབ། ༢༽སྐོང་གྱེར་ནི། སློབ་གཉེར་བ་ཚང་མ་ཚོ་བདུན་དུ་བགོས་ཏེ། ཉིན་གཅིག་ལ་དགེ་རྒན་གྱིས་ཚང་མ་ལ་མཉམ་དུ་ཞལ་ཁྲིད་གནང་བ་དང་། ཡང་དེའི་ཕྱི་ཉིན་ཚོ་པ་ཕན་ཚུན་དང་སྒེར་སོ་སོར་འགྲན་བསྡུར་གནང་ནས་མཐར་ཨང་རིམ་ཕུལ་བ་དང་། ༣༽ སྐད་ཀྱི་བྱེ་བྲག་ནི། མཐའ་མའི་ཉིན་བཞི་ལ་བསྐྱར་སྦྱོང་གི་དུས་ཚོད་དང་། དེའི་རིང་སྔ་དྲོ་ཕྱག་ཚོད་གཅིག་དང་། ཕྱི་དྲོ་ཕྱག་ཚོད་གཅིག་ལ་དགེ་རྒན་ལ་དོག་དྲི་དང་། ཕྱི་ལོ་2015,ཟླ་6,ཚེས་5,6ཉིན་དགེ་རྒན་རྣམས་དབུ་བཞུགས་ཐོག་དངོས་གཞིའི་ཡིག་ཚད་ཉིན་གཉིས་ཀྱི་རིང་གཏོང་ཡོད། དེ་ཡང་སྐད་ཀྱི་བྱེ་བྲག་གི་གྱེར་དབྱངས་མི་འདྲ་བ་གྲངས་དྲུག་ཅུ་རེ་གསུམ་ཡོད་པ་རྣམས་ཤོག་དྲིལ་བཟོས་ཏེ། དེའི་ནང་ནས་སློབ་གཉེར་བ་རང་རང་གིས་ཤོག་དྲིལ་རེ་བླངས་ནས། རང་ལ་གང་འབབ་པ་དེ་དགེ་རྒན་གྱིས་གསུངས་མཚམས། རང་འདུག་སའི་གླེང་སྟེགས་ཐོག་ཏུ་ཕེབས་ནས་གྱེར་བ་དང་། དགེ་རྒན་གྱིས་ཨང་ཐོབ་སྤྲད་རྒྱུ་སོགས་གྲྭ་པ་རེ་ལ་དེ་འདྲ་ཐེངས་བདུན་རེ་འཁོར་ཡོད། ཨང་ཐོབ་གྲུབ་འབྲས་ནི། སྐད་ཀྱི་བྱེ་བྲག་ཨང་དང་པོ་ལོན་མཁན་གྲངས་བཞི་དང་། སྐོང་གྱེར་ཨང་དང་པོ་ལོན་མཁན་གསུམ་ཡོད། སྐད་ཀྱི་བྱེ་བྲག་ཨང་གཉིས་པ་ལོན་མཁན་གྲངས་ལྔ་དང་། སྐོང་གྱེར་ཨང་གཉིས་པ་ལོན་མཁན་ལྔ་ཡོད། སྐད་ཀྱི་བྱེ་བྲག་ཨང་གསུམ་པ་ལོན་མཁན་གསུམ་དང་། སྐོང་གྱེར་ཨང་གསུམ་པ་ལོན་མཁན་དྲུག་ཡོད་པ་བཅས་ལ་གཟེངས་བསྟོད་དང་། གཞན་དག་རྒྱུགས་འཕྲོད་མཁན་རྣམས་ལའང་ཕྱག་རྟགས་ཕུལ་ནས་བྱ་བ་ལེགས་གྲུབ་བྱུང་བ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་ནས་ཡུན་དུ་གནས་པའི་རྒྱུ་རུ་གྱུར་ཅིག །

3.jpg4.jpg
སྐོང་གྱེར་ཨང་གསུམ་པ་ཐོབ་མཁན།                                               སྐོང་གྱེར་ཨང་གཉིས་པ་ཐོབ་མཁན།

   གསལ་བཤད། གཡུང་དྲུང་གི་བོན་ནི་རྒྱ་ཆེ་ལ་གཏིང་ཟབ་པས། ལམ་དང་ལུགས་སྲོལ་མང་པོ་ཡོད་པ་རྣམས་རིམ་པས་སྦྱང་རྒྱུའི་བསམ་བློ་ཡོད། གཡུ་རིའི་བཤད་སྒྲུབ་འདུས་སྡེ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།