རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་བའི་གསལ་བརྡ།

[ཟླ་ཚེས། 2015-06-04 23:54:33][རྩོམ་པ་པོ། གོ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

header-logo-2.jpg

སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ནས་ཉེར་ལྔའི་བར་ནོར་ཝེའི་གྲོང་ཁྱེར་པིར་ཀིན་དུ་བསྡུ་བ།

      སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་སྟེ་གཟའ་ཉི་མའི་ཉིན་ནས་ཚེས་ཉེར་ལྔ་སྟེ་གཟའ་སྤེན་པའི་ཉིན་བར་ནོར་ཝེའི་པིར་ཀིན་སློབ་ཆེན་དུ་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་བ་བསྡུ་ཐུབ་པ་ནི་སློབ་ཆེན་འདིའི་གཟི་བརྗིད་ཅིག་ཏུ་འཁུམས་ལ། གྲོས་ཚོགས་འདི་ནི་རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས་ཀྱིས་བོད་དང་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པར་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་སྟེ། བོད་དང་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པས་ཨོ་སི་ལོ་སློབ་ཆེན་དང་། པིར་ཀིན་སློབ་ཆེན། ཁྲོམ་སཱོ་སློབ་ཆེན་བཅས་དང་མཉམ་འབྲེལ་གྱིས་ལས་དོན་སྒྲུབ་པ་ཞིག་ཡིན། སྐབས་འདིའི་གྲོས་ཚོགས་ཀྱི་གཙོ་གཉེར་བ་ནི་ཨོ་སི་ལོ་སློབ་ཆེན་གྱི་ཤར་ཕྱོགས་པའི་སྐད་ཡིག་དང་རིག་གནས་ཞིབ་འཇུག་སྡེ་ཁག་གི་དགེ་རྒན་ཆེན་མོ་ཨེན་ན་ལགས་ཏེ། མོ་རང་གིས་བོད་དང་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པའི་ཚོགས་གཙོའི་འགན་ཡང་གཅིག་ལྕོགས་སུ་བཞེས་མུས་ཡིན།

Rutekart.jpg

      ཐོ་འགོད།
      ཐོ་འགོད་རིན་དངུལ་ནི་ཨ་སྒོར་སུམ་བརྒྱ་དང་སུམ་ཅུ་ཡིན་ཏེ། འདིའི་ནང་དྲོས་ཇ་དང་། ཕྱི་དྲོའི་དུས་སུ་ཕྱི་རོལ་ཏུ་གཟིགས་སྐོར་ཐེངས་གཅིག་དང་། དགོང་མོར་རྩེད་འཇོའི་བྱ་འགུལ་སྣ་གཉིས་བཅས་ཚུད། སྡོད་ཁང་གི་ཕྱོགས་ནས་ཕྱིའི་མགྲོན་ཁང་དང་སློབ་མའི་མལ་ཁང་སོགས་རིགས་མི་འདྲ་བ་མང་དུ་ཡོད་ཅིང་། དེ་དག་གི་ཁང་རིན་ནི་ང་ཚོས་འབྲེལ་ཡོད་མི་སྣར་གྲོས་བྱས་ཏེ་ཚོགས་མི་རྣམས་ལ་དམིགས་བསལ་སྟེར་ངེས་ལ། རྗེས་ཕྱོགས་དྲ་ལམ་ནས་རང་དང་འཚམ་པའི་སྡོད་ཁང་ཐོ་འགོད་བྱས་ཏེ་གདམ་ཆོག གཞན་གྱི་རོགས་དངུལ་ཅི་ཡང་མེད་པའི་ཚོགས་ཞུགས་པ་རྣམས་ལ་ང་ཚོས་ཅི་ནུས་ཀྱིས་འགྲོ་གྲོན་ཡོངས་སམ་ཡང་ན་ཕྱེད་ཀ་ཙམ་གྱི་རོགས་བྱ་རྩིས་ཡོད་མོད། ངེས་པར་ནན་བཤད་དང་གསལ་འདེབས་བྱ་རྒྱུ་ཞིག་ལ། ང་ཚོའི་གནས་བབས་ལ་གཞིགས་ན་ཚོགས་ཞུགས་མི་སྣ་ཉུང་ཤས་ཤིག་ལ་མ་གཏོགས་རོགས་སྐྱོར་བྱ་ཐུབ་རྒྱུ་མ་རེད་སྙམ།
      ཐོ་འགོད་བྱེད་པར་རེའུ་མིག་མི་འདྲ་བ་གཉིས་ཡོད་པ་ལས་རང་ལ་གང་འཚམ་གཅིག་གདམ་ནས་ཁ་བསྐང་རྗེས། ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ལ་ཞུགས་པའི་སྙན་ཞུ་འབུལ་ཡུལ་ཏེ་iats2016@gmail.comལ་བསྐུར་དགོས། རེའུ་མིག་དང་པོ་ནི་WORDཡི་རྣམ་པ་ཡིན་ལ། རང་རང་གི་སྐབས་སུ་བབས་པའི་དཔྱད་རྩོམ་རོ་མའི་ཡིག་རིགས་ཀྱི་སྐད་ཡིག་གི་ལམ་ནས་འབྲི་བའི་སྙན་ཞུ་འབུལ་མཁན་ཚོས་རེའུ་མིག་འདི་བསྐང་རྗེས་གློག་རྡུལ་ཡིག་ཟམ་གྱི་ཞར་བྱུང་དུ་སྦྱར་ཏེ་བསྐུར་དགོས། རེའུ་མིག་གཉིས་པ་ནི་PDFཡི་རྣམ་པ་ཡིན་ལ། རོ་མའི་ཡིག་རིགས་མི་སྤྱོད་པའི་སྙན་ཞུ་འབུལ་མཁན་ཚོས་འདི་ཉིད་ཕྱག་བྲིས་ཀྱིས་ཁ་བསྐང་རྗེས་གློག་རྡུལ་འདྲ་བཤུས་བརྒྱབ་ནས་གློག་རྡུལ་ཡིག་ཟམ་གྱི་ཞར་བྱུང་དུ་སྦྱར་ཏེ་བསྐུར་དགོས།
 

      དོ་སྣང་བྱ་དགོས་པའི་གནད་འགའ།
      ༡ སྤྱིའི་སྒྲིག་སྲོལ་ལྟར་ན། གྲོས་ཚོགས་ལ་ཞུགས་མཁན་ཚང་མས་རང་རང་གི་དཔྱད་རྩོམ་སྒྲོག་སྤེལ་གནང་དགོས་ཤིང་ཡུན་ཚད་ནི་སྐར་མ་ཉི་ཤུ་ཡིན་པ་དང་། ཚོགས་ཐོག་ཏུ་དབྱིན་ཇིའི་སྐད་དང་། བོད་སྐད། ཧྥ་རན་སིའི་སྐད། འཇར་མན་གྱི་སྐད་བཅས་སྐད་རིགས་བཞི་ལས་གང་འཚམ་གྱིས་སྤྱད་ཆོག་པ་ཡིན།
      ༢ ཚོགས་ཞུགས་མི་སྣ་སུ་ཡིན་རུང་རང་ལ་དམིགས་བསལ་གྱི་དོན་གནད་དམ་དྲི་གཞི་གྲོས་མོལ་གྱི་ཚུལ་གྱིས་ཐག་གཅོད་བྱ་རྒྱུའི་དགོས་པ་དང་རེ་འདོད་ཡོད་ན་བགྲོ་གླེང་ཚོགས་ཆུང་སྒྲིག་འཛུགས་བྱ་ཆོག་སྟེ། ཚོགས་ཆུང་བསྒྲིག་པར་རང་གི་དོན་གནད་དམ་དྲི་གཞིར་གྲོས་མོལ་བྱ་བར་འཚམ་པའི་མི་སྣར་འབྲེལ་བ་བྱ་རྒྱུ་དང་གྲོས་ཚོགས་སྤྱིའི་གཙོ་གཉེར་བར་གནས་ཚུལ་བརྗོད་རྒྱུ་ནི་མི་སྒེར་གྱི་འོས་འགན་ཡིན། གལ་ཏེ་ཁྱེད་ལ་བགྲོ་གླེང་ཚོགས་ཆུང་བསྒྲིག་རྒྱུའི་རེ་འདོད་ཡོད་ན། དེའི་ཞིབ་ཕྲའི་གནས་ཚུལ(ཤོག་ངོས་གཅིག་གི་སྟེང་ཡིག་འབྲུ་ལྔ་བརྒྱའི་མན)བྲིས་ཏེ་ཉིས་སྟོང་བཅོ་ལྔའི་སྤྱི་ཟླ་བཅུ་བའི་ཚེས་གཅིག་གི་ཚུན་ལ་བསྐུར་དགོས། གཞན་ཡང་། བགྲོ་གླེང་ཚོགས་ཆུང་སྒྲིག་འཛུགས་བྱ་བའི་ཚོགས་མིར་གྲོས་ཚོགས་ཀྱི་སྐབས་གཞན་ཞིག་སྤྱད་དེ་དཔྱད་རྩོམ་སྒྲོག་སྤེལ་བྱ་བའི་གོ་སྐབས་མེད།
      ༣ རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྟེང་སྤེལ་རྒྱུའི་དཔྱད་རྩོམ་ཚང་མ་གསར་བ་ཡིན་དགོས་ཏེ། གྲོས་ཚོགས་གཞན་དུ་སྤེལ་མྱོང་བའམ་ཡང་ན་སྔ་མོ་ནས་དཔར་སྐྲུན་བྱས་ཟིན་པའི་དཔྱད་རྩོམ་བསྐྱར་སྤེལ་བྱ་མི་རུང་བ་དང་། དཔྱད་རྩོམ་གྱི་དཔྱད་གཞི་ཁུངས་བཙུན་ཞིང་དཔྱད་འབྲས་གསར་བ་མངོན་པ་དང་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏོགས་པ་སོགས་ཀྱི་ཆ་རྐྱེན་ངེས་པར་ཚང་དགོས། ཞིབ་ཏུ་བརྗོད་ན།
      ཀ རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྟེང་ཐེངས་དང་པོར་ཞུགས་པའི་སློབ་མ་ཚོས་རང་རང་གི་སློབ་གྲྭའི་འབྲེལ་ཡོད་མི་སྣས་བྲིས་པའི་འོས་སྦྱོར་ཡི་གེ་དང་སྒེར་གྱི་མཚམས་སྦྱོར་ཡི་གེ་སྟེ་རང་ཉིད་ཀྱི་མིང་དང་སྐྱེས་ལོ། སློབ་གསོ་མྱངས་པའི་བརྒྱུད་རིམ་དང་ད་ལྟའི་བར་པར་དུ་བསྐྲུན་ཟིན་པའི་དཔེ་ཆ་དང་དཔྱད་རྩོམ་སོགས་གླེང་རིན་ཡོད་པ་དག་ཡི་གེར་བྲིས་ནས་བསྐུར་དགོས།
      ཁ ཚོགས་ཞུགས་མི་སྣའི་ཁྲོད་སྐབས་འདིར་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ལ་ཐེངས་དང་པོར་ཞུགས་མཁན་ནམ་ཡང་ན་ཉིས་སྟོང་བཅུ་གསུམ་ལོར་སྐབས་བཅུ་གསུམ་པའི་གྲོས་ཚོགས་སོག་པོའི་རྒྱལ་ཁབ་ཏུ་བསྡུས་པར་ཐོག་དང་པོར་ཞུགས་པའི་ཚོགས་ཞུགས་མི་སྣ་དང་། ད་དུང་འདིར་ཞུགས་སློབ་མ་ཡོངས་ཀྱིས་རང་རང་གི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས(ཡིག་འབྲུ་བདུན་བརྒྱ་དང་ལྔ་བཅུའི་མན)རེ་བྲིས་ཏེ་ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་བཅུ་བའི་ཚེས་གཅིག་གི་ཚུན་ལ་བསྐུར་དགོས།
      ག ཚོགས་ཞུགས་མི་སྣ་གཞན་དག་གིས་ཀྱང་ཡིག་འབྲུ་ཉིས་བརྒྱ་དང་ལྔ་བཅུའི་ཡས་མས་ཀྱིས་གྲུབ་པའི་དཔྱད་རྩོམ་གྱི་ནང་དོན་གནད་དུ་བསྡུས་པ་རེ་བྲིས་ཏེ་ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་བཅུ་བའི་ཚེས་གཅིག་གི་ཚུན་ལ་བསྐུར་དགོས།
      ང དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ཀྱི་ཆ་ནས་ཚིག་བསྡུས་ཤིང་དོན་གནད་དུ་འཁེལ་དགོས་ཏེ། ང་ཚོས་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་ལ་གཞིགས་ཏེ་ཞིབ་ཕྲའི་སྒོས་ཚོགས་མི་གདམ་གསེས་བྱ་རྒྱུ་ཡིན་ལ། རྒྱལ་སྤྱིའི་བོད་རིག་པའི་རིག་ལམ་གྱི་ཚད་གཞིར་མ་ལོན་པའམ་དེ་དང་ཉེ་བར་མ་མཐུན་ཚེ་འདིར་དང་ལེན་བྱ་ཐབས་བྲལ་བས་ནན་ཏན་བྱ་རྒྱུ་གལ། དེ་ཡང་ཁྱེད་ཉིད་གྲོས་ཚོགས་སུ་ཞུགས་ཆོག་མིན་གྱི་བརྡ་སྦྱོར་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་དང་པོའི་ཚེས་བཅོ་ལྔའི་ཚུན་ལ་བསྒྲག་ངེས།
      ༤ གྲོས་ཚོགས་སུ་ཟུར་ཞུགས་སམ་ལྟ་ཞིབ་གནང་མཁན་ཚོས་རང་ཉིད་ཀྱིས་མིག་སྔར་སྒྲུབ་བཞིན་པའི་ཞིབ་འཇུག་ལས་དོན་དང་ཞིབ་འཇུག་ཐད་ཀྱི་དགའ་ཕྱོགས་གང་ཡིན་སྐོར་གྱི་གནས་ཚུལ(ཡིག་འབྲུ་བདུན་བརྒྱ་དང་ལྔ་བཅུའི་ཡས་མས)འབྲི་དགོས་པ་མ་ཟད། རང་རང་གི་འབྲེལ་ཡོད་སྡེ་ཁག་ནས་བླངས་པའི་འོས་སྦྱོར་ཡི་གེ་དང་བཅས་བསྐུར་དགོས།
      ༥ ང་ཚོས་གྲོས་ཚོགས་སྤྱིའི་འགྲོ་སོང་ཡོངས་རྫོགས་གྲོས་ཚོགས་མ་བསྡུས་པའི་སྔ་རོལ་ཏུ་སྤྲོད་དགོས་ཕྱིར། གལ་ཏེ་ཁྱེད་ཉིད་སྐབས་འདིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སུ་ཞུགས་ཐུབ་པ་གཏན་འཁེལ་བྱས་ཚེ་ཉིས་སྟོང་བཅུ་དྲུག་གི་སྤྱི་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཚུན་དུ་ཐོ་འགོད་རིན་དངུལ་ངེས་པར་འཕྲོད་རྒྱུ་གལ། ཐོ་འགོད་བྱ་ཚུལ་མི་འགྱངས་པར་ང་ཚོའི་དྲ་ངོས་སུ་དགོད་ངེས།
      ༦ ཕྱི་འགྲིམ་ཆོག་མཆན་ནམ་ཐོངས་མཆན་ visa དང་འགྲུལ་སྐྱོད་བདེ་འཇགས་ཁག་ཐེག་Travel Insuranceཐད་ཀྱི་འགྲོ་ལུགས་ཐམས་ཅད་གྲོས་ཚོགས་སུ་ཞུགས་མཁན་ཚོས་རང་སྟེང་ནས་བསྒྲུབ་དགོས་ཏེ། པིར་ཀིན་སློབ་ཆེན་གྱིས་འདིའི་སྐོར་གྱི་འགན་འཁུར་མི་ཐུབ་ཅིང་། ང་ཚོས་ཁྱེད་ཅག་གི་དགོས་མཁོར་དམིགས་ཏེ་གདན་ཞུ་ཡི་གེ་བསྐུར་ངེས།
      ༧ སྐབས་སྐབས་ཀྱི་གནས་ཚུལ་གསར་བ་ཡོད་ན་ང་ཚོའི་དྲ་ངོས་ལས་ཁྱབ་བསྒྲགས་བྱ་རྒྱུ་ལས་གཞན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཀྱི་ཡིག་ཟམ་ལས་ཀྱང་བརྒྱུད་སྐུར་བྱ་རྒྱུ་ཡིན།
     

      རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བཅུ་བཞི་བར་འབྲེལ་ཡོད་ཀྱི་འཕྲིན་དང་ཡིག་ཆ་སོགས་བསྐུར་ཡུལ་ནི།
      iats2016@gmail.com    ཁྱེད་ཉིད་པིར་ཀིན་དུ་ཕེབས་པར་དགའ་བསུ་ཞུ།

Bergen_Tourist_Board_-_Jan_M1.jpg

པར་འདི་པིར་ཀིན་ཡུལ་སྐོར་ཚོགས་པར་དབང་ཞིང་པར་བསྐྱོན་མཁན་ནི་Jan M. Lillebøཡིན།

images7.jpg

པར་འདི་པིར་ཀིན་ཡུལ་སྐོར་ཚོགས་པར་དབང་ཞིང་པར་བསྐྱོན་མཁན་ནི་Thor Westrebøཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།