རྒྱལ་བའི་བཀའ་འགྱུར་ཆེན་མོ་དེབ་གཟུགས་ཐོག་དཔར་སྐྲུན་བྱ་འཆར་གསལ་བརྡ།

[ཟླ་ཚེས། 2015-04-25 10:41:51][རྩོམ་པ་པོ། གྱེར་བསྟན་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་ཆེན་མོ་དེབ་གཟུགས་ཐོག་དཔར་སྐྲུན་བྱ་འཆར་གསལ་བརྡ།
99 (6).jpg99 (12).jpg
རྒྱལ་བའི་བཀའ་རིན་པོ་ཆེའི་མ་ཕྱི་ཁག

   ༧ སྟོན་མཆོག་བརྒྱ་པའི་མགོན་པོ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་བཀའ་ད་ལྟ་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་པའི་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་<བཀའ་འགྱུར>ཆེན་མོ་འདི་ཉིད་དཔེ་གཟུགས་ཀྱི་ལམ་ནས་འགྲེམ་སྤེལ་གང་མང་གནང་སྟེ་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་བྱུང་དང་འབྱུང་མུས་སུ་མཆིས། ད་ལན་འདིར་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱི་དཔེ་ཀློག་སྟབས་བདེའི་དེབ་གཟུགས་ཐོག་ཏུ་དཔར་སྐྲུན་བྱ་ཐུབ་པ་ཡིན་ན་དད་ལྡན་མང་ཚོགས་སྤྱི་ཡིས་ལྟ་ཀློག་སྟབས་བདེ་ཡོང་བ་མ་ཟད། རྒྱལ་སྤྱིའི་ཞིབ་འཇུག་པ་རྣམས་དང་སློབ་གཉེར་བ་རྣམས་ལ་དུས་རབས་དང་འཚམ་པའི་དགོས་མཁོ་སྐོང་ཐུབ་པ་ཡོང་རྒྱུ་གདོན་མི་ཟ་བ་མཁས་དབང་མང་པོའི་དགོངས་པ་དང་ཞིབ་འཇུག་པ་དང་གཞོན་སྐྱེས་སློབ་གཉེར་བ་ཤིན་ཏུ་མང་པོས་དེ་བཞིན་སྐོམ་པ་ཆུ་འདོད་ལྟར་སྒུག་བཞིན་མཆིས།
 

99 (3).jpg99 (13).jpg
ཕྱོགས་ཁག་ནས་རྒྱལ་བའི་རིན་པོ་ཆེའི་མ་ཕྱི་གདན་དྲངས་པ།

   དེར་བརྟེན་ད་ལན་ཀླུ་ཕུག་དགོན་པའི་བླ་མ་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་ཐུགས་སྤོབས་ཆེན་པོ་སྒོ་ནས་ལས་གཞི་རྒྱ་ཆེ་དེ་འགན་བཞེས་གནང་བ་རེད། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི། གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱིས་ལས་གཞི་འདི་ལ་རྟིང་བསྐུལ་ནན་པོ་གནང་བ་དང་ངོས་ལེན་གྱི་རྒྱབ་སྐྱོར་ཐོབ་པ་དང་གཅིག གཡུང་དྲུང་བོན་གྱི་སྐྱེས་ཆེན་རྣམས་ཀྱིས་བཀའ་མངག་གཙུག་ཏུ་ཕེབས་པ་དང་གཉིས། གོང་ཞུས་ལྟར་དུས་རབས་ཀྱི་དགོས་མཁོ་མེད་དུ་མི་རུང་བ་ཡིན་པ་བཅས་དེ་གསུམ་གྱིས་བསྐུལ་མ་ལ་བརྟེན་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་དང་ལེན་ཞུས་པ་རེད།

99 (9).jpg99 (8).jpg
99 (7).jpg99 (5).jpg
མ་ཕྱི་ཤིང་པར་ཁག་གཅིག

   ལས་གཞི་འདིའི་ཐད་ལ་དེ་སྔོན་ལོ་གསུམ་གྱི་སྔོན་ནས་ལས་གྲྭ་དངོས་སུ་འགོ་བཙུགས་ཏེ་གྲྭ་བཙུན་ཉི་ཤུ་ལྷག་གིས་བརྩོན་འགྲུས་ཆེན་པོས་ཕྱག་ལས་གནང་བཞིན་ཡོད། བཀའ་འགྱུར་གྱི་མ་དཔེ་དངོས་ནི་ཀུན་གྲོལ་རིན་པོ་ཆེས་འཕྲུལ་དཔར་དུ་བསྐྲུན་པ་གཞིར་བཟུང་བ་ཞིག་རེད། དེའི་ཐོག་ཏུ་དགོན་སྡེ་དང་རི་ཁྲོད་སོགས་ལ་འབྲེལ་བ་བྱས་ཏེ་སྟོན་པའི་བཀའ་ཡིན་རིགས་དཔེ་རྙིང་འཚོལ་བསྡུ་གང་ཐུབ་བྱས་ཏེ་གློག་ཀླད་ནང་དུ་ཡིག་འཇུག་བྱས་པ་དང་། ཞུ་དག་གི་ཐད་ལ་ཚིག་དོན་གཉིས་ལས་དོན་གཙོ་བོ་ཡིན་ཕྱིར་མ་དཔེ་ལ་འཁོད་པའི་བརྡ་རྙིང་པ་རྣམས་སོར་གནས་ཡོང་བ་གཙོར་བཟུང་བྱས་པ་ལས་དག་ཡིག་ཏུ་གྲགས་པའི་དེབ་ཆུང་ཁག་དང་སྒོ་བསྟུན་ནས་ཡིག་རྙིང་ལ་ཚོད་བགམ་གྱི་བཅོས་སླད་བྱས་མེད་པ་ནི་དཔེ་ཆ་འདིའི་ལེགས་ཆ་ཞིག་ཡིན་བསམ་གྱིན་ཡོད། ཐོག་མར་ཤོག་ངོས་དང་ཡིག་ཕྲེང་། དེ་བཞིན་ཚིགས་བཅད་སོགས་འཁྲུག་པ་དང་ཆད་ནོར་ཡོང་བའི་ཉེན་ཡོད་པས་དེ་ལྟར་མི་ཡོང་བའི་ཆེད་མ་དཔེ་དང་ལྷན་དུ་བཀླགས་ནས་ཞུ་དག་བྱས་པ་དང་།

99 (28).jpg99 (19).jpg
གཙོ་འགན་པ་རག་བླ་ཀུན་གསལ་སྙིང་པོས་ཡིག་གཏག་ཟིན་པ་ལ་ཞིབ་དཔྱད་གནང་བཞིན་པ།
   དེ་རྗེས་དག་ཆ་ཕྲ་མོ་ཡན་ཆད་ཞིབ་ཚགས་ཡོང་སླད་མ་དཔེ་དང་བསྡུར་ནས་འབྲུ་དེད་བྱས་པ་རེད། ད་དུང་ཞིབ་ཚགས་ཡོང་ཐབས་སུ་མ་དཔེ་དང་བུ་དཔེ་ཁྲོ་སྐྱབས་ཤིང་དཔར་གསུམ་ཀ་མི་གསུམ་གྱིས་སུམ་སྒྲིག་བྱས་ཏེ་དཔེ་བསྡུར་བྱེད་བཞིན་ཡོད་པས་ཞུ་དག་གི་ཆ་ནས་དཔེ་རྙིང་དང་གཅིག་མཚུངས་ཀྱི་ལག་བསྟར་ལ་གྲུབ་འབྲས་མི་དམན་པ་འཐོབ་པའི་འབད་བརྩོན་བྱེད་ཅིང་ཡོད།

99 (17).jpg99 (16).jpg
གློག་ཀླད་ཡིག་གཏག་ཁང་།

   དེབ་གཟུགས་ཐོག་ཏུ་དགོད་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་ནི་གོང་རིམ་ནས་དཔེ་ཆ་ལ་དཔར་སྐྲུན་གྱི་ཚད་གཞི་དང་ལྡན་པའི་ཆོག་མཆན་ཐོབ་དགོས་པར་བརྟེན་གོང་རིམ་ལ་སྙན་སེང་ཞུས་དོན་ལྟར་ད་ལམ་ཆོག་མཆན་ཐོབ་པའི་སྐལ་བཟང་གི་རྨང་གཞི་འདིའི་ཐོག་ཏུ་༢༠༡༥ལོར་དངོས་སུ་དེབ་གཟུགས་ཐོག་དཔར་སྐྲུན་བྱ་འཆར་ཡིན།

99 (18).jpg99 (21).jpg
དཔེ་བསྡུར་གནང་བཞིན་པ།
99 (22).jpg99 (27).jpg
གྱེར་བསྟན་གླིང་གི་ལས་སྒྲུབ་པ་ཡོངས།

   དེ་ཡང་བགྱི་བ་འདི་ནི་གོང་དུ་ཞུས་པ་ལྟར་གྱི་ཀུན་སློང་དང་འབྲེལ་བ་ལགས་ན་དཔེ་ཆའི་རིན་གོང་ཡང་མ་གནས་ཀྱི་ཐོག་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་དེ་ལུགས་ཀུན་གྱིས་ཐུགས་ངེས་གནང་རོགས་ཞུ་རྒྱུ་མ་ཟད། ཚོགས་སྡེ་དང་མི་སྒེར་སུ་ཡིན་རུང་ཐུགས་འདོད་མཆིས་ཚེ་སྔ་ཙམ་ནས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན།།

99 (23).jpg99 (1).jpg
རག་བླ་ཀུན་གསལ་སྙིང་པོ་མཆོག་ནས་ལས་ཀ་རྣམས་ལ་བཀའ་སློབ་སོགས་གནང་བཞིན་པ།
99 (14).jpg
གཙོ་འགན་པ་རག་བླ་ཀུན་གསལ་སྙིང་པོ།

༼གཙོ་འགན་པའི་ངོ་སྤྲོད་གནད་བསྡུས། ༽རྒྱལ་བའི་བཀའ་འགྱུར་ཆེན་པོ་དེབ་གཟུགས་སུ་པར་སྐྲུན་གནང་ཡའི་འགན་འཛིན་པ་རག་བླ་ཀུན་གསལ་སྙིང་པོ་མཆོག་ནི། ༢༠༡༢ལོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་དཔོན། རྒྱ་བོད་ལོ་པཎ་གཤེན་ལྔའི་ཡ་གྱལ། ཀླུ་ཕུག་དགོན་གྱི་བླ་མ་དང་བཤད་སྒྲུབ་སློབ་གླིང་གི་མཁན་པོ། ཀོང་པོ་སྲིད་རྒྱལ་དགོན་ཆེན་གྱི་དབུ་བླ། ཀོང་པོ་གཏེར་ལུང་དགོན་པའི་ཁྲི་འཛིན་མཁན་པོ། མདའ་རྒྱང་རི་ཁྲོད་ཀྱི་བླ་རབས་གསུམ་པ་དང་བཤད་སྒྲུབ་ཀྱི་མཁན་པོ། ནག་ཆུ་གྱེར་བསྟན་གླིང་གི་ཁྲི་འཛིན་བླ་མ་དང་བཀའ་འགྱུར་དཔེ་སྒྲིག་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཨུ་ཡོན་དང་། ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། ནག་ཆུ་ས་གནས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། སྦྲ་ཆེན་རྫོང་མི་དམངས་མཐུན་ཚོགས་ཀྱི་འཐུན་མི་བཅས་ཀྱི་འགན་བཞེས་མུར་བཞུགས།

འབྲེལ་བ་གནང་ཡུལ་གྱེར་བསྟན་གླིང་རྒྱལ་བའི་བཀའ་འགྱུར་དཔེ་རྙིང་ཕྱོགས་སྒྲིག་ཁང་།
གཙོ་འཛིན་པ་བླ་མ་ཀུན་གསལ་སྙིང་པོ།
13322568888
གཡུང་དྲུང་རབ་གསལ།
18289012222
རྫོགས་ཆེན་མཚོ།
13638940567 བཅས་ཡིན། ། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།