གནས་ཚུལ་དཔྱིད་ཀྱི་མགྲིན་བརྡ།

[ཟླ་ཚེས། 2015-01-02 11:56:35][རྩོམ་པ་པོ། རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

6.jpg

   ཕྱོགས་གང་སར་བཞུགས་པའི་སྤུན་ཟླ་ཡོངས་ཀྱི་སྙན་དབང་དུ་གསལ་བཤད་འབུལ་རྒྱུ་ཞིག་ལ།

    ད་ལམ་སྤྱི་ཚོགས་བཟང་པོའི་དུས་སྐབས་དང་བསྟུན་ཞང་བོད་ཀྱི་རིགས་གཞུང་དང་། བོད་རང་གི་མི་རིགས་ལག་རྩལ་མི་ཉམས་ཡུན་གནས་སོགས་ཀྱི་ཆེད་དུ། ཞང་ཞུང་རིགས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་བ་གཤེན་གྱི་བཀའ་རིན་པོ་ཆེ་དེ་ཉིད་བོད་ཤོག་སྤུས་ཚད་ལེགས་ལ་ཆེས་གནའ་ཉམས་ལྡན་པའི་ཐོག །གསེར་དངུལ་དང་གཡུ་བྱུ་རུ་བཅས་ཀྱི་འབྲི་རྒྱུ་བྱས། དེ་ཡང་སྲོལ་རྒྱུན་ཡུན་རིང་ལྡན་པའི་ཁྱུང་ཕོའི་ལག་བྲིས་གྲགས་ཆེ་ཤོས་མ་ནུ། ཁྲ་རིས། སྟ་བྲིས་བཅས་ཀྱི་འབྲུ་ཚུགས་ལྡན་པ།། འབྲུ་དང་། ཡིག་དཀར་གཉིས་ཀྱིས་འབྲི་གྲབས་ཡོད། ཤོག་བུའི་མཐོ་ཚད་སྐར་༣༥་དང་རིང་ཚད་སྐར་༨༥བྱས་ཡོད། དུས་ཚོད་དེ་སྔོན་ཉིས་སྟོང་བཅུ་གཅིག་ལོ་ནས་ཤོག་བུ་གྲ་སྒྲིགས་བྱས་ཏེ་བཅུ་གཉིས་ལོ་ནས་མ་ནུའི་བྲིས་ཚུགས་ལྡན་པ་ཁྱུང་རྒྱུད་ཚེ་དབང་མཐར་ཕྱིན་ཕ་བུ་གཉིས་ཀྱིས་བྲིས་འགོ་བཙུགས་ནས་ད་བར་པོད་ལྔ་བཞེངས་གྲུབ་ཡོད། ཡིན་ན་ཁྱུང་ཕོའི་ལྡོང་རྫོང་བོན་གྱི་བཙུན་མའི་དགོན་པར་ཉམས་གསོའི་ལས་དཀས་རྐྱེན་ནས་དེ་ཙམ་འགྲུབ་མ་སོང་། ད་ནས་བཟུང་གྲ་སྒྲིག་བྱས་ཏེ་ལོ་རྗེས་མ་ཉིས་སྟོང་བཅོ་ལྔ་ལོའི་བོད་ཟླ་གཉིས་པ་ནས་ཡི་གེ་འབྲི་ས་ཁང་པ་སོགས་མཐུན་རྐྱེན་ལེགས་བསྒྲུབ་བྱ་སྟེ། བོད་ཟླ་དྲུག་པ་ནས་བྲིས་པ་གང་མང་བསྡུ་ནས་འབད་བརྩོན་ཆེན་པོས་ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་ཉིས་སྟོང་ཉི་ཤུ་རྩ་གསུམ་ལོ་ཚུན་ཆད་ལོ་དགུ་ཡི་ནང་བཞེངས་གྲུབ་བྱ་རྒྱུ་ཚོད་དཔག་ཡོད། མ་དཔེ་གཙོ་བོ་ཁྱུང་ཕོ་སྟེང་ཆེན་དགོན་པས་ལོ་མང་ཞུས་དག་གནང་བའི་བཀའ་འགྱུར་རིན་པོ་ཆེ་ལ་བྱས་ཡོད། ཡིན་ན་འདི་གའི་ཞང་ཞུང་སྒོ་པའི་ཞང་བོད་རིགས་གཞུང་ཉམས་གསོ་ཁང་ནས་ཀྱང་རྒྱལ་བའི་བཀའ་རིན་པོ་ཆེ་མ་དཔེ་གང་ཐུབ་ཞུས་དག་གནང་འཆར་ཡང་ཡོད། དེ་ཡང་རྒྱལ་བའི་བཀའ་རིན་པོ་ཆེ་ལ་པོད་གྲངས་ཉིས་བརྒྱ་དགུ་ཡོང་རྒྱུ་བྱས་ཏེ་པོད་རེར་རྒྱུ་ཆ་དང་བྲིས་གླ་ཚངས་མ་སྡོམ་རྩིས་བྱས་ན་ཀྲུང་སྒོར་ཁྲི་ལྔ་དང་དང་བཞི་སྟོང་འགྲོ་གི་འདུག ལས་དཀའ་འདི་ཉིད་ཞང་བོད་རིག་གཞུང་སྤྱི་ལ་དམིགས་པས་བཀའ་འདྲི་ཞུ་ཡུལ་གཙོ་བོ་བོན་གྱི་སྤྱི་མགོན་སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེས་གནང་གི་ཡོད་ལ། ལས་དཀའི་འགན་གཙོ་བོ་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་རྩེ་དྲུག་དགོན་གྱི་སློབ་དཔོན་བསྟན་པའམ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཡིན། འོན་ཀྱང་བྱ་བ་འདི་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པས་ཕྲན་རང་ལྟ་བུ་ལ་ཤེས་ཡོན་དང་འཇོན་ཐང་དཔལ་འབྱོར་སོགས་ཀྱི་ཆ་ཞན་པས་གང་སྤྱིའི་ཐད་ནས་དཀའ་ངལ་འཕྲད་ངེས་རེད། དེས་ན་རྒྱལ་ཕྱི་ནང་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པས་ཐུགས་ཁུར་དང་རྒྱབ་བསྐྱོར་ཡོད་པར་མཁྱེན།།

འབྲེལ་བ་གནང་ཡུལ་གྱི་ཞལ་པར་ཨང་གྲངས་༡༣༦༡༨༩༥༨༨༦༩ཡིན།

བྲིས་ཟིན་པ་འགའ་ཞིག་གི་རྣམ་པ་གཤམ་གསལ།
8.jpg
7.jpg
4.jpg
1.jpg
2.jpg
3.jpg
5.jpg
རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན།
0.jpg
བྲིས་པ་དབུ་མཛད་ཁྱུང་རྒྱུད་ཚེ་དབང་མཐར་ཕྱིན་ཡིན་པ་བཅས་༢༠༡༥ལོའི་སྤྱི་ཟླ་དང་པོའི་ཚེས་ལ་རྟེན་འབྲེལ་དུ་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།