སྨོན་རྒྱལ་ལྷ་སྲས་ཀྱི་མཛད་རྣམ་དང་འབྲེལ་ཏེ་གདུང་འབུལ་ཞུས་ཚུལ་གྱི་གནས་འཕྲིན།

[ཟླ་ཚེས། 2015-01-14 17:03:59][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་དང་ཨ་ཁོད་ཚེ་དབང་དངོས་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་གསང་ཆེན་གྲུབ་བརྙེས་ཀུན་གྲོལ་གཏེར་སྲས་སྨོན་རྒྱལ་ལྷ་སྲས་མི་ཕམ་རྣམ་རྒྱལ་ཚོགས་གཉིས་རྒྱ་མཚོ་
དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་གང་ཉིད་ཀྱི་གཡུང་དྲུང་བོན་གྱི་བསྟན་འགྲོའི་དོན་ཆེན་གངས་ལྗོངས་དང་ཐེ་ལན་ཀྲི་རྒྱ་གར་སོགས་
འཛམ་གླིང་གང་སར་མཛད་པ་བསྐྱངས་ཚུལ་དང་འདི་ལོ་བོད་ཤིང་རྟ་ལོ་དམ་པ་གང་ཉིད་ཞིང་ཁམས་གཞན་དུ་ཕེབས་རྗེས་སུ་
གདུང་འདེབས་མཆོད་འབུལ་ཞུས་ཚུལ་གྱི་གནས་འཕྲིན་མདོར་བསྡུས།
QQ图片20150114170120.jpg

རྣམ་རྟོག་འདུ་འཛིའི་གླིང་ག་ནས།།
གསང་ཆེན་ཐབས་དྲུག་ཉམ་མི་ང་།།
ཟག་བཅས་སྦུག་ཤུན་ལས་འཕུར་བས།།
ཟག་བྲལ་བཀོད་པ་ཀློང་དུ་རྫོགས།།

བླ་ཆེན་དྲན་པའི་དཔའ་བོའི་ཟུར་སྡོང་ཀུན་གྲོལ་གཏེར་ཆེན་ལྷ་ཡི་སྲས།།
མི་ཤེས་རྨོངས་པའི་བློ་མུན་སྒྲོམ་ཡང་གསང་ཆེན་སྔགས་ཀྱི་སྒྱུ་ལུས་བཞེངས།།
སྒྲ་འོད་ཟེར་གསུམ་རིག་པའི་རྩལ་ལས་བོན་ལོངས་སྤྲུལ་སྐུའི་གཟུགས་སྐུ་རོལ།།
རྒྱལ་བསྟན་བོན་གྱི་གསང་ཆེན་མྱུར་བསྒྲོད་གཡུང་དྲུང་དཔོན་གསས་དམ་པ་མཁྱེན།།

   ཡབ་མཆོག་དྲན་པའི་རྣམ་རོལ་༧ཧཱུྃཿཆེན་བླ་མ་དང་ཡུམ་མཆོག་ཟླ་འོད་རྣམ་སྤྲུལ་བདེ་ཆེན་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་༡༦པའི་འབྲུ་མང་པོ་ཞེས་པ་ས་སྟག་ལོའི་ཟླ་༡བོའི་ཚེས་༣གྱི་ཉི་ཤར་དུས་མཉམ་མདོ་ཁམས་རྔུལ་རྫ་ཟབ་མོ་སྒང་གི་ཉེ་འགྲམ་ཨ་ཁོད་སྨོན་རྒྱལ་བླ་བྲང་བསམ་འགྲུབ་ཕོ་བྲང་གཡུང་དྲུང་ནམ་མཁའ་རྫོང་དུ་སྐུ་བལྟམས། དེ་ནས་དགུང་ལོ་བདུན་ཏེ་སྤྱི་ལོ་༡༩༤༤ནས་ལོ་བཅོ་ལྔའི་རིང་ཀློག་གི་སློབ་དཔོན་མཐུ་སྟོབས་རྣམ་རྒྱལ་སོགས་དང་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་དྲུང་ནས་སྔོན་དངོས་སོགས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་རྒྱུན་གང་མང་དང་ཚུལ་ཁྲིམས་དབང་རྒྱལ་གྱི་དྲུང་ནས་བཀའ་འགྱུར་ལྗགས་ལུང་དང་ཀུན་གྲོལ་རིམ་བྱོན་གྱི་བཀའ་གཏེར་ཅི་རིགས་གཙོས་སྐྱེས་ཆེན་མང་པོའི་བཀའ་འབུམ་དབང་ལུང་ཁྲིད་བཅས་ཞུས། གཞན་ཡང་བླ་ཁྲི་རྒྱལ་བ་གཡུང་དྲུང་། སྟག་ཞིག་སེང་གེ་ཉི་མ། དབྲ་སྤྲུལ་དྲི་མེད་འོད་ཟེར། ཁྲོ་དབོན་ཡིད་རྒྱལ། ལྕང་སྤྲུལ་དམ་པ། ཞེ་ཆེན་ཀོང་སྤྲུལ། ཞེ་ཆེན་རབ་འབྱམས། མཁན་གང་ཤར་བློ་གྲོས་རབ་གསལ། བོད་སྤྲུལ་སོགས་བོན་བན་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་དྲུང་ནས་བཀའ་ལུང་དབང་སོགས་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་སྟེ་ཞུས། ཁྱད་པར་དུ་བཀའ་དྲིན་སུམ་ལྡན་ཧཱུྃཿཆེན་བླ་མའི་དྲུང་ནས་མཁའ་འགྲོ་དགོངས་འདུས་ཀྱི་སྒོ་ནས་གསང་སྔགས་དབང་བཞི་ཞུས་ཤིང་གསང་སྔགས་ཀྱི་མངའ་གསོལ་གཟེངས་བསྟོད་མཚན་ལ་ཚོགས་གཉིས་རྒྱ་མཚོ་གསོལ་བས་མ་རིག་སྒོང་རྒྱ་རལ་ནས་འཁོར་འདས་ཐམས་ཅད་ས་ལེར་མཁྱེན་པ་བྱུང་། གཏེར་ཆེན་མཆོག་གི་བཀའ་གཏེར་ལས་བྱུང་བའི་རབ་འབྱམས་བོན་གྱི་གཏེར་མཛོད་ཀྱི་དབང་ལུང་དང་བཀའ་གཏད་རྗེས་གནང་མཛད་ཅིང་ཡི་དམ་སྒོ་རུ་བཅུག་པ་དང་ཆེ་མཆོག་གསང་བདག་ཁྲོས་པའི་རྒྱུད་ལས་ཟབ་ཅིང་སྦས་པའི་གདམ་དགུ་ཡང་གནང་ཞིང་ལྷ་སྲས་མ་྄ཧཱ་ཧཱུྃཿཀ་མཚན་དུ་གསོལ་བས་སྟོང་ཉིད་གདེང་ལྡན་གྱི་རྣལ་འབྱོར་ཆེན་པོར་གྱུར། དེ་ནས་དགུང་ལོ་ཉེར་གཉིས་ཏེ་ས་ཕག་སྤྱི་ལོ་༡༩༥༩་ལོའི་ཟླ་༧ནས་༡༩༧༨བར་མི་ལོ་༢༠ཙམ་ལ་མི་ཉག་ར་རྔའི་བཙོན་ཁང་དུ་དུས་དབང་གིས་བཞུགས་དགོས་བྱུང་ན་ཡང་། དེའི་སྐབས་དམ་པ་ཁོང་གིས་བདེ་སྡུག་གཏོང་ལེན་ངོས་ཉམས་ལེན་རྒྱུན་སྐྱོང་དང་བསྙུང་གནས་ཆ་༨༠ཙམ་བཞུགས་པ་དང་། ཕྲེང་ཚབ་མདུད་པས་བྱས་ཏེ་སྙིང་པོ་གྲངས་མང་ཐོན་པ་ཞལ་ལས་ཐོས་མྱོང་ཡང་གྲངས་ངེས་པར་མ་ཤེས་པས་འབྲི་བའི་སྤོབས་པ་མ་ལྡན། གཟའ་ཉི་མའི་ངལ་གསོའི་སྐབས་ཤིག་ཏུ་བཙོན་ཁང་རྒྱ་རའི་འགྲམ་དུ་སྡོད་སྐབས་བྱ་རོག་ཅིག་གིས་སྒྲ་དང་བཅས་ལྤགས་ཐུམ་ཁ་མེད་གཅིག་ཁྱེར་ནས་པང་སྟེང་དུ་བཞག་པས་ཁ་ཕྱེས་ཏེ་གཟིགས་སྐབས་སྨན་མཆོག་དྲི་ལྡན་གྱི་དཀྱིལ་དུ་གུ་རུ་བདེ་བ་ཆེན་པོའི་སྐུ་ཞིག་འདུག་གསུངས། བཙོན་རོགས་མི་ཉུང་བ་ཞིག་ལ་སྨན་དེ་བཀྱེས་ཏེ་སིདྡྷི་འབུམ་རེ་འདོན་དུ་བཅོལ་བས་ཁ་ལ་རག་ཚད་མུ་གེའི་བསྐལ་བ་ལས་ཐར་སོང་། རྗེས་སུ་བཙོན་ཁང་ཕྱི་རོལ་ངལ་ལས་ཞོར་རྡོ་ལ་སྙིང་པོ་གྲངས་མང་བརྐོས་པ་དང་བཙོན་རོགས་རྣམས་ལ་དགེ་བསྐུལ་རྒྱ་ཆེར་ཐེབས་ཡོད་ཅེས་གསུངས། བཙོན་ལས་གྲོལ་རྗེས་ཉག་རྫོང་དུ་ཌཱཀི་མཁའ་སྤྱོད་དབང་མོས་གདན་འདྲེན་ཞུས་པ་དང་རྫོང་ཆབ་གྲོས་ཀྲུའུ་ཞི་གཞོན་པ་སོགས་ལས་ཁུངས་འགའི་འགན་བཞེས་པ་མ་ཟད། ཉག་དགོན་ཁག་དྲུག་ཅུའི་ཆོས་སྒོ་ཕྱེས། ༡༩༧༩སྟེ་དགུང་ལོ་༤༢ཐོག་རང་དགོན་སྨོན་རྒྱལ་ཞིང་དུ་ཆིབས་བསྒྱུར་ཐོག་མར་གནང་བས་ཡབ་ཀྱི་མགུར་ཕུར་སོགས་རྟེན་མཆོག་ཁ་ཤས་ཕྱག་ཏུ་འབྱོར། ༡༩༨༣ལོར་ཨ་ཁོད་ཡུལ་དགོན་ནས་བུ་རབས་རེ་འགའི་ཚེ་སྲོག་དང་བརྗེ་ལེན་བྱས་ནས་རིག་གསར་སྐབས་གནའ་རྫས་རྙིང་པའི་སྐོར་གྲངས་མང་ཉར་ཚགས་ཐུབ་པ་རྣམས་བསྡུ་རུབ་མཛད་དེ་མིང་ཐོར་བརྒྱབ་ནས་བདག་གཉེར་སོགས་བཀོད་འདོམས་གནང་། ༡༩༨༤ལོར་ཧཱུྃཿཆེན་སྤྲུལ་པའི་ལྷ་ཁང་ཀ་གདུང་ཡོ་བསྲང་ཆེད་དུ་སྨོན་དགོན་དུ་བཞུགས་ཡོད་པའི་ཉིན་ཞིག་ཐོ་རངས་ཡར་བཞེངས་སྐབས་ཨོ་རྒྱན་རིན་པོ་ཆེས་བཀྲ་ལམ་མེར་ཞལ་བསྟན་པས་བདེ་སྟོང་ཟག་མེད་ཀྱི་ཉམས་ཁྱད་པར་ཅན་ཞིག་འཆར།༡༩༨༥ལོའི་ཟླ་༨པའི་ནང་སྨོན་དགོན་གཙུག་ལག་ཁང་དུ་ལྷ་ཆེན་༣དང་བླ་སྐུ་༣མཆོད་རྟེན་༢གཙོས་སངས་རྒྱས་སྟོང་སྐུ་སོགས་སྨན་འདམ་ལས་གྲུབ་པ་གཟུངས་ལྡན་བྱིན་ཅན་བཞེངས་སུ་གྲུབ། དེ་ནས་དགུང་ལོ་༥༠ཐོག་ཀོང་ཡུལ་དང་དབུས་གཙང་སོགས་གནས་མཇལ་ཕེབས་པས་དངོས་གྲུབ་ཀྱི་སྐལ་བ་འགའ་ཤས་ཀྱང་ཐོབ། དེ་ནས་འཕགས་ཡུལ་དུ་ཕེབས་ཏེ་རིས་མེད་ཀྱི་བླ་ཆེན་ཁག་དང་མཇལ་འཕྲད་མཛད་ཅིང་དངོས་འབྱོར་གྱི་ཚོགས་བསགས་རྒྱ་ཆེར་མཛད། ལྷག་པར་དུ་རྒྱལ་བ་༧སྨན་རི་བའི་ཁྲི་འཛིན་༣༣སྟེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་བཀའ་འགྱུར་དཔར་སྐྲུན་གྱི་ཐད་ནས་གྲོས་མཆིད་གནང་བའི་སྐབས་སུའང་ཁོང་ལ་ཐུགས་ཉིད་དགྱེས་པའི་ངང་ནས་བསྟོད་བསྔགས་ཡང་ཡང་གནང་ཞིང་ཐུགས་ཀྱིས་གཙིས་སུ་བཟུང་། རྒྱ་གར་རྡེ་ར་དྷུན་བཞུགས་སྐབས་བོད་ཟླ་༢པའི་ཚེས༢༥ཉིན་མཁའ་སྤྱོད་དབང་མོ་ཞིང་དུ་ཕེབས་སོང་བ་ཐོས་འཕྲལ་བཟོད་མེད་ཀྱི་སེམས་ཕམ་ཆེན་པོ་བྱུང་གསུངས། ཉིན་གསུམ་རིང་འདས་མཆོད་ཞུས་ཏེ་མཁའ་ལམ་ནས་ཉག་ཡུལ་དུ་ཞབས་སོར་འཁོད། ཁྱད་པར་དུ་དམ་པ་ཁོང་གིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མེ་རོ་བསླང་རྒྱུའི་ཐུགས་འདུན་དང་སྐལ་བ་ལྡན་པས་སྤྱི་ལོ༡༩༨༣ནས་དབུ་བརྩམས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དཔར་སྐྲུན་ཐད་རྫོང་རིམ་པ་ནས་ཞིང་ཆེན་བར་ཆོག་མཆན་ཞུས་ནས་འོ་བརྒྱལ་ཆེན་པོ་མཛད་ཀྱང་རྐྱེན་འདྲ་མིན་གྱིས་ལེགས་གྲུབ་མ་བྱུང་རུང་། སླར་༡༩༩༢ནས༡༩༩༨བར་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་སྨོན་སྲས་ནམ་མཁའ་དབང་ལྡན་དང་སྨོན་རྒྱལ་དགོན་དང་དབལ་ཁྱུང་དགོན་སོགས་ཀྱི་བླ་གྲྭ་དུ་མས་ཞུས་དོན་རྒྱ་ཆེན་འོག་རྒྱལ་བའི་བཀའ་འགྱུར་སྔོན་གྱི་མ་ཕྱི་གཅིག་པུར་བཞུགས་པ་ནང་བཞིན་བྱིན་སྤུས་ལྡན་པ་ཚར༡༠༥༠དཔར་ཐེངས་དང་པོ་ལེགས་གྲུབ་བྱུང་བ་མ་ཟད་འཛམ་གླིང་ཞིང་ཀུན་གཡུང་དྲུང་བོན་གྱི་བསྟན་པའི་སོན་རྩར་དམིགས་ཏེ་ཁྱབ་པར་མཛད་པས་ཐུགས་བློ་བདེ་བ་བྱུང་ཡོད་པ་རེད། སྤྱི་ལོ་༢༠༠༡སྟེ་དགུང་ལོ་རེ་བཞིའི་ཐོག་ཟླ་༣པའི་ཚེས་༡༥ཉིན་རྒྱལ་དབང་ཀུན་གྲོལ་རིན་པོ་ཆེའི་གདན་ས་རྫ་སྨོན་རྒྱལ་དགོན་དུ་རྒྱལ་བའི་བཀའ་འགྱུར་ལྗགས་ལུང་སྤེལ་བའི་དབུ་བརྩམས་ཏེ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་སློབ་མ་ཆེན་མོ་ཞྭ་དཀར་༡༣གྱི་ཡ་གྱལ་ཚེ་དབང་གཡུང་དྲུང་མཆོག་ལ་གསུང་དུ་བཅོལ་ནས་ཁོང་ལ་ལུང་མེད་པའི་རིགས་དང་གཤེན་གཏེར་འབུམ་དུམ་དྲུག་བཅས་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་གྱིས་དགོན་ཁག་ཉེར་གཉིས་ཙམ་གྱི་བླ་སྤྲུལ་དགེ་བཤེས་གྲྭ་ཚང་ཉིས་བརྒྱ་ལྷག་ལ་ཧཱུྃཿཆེན་བླ་མའི་ཟབ་གཏེར་དང་སྙན་བརྒྱུད་ལས་པོད་བརྒྱད་ཙམ་སོགས་དབང་ལུང་སྤེལ་བ་དང་དུས་རབས་ཉེར་གཅིག་ནང་བཀའ་འགྱུར་དཔར་སྐྲུན་ལན་གཉིས་བཅས་བསྟན་པའི་རྗེས་བཞག་ཕྱག་རྗེས་གནང་བ་དམ་པ་ཁོང་ཉིད་ཐོག་མའོ། །ཧཱུྃཿཆེན་པའི་ལུང་ལས། རྨ་སྟོད་ཀྱི་ས་ཆར་བུད་མེད་གཉིས་ཀྱི་བཞད་བྲོ་ལ།། དཀར་ཕྱོགས་དགའ་བའི་རྒྱལ་མཚན།། འཛམ་གླིང་རྒྱན་ལ་ཚུགས་བྱུང་།། སོགས་མང་ཡང་ཡིག་ཚོགས་འཇིགས་ཕྱིར་མ་བྲིས། བྱ་བཏང་ཚེ་དབང་འགྱུར་མེད་ཞལ་ལུང་ལས། ཚེ་དབང་བྱིན་རླབས་སྟོང་རྒྱུང་སྤྲུལ་པ་དངོས།། སྙིགས་དུས་བསྐལ་ཁུགས་གསོ་བའི་དཔའ་བོ་ཆེ་སོགས་ལུང་དུ་མས་བསྔགས་པའི་སྐྱེས་བུ་འགྲན་ཟླ་དང་བྲལ་བའོ། །སྤྱི་ལོ༡༩༩༥ལོར་ཧོར་སྤྱི་ཁྱབ་རྒྱལ་སྲས་གཡུང་དྲུང་རྒྱལ་བ་གཙོས་ཀླུ་ཕུག་ཡུལ་དགོན་ནས་གདན་འདྲེན་བཞིན་རྒྱ་ནག་ནས་མཁའ་ལམ་བརྒྱུད་དེ་སྦྲ་ཆེན་དམར་རུར་སྟོན་འཁོར་མང་བཅས་ཆིབས་བསྒྱུར་གནང་ནས་རབ་འབྱམས་བོན་གྱི་གཏེར་མཛོད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྒྲུབ་པའི་རྟགས་ཐོན་ངོས་ནས་ས་གནད་ཁག་གཉིས་ལ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རེ་བརྒྱབ་པས་ས་ཕྱོགས་སུ་བྱིན་ཆེ་ཡུལ་ཕྱོགས་སུ་བཀྲ་ཤིས་པའི་དགེ་རྟགས་མང་དུ་ཤར་རོ། །དེ་ལྟར་གྲུབ་རྗེས་ལྷ་ལྡན་དུ་སྟོན་འཁོར་བཅས་ཕེབས་ནས་ཇོ་བོར་གསེར་ཞལ་དང་ཚོགས་འཁོར་ཉིན་ཤས་ཕུལ་བ་མ་ཟད་ཚོགས་བསགས་མཆོད་འབུལ་རྒྱ་ཆེན་མཛད། དེའི་སྐབས་ཟླ་༨་པའི་ཚེས་༡༣ཉིན་མ་གཅིག་དཔལ་ལྡན་ལྷ་མོས་ཞལ་མངོན་སུམ་བསྟན་པས་ལྷ་མོའི་ཞལ་གཟིགས་<ཨཿརང་བྱུང་>ཞེས་པ་ལྡེབ་གཅིག་དགོངས་གཏེར་ཕབ་ནས་འཕྲིན་གསོལ་མཛད་པ་དང་གཡུང་དྲུང་བོན་བསྟན་རྒྱས་པའི་རྟགས་མཚན་ཡང་མང་དུ་བྱུང་གསུངས། དེ་ནས་དགུང་ལོ་༦༥ཆུ་རྟའི་ཟླ༡༠བའི་ཚེས་༡༤ལ་ཀོང་ཡུལ་བོན་རིར་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་སྐྱིན་འཆི་མེད་གཙུག་ཕུད་ཀྱི་སྐུ་མཐོང་བ་རང་གྲོལ་ཞེས་པ་བསྟན་འགྲོའི་དོན་དུ་བཞེངས་སུ་གསོལ་བར་རྟེན་བཞུགས་མཛད་ནས་སྲིད་རྒྱལ་དགོན་དུ་ཞག་ཤས་བཅད་རྒྱར་བཞུགས། གཏེར་བདག་གི་ལུང་བཞིན་ཁྲོ་བོ་རྣམ་འཇོམས་ཀྱི་སྐུ་ཞིག་དངོས་གྲུབ་ཀྱི་སྐལ་བ་ཐོབ། གཏེར་བདག་གི་ལུང་བྱང་ཡོད་ཀྱང་འདིར་མ་བཀོད། དེ་ནས་རྒྱལ་དབང་ཀུན་གྲོལ་བཀའ་གཏེར་ཆེན་མོ་བསྡུ་བསྒྲིག་དང་དཔར་སྐྲུན་༢༠༡༠ལོར་མཐར་ཕྱིན་གྲུབ་པར་མཛད་ནས་རྒྱ་ནག་ཁྲིན་ཏུའུ་ནུབ་རྒྱུད་ལེ་དབར་བརྒྱད་ཅུའི་མཚམས་ནན་ཇིང་ཞེས་པའི་རིའི་རྐེད་པར་སྨོན་རྒྱལ་གཡུང་དྲུང་ལྷ་རྩེ་ཞེས་པའི་དབེན་དགོན་ཞིག་གསར་དུ་བསྐྲུན། དགོན་འདི་བཏབ་ལོ་ཏན་ཏན་མ་ཤེས་པས་རྗེས་སུ་བཀོད་པ་ཞུ། 

QQ图片20150114170057.jpg

   མདོར་ན་རྣམ་མཁྱེན་ཀུན་གྲོལ་གྲགས་པ་ནས། །ཡང་སྲིད་དྲུག་པ་ཧཱུྃཿཆེན་བླ་མ་དང་།། གཏེར་སྲས་དམ་པ་ཚོགས་གཉིས་རྒྱ་མཚོ་ཡན།། རིག་འཛིན་རྣམ་སྤྲུལ་སྐྱེས་མཆོག་རིམ་བྱོན་བཅས།། མཛད་པ་འཕྲིན་ལས་རྣམ་ཐར་བརྗོད་ལས་འདས།། བསིལ་ལྗོངས་སྟོད་སྨད་བར་དང་རྒྱ་ནག་ཡན།། སྒྲུབ་བརྒྱུད་འཛིན་པའི་དབེན་དགོན་དུ་མ་བཏབ།། གསེར་འཕྲུ་ཅན་གྱི་ལྷ་ཁང་མང་པོ་བསྐྲུན།། བྱིན་ལྡན་སྐུ་གསུང་ཐུགས་རྟེན་ཇི་སྙེད་བཞེངས།། ཟབ་མོའི་གཏེར་ཁ་མང་པོའི་ཞལ་ཡང་ཕྱེས།། བསྟན་འགྲོའི་དོན་ནུས་སློབ་ཚོགས་གྲངས་འདས་སྤེལ།། དབང་ལུང་མན་ངག་གདམས་པའི་ཆར་ཆེན་ཕབ།། འབྲེལ་ཐོབ་སེམས་ཅན་ཐར་བའི་ལམ་ལ་བཀོད།། ལེགས་བཤད་ལ་སོགས་སྲོལ་བཟང་འབྱེད་པ་མང་།། ལྷ་འདྲེ་དམ་བཞག་སྡེ་བརྒྱད་བྲན་དུ་བཀོལ།། འགྲོ་ཀུན་སྨིན་གྲོལ་ལམ་ལ་བཀོད་པར་མཛད།། བསྟན་དང་འགྲོ་དོན་བསམ་མཐའ་ཡས་པའོ།།

423.jpg

   དེ་ལྟར་བསྟན་འགྲོའི་དོན་ཟིན་ནས་རབ་བྱུང་༡༧བའི་རྒྱལ་བ་ཞེས་པ་ཤིང་ཕོ་རྟ་སྟེ་སྤྱི་ལོ་༢༠༡༤ཟླ་༩པའི་ཚེས་༡༣ཆད་པས་ཚེས་༡༦གཟའ་པ་སངས་ཉིན་རྒྱ་ནག་སྨོན་དགོན་གཡུང་དྲུང་ལྷ་རྩེར་དགོངས་པ་བོན་ཉིད་དབྱིངས་སུ་བསྡུས་སོ། །དེ་ནས་མདོ་སྨད་དཀར་མཛེས་ཡུལ་གྲུ་དཔལ་ལྡན་སྨོན་རྒྱལ་དར་རྒྱས་གླིང་གི་སྐྱབས་རྗེ་དམ་པ་གང་དེ་ཉིད་ཀྱི་གདུང་འདེབས་མཆོད་སྤྲིན་གྱི་དོད་དུ་ཞེ་དགུ་རིང་དུ་ཞི་ཁྲོ་དམ་པ་རིགས་བརྒྱའི་འདོན་ཚོ་དང་མདོ་གཡུང་དྲུང་ཀློང་རྒྱས་འདོན་ཚོ་དང་དྲན་པ་ཡབ་སྲས་དང་གསང་བ་ཡེ་ཤེས་བཅས་ཀྱི་ཚོགས་འཁོར་རྒྱས་འབུལ་བཅས་ཁྱུང་པོ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་སྟོན་འཁོར་དང་དཀར་མཛེས་སྨོན་རྒྱལ་དར་རྒྱས་གླིང་གི་རྒྱལ་སྲས་སྤྲུལ་སྐུ་དབུས་པས་འདུས་གྲྭ་སྟོན་འཁོར་ཉག་རོང་དབལ་ཁྱུང་དགོན་གྱི་བླ་མ་གཡུང་དྲུང་གཙོས་པའི་སྟོན་འཁོར་ལྷན་རྒྱས་བཅས་ཀྱི་ཞེ་དགུ་རིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་ཁེངས་པའི་མཆོད་སྤྲིན་རྒྱས་འབུལ་ཞུས། ལྷག་པར་དུ་སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་ཐུགས་སྨོན་བཀའ་དྲིན་ཆེ་བཞེས་བསྐྱངས་ནས་རྒྱལ་གར་སྨན་རི་དགོན་འདུས་སྤྱི་ནས་རྗེས་དྲན་མྱ་ངན་ཞུས། སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནས་ཆེད་དུ་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུས་སྤྱི་ནས་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་གསོལ་སྨོན་སྐྱབས་འཇུག་གནང་།།

QQ图片20150114170124.jpg

   སྤྱི་ལོ་༢༠༡༥བོད་ཟླ་༡༡པའི་ཚེས་པ་བཅུ་བདུན་ཉིན་རྒྱ་ནག་སྨོན་རྒྱལ་གཡུང་དྲུང་ལྷ་རྩེ་རུ་སྐུ་གདུང་ཞུགས་ལ་འབུལ་བའི་མཆོད་སྤྲིན་སྤེལ་བ་སྟེ་པེ་ཅིན་ཆུ་ཚོད་དྲུག་ཐོག་ནས་སྤྱན་འདྲེན་དུང་གླིང་རོལ་མོའི་སྐུ་གདུང་གདུང་ཁང་ནང་དུ་གདན་འདྲེན་ཞུས་ནས་ཆུ་ཚོད་བདུན་པ་ཡན་མན་ཙམ་དུ་ཞུགས་ལ་ཕུལ་བ་སྟེ་རྒྱལ་བ་སངས་རྒྱས་གོང་མའི་བཀའ་རྟགས་དང་ཞིང་བཤེགས་རིག་འཛིན་དམ་པའི་དགོངས་ཀློང་ཐུགས་རྩལ་གྱིས་རྟགས་དང་མཚན་མ་རྟེན་འབྲེལ་ཉག་ཐག་ལམ་ལམ་དུ་འཕྲོས་པ་ཀུན་གྱི་དད་པའི་གསོས་སུ་སྨིན།

 QQ图片20150114165857.jpgQQ图片20150114165934.jpg
QQ图片20150114165835.jpgQQ图片20150114165814.jpg

   ཕྱོགས་མཐའ་ཁག་ནས་གདན་ཞུ་མ་བྱས་ཀྱང་དེ་སྔོན་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ཚང་དང་རྟོགས་ལྡན་དགོན་གྱི་ཚུལ་ཆེན་རིན་པོ་ཆེ། ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་སོགས་མདོ་སྨད་ཀྱི་བླ་སྤྲུལ་དུ་མ་ཆེད་དུ་གདན་ས་དེར་མཆོད་སྤྲིན་ཕུལ་བ་ཆེད་དུ་ཕེབས།

QQ图片20150114165908.jpg
QQ图片20150114165758.jpg

   སྐུ་གདུང་ཞུགས་འབུལ་སྐབས། སྔོན་སྨོན་གྱི་དམ་ཚིག་འབྲེལ་བའི་སྐུ་སྲས་གསང་གླིང་འཆི་མེད་རིག་འཛིན། ཤེལ་ཞིག་སྔགས་འཆང་ཀུན་བཟང་བསྟན་འཛིན་རིན་པོ་ཆེ་དང་རྟོགས་ལྡན་དགོན་གྱི་ཚུལ་ཆེན་རིན་པོ་ཆེ། ཁྱུང་པོ་སྨོན་རྒྱལ་བླ་བྲང་གི་རང་གྲོལ་ཉི་མ་རྒྱལ་མཚན། ཁྱུང་པོ་སྒར་ཁང་དགོན་གྱི་དབྲ་ཁྱུང་གཡུང་དྲུང་མགོན་པོ། སྨོན་རྒྱལ་རྒྱལ་སྲས་སྤྲུལ་སྐུ། བྲག་མགོ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་གི་ཁྲི་འཛིན་སྤྲུལ་འཆི་མེད་གཡུང་དྲུང་། དབལ་ཁྱུང་དགོན་གྱི་བླ་མ་གཡུང་དྲུང་དོན་གྲུབ། རྫ་སྟེང་ཆེན་དགོན་གྱི་དབྲ་སྲས་བསྟན་འཛིན། རྒྱལ་རོང་གཡུང་དྲུང་ལྷ་སྟེང་གི་དབུ་བླ་པད་མ་རིན་ཆེན་གོ་ལམ་གཡུང་དྲུང་གླིང་གི་ཨ་ཁོད་ཚེ་དབང་དངོས་གྲུབ་ལྕང་ལུང་དགོན་གྱི་གཡུང་དྲུང་བསྟན་པ་བཅས་བླ་སྤྲུལ་ཁག་དང་ཐེ་ལན་ཀྲི་ནས་ཕེབས་པའི་ཀུན་གྲོལ་གླིང་གི་རྨེའུ་ཡོན་ཏན་མཐོང་གྲོལ་སོགས་

QQ图片20150114165848.jpg

   དཀར་མཛེས་དང་ཉག་རོང་དང་སྦྲ་ཆེན་རྒྱ་རོང་ལྷ་ས་སོགས་ནས་དད་ལྡན་མི་དམངས་གདུང་མཇལ་འཁོར་སློབ་བརྒྱ་ཕྲག་དུ་མ་ཕེབས་ནས་གདུང་མཇལ་ཞུས་ཏེ་མི་ཕྱེད་དད་པའི་ཐལ་མོ་སྙིང་ཁར་བཟླུམ་ཏེ་མཇུག་ཏུ་སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གི་མཐར་ཕྱུང་སྟེ་མི་རིང་མགྱོགས་མྱུར་རྒྱལ་བསྟན་སྤྱི་དང་ཡང་སྒོས་གཤེན་བསྟན་འགྲོ་བའི་སླད་དུ་ཡང་སྲིད་ཉི་མ་གཞོན་ནུ་མཁའ་ལ་འཛུམ་པའི་སྨོན་ལམ་ལན་བརྒྱར་འདེབས་པ་བཅས་སོ།།

QQ图片20150114165842.jpg

རིག་འཛིན་མཁའ་སྤྱོད་ཚོགས་གྲལ་ནས།།
སྙིང་རྗེ་ཆེན་པོའི་སྐུ་བཞེངས་ཏེ།།
འཛམ་གླིང་བོན་བསྟན་སྤེལ་བ་དང་།།
རིས་མེད་རྒྱལ་བསྟན་སྐྱོང་སླད་དུ།།
གསང་ཆེན་མངོན་གྱུར་དཔོན་གསས་མཁྱེན།།
རེ་ཞིག་གདུལ་བྱའི་མོས་སྣང་ངོར།།
ལན་ཅིག་བཀོད་པ་བསྡུས་ནའང་།།
རིས་མེད་རྒྱལ་བསྟན་སྤེལ་བ་དང་།།
གཤེན་བསྟན་བོན་གྱི་གཙུག་རྒྱན་དུ།།
སླར་ཡང་སྲིད་པའི་ཉི་མ་གཞོན།།
གངས་ལྗོངས་ཞིང་དུ་རྟག་འཆར་ཤོག

QQ图片20150114165747.jpg 
QQ图片20150114165715.jpg

  གནས་འཕྲིན་བསྡུས་བཀོད་མདོར་བསྡུས་ཙམ་དུ་དམ་པ་དེའི་གོང་གི་སྐྱབས་འོག་པ་ཕྲན་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་དང་གོ་ལམ་གཡུང་དྲུང་གླིང་གི་ཨ་ཁོད་ཚེ་དབང་དངོས་གྲུབ་ཟུང་ནས་སྨོན་རྒྱལ་གཡུང་དྲུང་ལྷ་རྩེར་མགྱོགས་བྲིས་སུ་བགྱིས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།